འཛམ་གླིང་རྒྱལ་ཁབ་ཉི་ཤུ་ཡི་ཚོགས་ཆེན་བསྡུས།

ཨ་རྒྱ་གཉིས་ཀྱིས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་གནས་སྐབས་རིང་ཨ་རིས་རྒྱ་ནག་གི་ཚོང་ཟོག་ལ་རྒྱལ་ཁྲལ་སྤར་རྒྱུ་མཚམས་འཇོག་བྱས་ཡོད་པ་སོགས་གྲོས་མོལ་ལེགས་པོ་བྱུང་ཡོད་སྐོར་བསྒྲགས་འདུགཁ་སང་ཕྱི་ཚེས་ ༢༨ ཉིན་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀར་ནང་རྒྱལ་ཁབ་ ༢༠ ཡི་ཚོགས་ཆེན་དང་བསྟུན། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཕུ་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྣམ་གཉིས་ཀྱིས་སྣེ་འཁྲིད་པའི་སྐུ་ཚབ་བར་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། དེ་རིང་རྒྱ་ནག་གཞུང་གིས་ཕྱོགས་གཉིས་བར་གནས་སྐབས་ཚོང་དམག་རྒྱལ་ཁྲལ་སྤར་ཆ་མཚམས་འཇོག་དང་། ཚོང་དམག་གྲོས་མོལ་བསྐྱར་དུ་མཐུད་རྒྱུའི་མོས་མཐུན་བྱུང་ཡོད་སྐོར་བསྒྲགས་འདུག་ལ། སྲིད་འཛིན་ཊོམ་ཕུ་མཆོག་གིས་ཀྱང་ད་ལན་གྱི་ཚོགས་འདུ་དེ་བསམ་ཚོད་ལས་ལེགས་པ་བྱུང་ཡོད་སྐོར་དང་། རྒྱ་ནག་གི་ཚོང་ཟོག་ལ་རྒྱལ་ཁྲལ་གསར་པ་སྣོན་འཆར་ཡོད་པ་དེ་གནས་སྐབས་ཕྱིར་འཐེན་བྱ་རྒྱུ་ཡིན་ཡང་། ཁྲལ་སྤར་ཚར་བ་དག་རྩིས་མེད་གཏང་རྒྱུ་མིན་སྐོར་དང་། དེ་བཞིན་རྒྱ་ནག་གི་ཧྭ་ཝེ་འཕྲུལ་རིག་བཟོ་ཚོང་ཁང་གི་ཐོན་རྫས་ཉོ་འཚོང་བཀག་སྡོམ་རིགས་ཁག་ཅིག་ཕྱིར་འཐེན་གནང་རྒྱུ་ཡིན་སྐོར་གསུངས་འདུག

རྒྱལ་ཁབ་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་མགོ་མ་བཙུགས་གོང་དུ་སྲིད་འཛིན་རྣམ་གཉིས་ནས་གསར་འགོད་པ་རྣམས་ལ་སྔོན་འགྲོའི་གཏམ་བཤད་ཐུང་ཐུང་རེ་སྤེལ་བའི་ནང་། སྲིད་འཛིན་ཞི་ཅིན་ཕིན་གྱིས། ལོ་ངོ་ ༤༠ སྔོན་ཏེ། ཕྱི་ལོ་ ༡༩༧༡ ལོར་འདི་ནས་རྒྱང་ཐག་སྤྱི་ལེ་ ༡༠༠ མཚམས་ན་ཡོད་པའི་ནཱ་ཀོ་ཝ་ཞེས་པའི་ས་ཁུལ་དེར། རྒྱ་ནག་དང་ཨ་རིའི་སྒྲོམ་སྟེགས་སྤོ་ལོ་(Table Tennis)རྩེད་འགྲན་པ་རྣམས་རྒྱལ་སྤྱིའི་སྒྲོམ་སྟེགས་སྤོ་ལོའི་རྩེད་འགྲན་སྐབས་ ༣༡ (31st World Table Tennis Championship) པའི་ནང་ཞུགས་སྐབས། ཕྱོགས་གཉིས་ཀྱི་རྩེད་འགྲན་པའི་བར་གྲོགས་འདྲིས་བྱུང་བ་དེས། ད་ལྟ་ང་ཚོས་འབོད་བཞིན་པའི་སྒྲོམ་སྟེགས་ཕྱི་འབྲེལ་སྲིད་བྱུས་ (Ping-pong Diplomacy) ཟེར་བའི་རྨང་གཞི་བཏིང་བ་རེད། སྤོ་ལོ་ཆུང་ཆུང་དེས་རྒྱལ་སྤྱི་རང་བཞིན་གྱི་གནད་དོན་ཞིག་སློང་རྒྱུའི་ཤུགས་རྐྱེན་སྦྱིན་ཡོད། དེ་ནས་ལོ་ངོ་ ༨ ཀྱི་རྗེས་ཏེ། ཕྱི་ལོ་ ༡༩༧༩ ལོར་ང་ཚོའི་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་གྱི་སྲིད་བྱུས་མགོ་བཙུགས་ཡོད། འདས་པའི་ལོ་ངོ་ ༤༠ རིང་རྒྱལ་སྤྱིའི་གནས་ཚུལ་དང་ཨ་རྒྱའི་འབྲེལ་ལམ་ཐད་འགྱུར་བ་ཆེན་པོ་ཞིག་ཕྱིན་ཡོད་ཀྱང། གཞི་རྩའི་ཆ་ནས་ཕྱོགས་གཉིས་ཀར་གདོང་ཐུག་ལས་གནོད་འཚེ་དང་མཉམ་འབྲེལ་ལས་ཁེ་ཕན་ཐོབ་ཀྱི་ཡོད་པའི་དོན་དངོས་དེར་འགྱུར་བ་ཕྱིན་མེད། མཉམ་འབྲེལ་དང་གྲོས་མོལ་ནི་གདོང་ཐུག་དང་རྩོད་རྙོག་ལས་ལེགས་པ་ཡོད། ཉེ་ཆར་ང་དང་སྲིད་འཛིན་ཊོམ་ཕུ་བར་ལ་འཕྲིན་དང་ཁ་པར་བརྒྱུད་འབྲེལ་བ་ཟབ་མོ་བྱུང་ཡོད། ཨ་རྒྱའི་འབྲེལ་ལམ་གྱི་ཁ་ཕྱོགས་བསྐྲུན་ཆེད་དང་། འབྲེལ་མཐུད་དང་མཉམ་འབྲེལ། སྲ་བརྟན་བཅས་ཀྱི་སྒོ་ནས་ཨ་རྒྱའི་འབྲེལ་ལམ་ཡར་རྒྱས་གཏོང་ཆེད། དེ་རིང་ངས་སྲིད་འཛིན་ཁྱེད་ལ་ཨ་རྒྱའི་འབྲེལ་ལམ་ཡར་རྒྱས་ཐད་ཀྱི་གཞི་རྩའི་གནད་དོན་སྐོར་གྱི་བསམ་ཚུལ་རྣམས་བརྗོད་རྒྱུར་གྲ་སྒྲིག་ཡོད། ཅེས་བརྗོད་འདུག

དེ་བཞིན་སྲིད་འཛིན་ཊོམ་ཕུ་མཆོག་གིས། སྲིད་འཛིན་ཁྱེད་དང་ང་གཉིས་བར་ཡུན་རིང་འབྲེལ་ལམ་བྱུང་བའི་རྐྱེན་གྱིས་གྲོགས་པོར་གྱུར་ཡོད་ལ། མ་འོངས་པ་ལའང་ཁྱེད་དང་ལྷན་དུ་མཉམ་ལས་བྱ་རྒྱུའི་འདོད་པ་ཡོད། ཁྱེད་ཀྱི་ཤེས་གསལ་ལྟར། ང་ཚོའི་འབྲེལ་ལམ་དེ་ཧ་ཅང་ཡག་པོ་བྱུང་ཡོད། ཡིན་ན་ཡང་ང་ཚོས་ཚོང་འབྲེལ་ལ་བརྩི་བཀུར་ཡོད་པའི་ཐོག་ནས་གནད་དོན་རྣམས་སེལ་ཐབས་བྱ་རྒྱུའི་བློ་འདོད་ཡོད་པ་མ་ཟད། དེ་ནི་ལས་སླ་མོ་ཞིག་ཏུ་ཡང་ངོས་འཛིན་བྱེད་ཀྱི་ཡོད། ངས་དེ་སྔོན་ང་ཚོའི་བར་འགྲིག་མཐུན་ཡོང་རྒྱུར་ཧ་ཅང་ཐག་ཉེ་པོ་ཆགས་ཡོད་པ་བསམ་གྱི་ཡོད་ཀྱང་། གནས་ཚུལ་ཞིག་གི་རྐྱེན་པས་ང་ཚོའི་བར་འགྲིག་མཐུན་བྱུང་ཡོད་པ་མ་རེད། ཡིན་ན་ཡང་ད་ལྟ་ང་ཚོ་འགྲིག་མཐུན་ཡོང་རྒྱུར་ཅུང་ཐག་ཉེ་རུ་ཕྱིན་ཡོད། ང་ཚོའི་བར་ལ་དྲང་བདེན་གྱི་ཚོང་འབྲེལ་གྲོས་མཐུན་ཞིག་འབྱུང་ཚེ། དེ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཏུ་འགྱུར་ངེས་རེད། ང་ཚོ་ཕྱོགས་གཉིས་ཀས་འདིར་གུ་ཡངས་བྱེད་ཀྱི་ཡོད་པ་དང་། ངས་ད་ལན་གྱི་ཚོགས་འདུའི་ནང་གྲུབ་འབྲས་ཆེན་པོ་ཞིག་སྨིན་རྒྱུའི་རེ་བ་འཆང་གི་ཡོད། ཅེས་གསུངས་འདུགཉེ་སྔོན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་རྒྱལ་ཁབ་ ༢༠ ཡི་ཚོགས་ཆེན་འཚོག་ལ་ཉེ་བ་དང་བསྟུན། ཚོགས་ཆེན་ཐོག་སྲིད་འཛིན་ཞི་ཅིན་ཕིན་དང་ཐུག་འཕྲད་བྱ་རྒྱུ་ཡིན་པ་དང་།  གལ་ཏེ་སྐབས་དེར་ཕྱོགས་གཉིས་བར་འགྲིག་མཐུན་མ་བྱུང་ཚེ་བསྐྱར་དུ་རྒྱལ་ཁྲལ་སྤར་རྒྱུ་ཡིན་སྐོར་ཉེན་བརྡ་བཏང་ཡོད་པ་ལྟར། ཕྱོགས་གཉིས་ཀྱི་ཚོང་ལས་བ་མང་པོས་འགྲིག་མཐུན་ཡོང་བར་རེ་བ་ཆེན་པོ་རྒྱག་བཞིན་ཡོད་འདུག་ལ། ཐེངས་འདིའི་བཞུགས་མོལ་སྐབས་སྲིད་འཛིན་ཊོམ་ཕུ་ཡི་ཕྱག་རོགས་སུ་རྒྱལ་སྲིད་དྲུང་ཆེ་མེག་པོམ་པེ་དང་། ཚོང་འབྲེལ་སྐུ་ཚབ་རོ་བྷར་ཊི་ལི་ཐི་ཛར་(Robert Lighthizer)།  ནོར་དོན་དྲུང་ཡིག་སི་ཊི་ཝན་མན་ཆིན་(Steven Mnuchin)།  ཨ་རིའི་ཕོ་བྲང་དཀར་པོའི་ཚོང་དོན་སྲིད་བྱུས་སློབ་སྟོན་པ་པི་ཊར་ན་ཝ་རོ་(Peter Navarro)། དེ་བཞིན་རྒྱལ་སྲུང་སློབ་སྟོན་པ་ཇོན་བྷོལ་ཊོན་(John Bolton)། ཊོམ་ཕུའི་བུ་མོ་ཨ་ཝན་ཀཱ་ཊོམ་ཕུ་(Ivanka Trump) སོགས་མཉམ་ཞུགས་བྱས་ཡོད་པ་དང་། རྒྱ་ནག་ཕྱོགས་ནས་སྲིད་བློན་གཞོན་པ་ལེའུ་ཧེ་(Liu He)དང་། དཔལ་འབྱོར་འཆར་འགོད་འགན་འཛིན་ཧེ་ལི་ཧྥེང་(He Lifeng)། དེ་བཞིན་རྒྱ་ནག་གི་ཚོང་དོན་བློན་ཆེན་ཀྲུང་ཧྲན་ (Zhong Shan)། ཕྱི་འབྲེལ་བློན་ཆེན་ཝང་ཡས་ (Wang Yi)། ཨ་རིར་ཡོད་པའི་རྒྱ་ནག་གཞུང་ཚབ་པ་ཚའེ་ཐེན་ཁའེ་(Cui Tiankai) བཅས་ཞུགས་ཡོད་འདུག

ཡང་ཚོགས་ཆེན་དེའི་ཐོག་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གཉིས་ཀྱིས་ཀྱང་མཇལ་མོལ་གནང་ཡོད་པ་དང། སྐབས་དེར་གསར་འགོད་པས་ཊོམ་ཕུ་མཆོག་ལ་ཨུ་རུ་སུས་ཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུར་ཐེ་གཏོགས་མ་གནང་རོགས་ཞེས་སྐུལ་མ་གནང་རོགས་ཞེ་བཤད་པར། ཊོམ་ཕུ་མཆོག་གིས་པུ་ཊོན་ལ་མཛུབ་མོ་བཙུགས་ཏེ་ཨ་རིའི་སྲིད་འཛིན་གྱི་འོས་བསྡུར་ཐེ་གཏོགས་མ་གནང་རོགས་ཞེས་གསུངས་ཡོད་པ་དང་། ཡང་གསར་འགོད་པས་ཊོམ་ཕུ་མཆོག་ལ་ཁྱེད་རང་པུ་ཊིན་དང་ཐུག་རྗེས་ཚོར་སྣང་ག་རེ་འདུག ཁོ་མི་ག་འདྲ་འདུག་ཅེས་དྲིས་པར་ཊོམ་ཕུ་མཆོག་གིས། ཁོ་མི་ཡག་པོ་འདུག་ལ། ང་ཚོའི་བར་གྱི་ཐུག་འཕྲད་ཡག་པོ་བྱུང་སོང་། ངས་ཁོ་མི་ཡག་པོ་ཞིག་རེད་བསམ་ཡོད། ང་ཚོས་ཚོང་དོན་སྐོར་གྲོས་མོལ་བྱས་སྐབས། ཨ་རི་དང་ཨུ་རུ་སུ་ལྟ་བུའི་རླབས་ཆེ་བའི་རྒྱལ་ཁབ་གཉིས་བར་ཚོང་འབྲེལ་ཡོད་དགོས་ཀྱི་ཡོད། ཁ་སང་ང་ཚོའི་བར་འཛོམས་པ་ཡག་པོ་བྱུང་། ཞེས་གསུངས་ཡོད་པ་རེད།ཡང་ཚོགས་ཆེན་ཐོག་ཨུ་རུ་སུ་དང་རྒྱ་གར། དེ་བཞིན། རྒྱ་ནག་བཅས་ཀྱི་མགོ་འཁྲིད་གསུམ་ཟུར་དུ་ཐུག་འཕྲད་བྱས་སྐབས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས། ཨ་རིས་རྒྱ་ནག་ལ་ཚོང་འཐབ་བྱེད་བཞིན་པའི་སྐབས་འདིར།  ཨུ་རུ་སུ་དང་རྒྱ་གར། རྒྱ་ནག་བཅས་མཉམ་འབྲེལ་གྱིས་སོ་སོའི་མངོན་འདོད་སྲུང་སྐྱོབ་བྱས་ཏེ། རྒྱ་ནག་དང་ལྷན་དུ་ཨ་རིའི་འགྲན་རྩོད་ཐད་རམ་འདེགས་ཀྱིས་གོ་ལའི་འགན་འཁྲིད་འཁུར་རྒྱུ་གལ་ཆེན་ཡིན་པའི་འབོད་སྐུལ་ཞུས་ཡོད་འདུག

ཐེངས་འདིའི་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་ཐོག ལྷོ་ཨ་མི་རི་ཁའི་རྒྱལ་ཁབ་ཁག་དང་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་གཉིས་བར་ཉེ་བའི་ལོ་ངོ་ ༢༠ རིང་བྱུང་མ་མྱོང་བའི་ཚོང་འབྲེལ་གྲོས་ཆོད་བྱུང་སྟེ།  འཛམ་གླིང་ནང་གཞུང་འཛིན་གྱི་ཆབ་སྲིད་རྩོད་རྙོག་ཇེ་ཆེ་དང་། དབྱིན་ཡུལ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལས་ཕྱིར་ཐོན་གྱི་གྲོས་ཆོད། དེ་བཞིན། ཨ་རྒྱ་གཉིས་ཀྱི་ཚོང་འཐབ་སོགས་ཀྱི་ཤུགས་རྐྱེན་འོག ཉོ་ཚོང་རང་དབང་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་བཞིན་པའི་སྐབས་འདིར། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་ལྷོ་ཨ་མི་རི་ཁའི་རྒྱལ་ཁབ་ཁག་གི་བཟོ་གྲྭ་གང་མང་ཞིག་ཉེན་ཁ་དེ་ལས་གཡོལ་ཐུབ་པ་བྱུང་ཡོད་འདུག

གནད་དོན་འདིའི་ཐད་ཡུ་རོབ་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ཇེན་ཁེ་ལོ་ཌི་ཇན་ཁར་ལགས་ཀྱིས། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་རྩོད་རྙོག་འགྲོ་བཞིན་པའི་སྐབས་འདིར། ལྷོ་ཨ་མི་རི་ཁ་དང་ཡོ་རོབ་གཉིས་བར་ཚོང་འབྲེལ་གྲོས་ཆོད་ཅིག་བྱུང་བ་འདིས། ང་ཚོ་ཚོང་གི་སྒྲིག་ལམ་གཞིར་བཟུང་འགྲོ་ཡི་ཡོད་པ་བསྟན་ཡོད། ཅེས་བརྗོད་ཡོད་པ་དང་། ལྷོ་ཨ་མི་རི་ཁའི་རྒྱལ་ཁབ་བྷིར་ཛལ་གྱི་སྲིད་འཛིན་ཇེར་བྷོལ་སན་ན་རོ་ལགས་ཀྱིས། ཚོང་འབྲེལ་གྲོས་ཆོད་འདི་ནི་ལོ་རྒྱུས་དང་དུས་ཚོད་ཡོད་ཚད་ཀྱི་ནང་ནས་ཆེས་གལ་ཆེ་བའི་ཚོང་འབྲེལ་ཞིག་ཆགས་ཡོད། ཅེས་བརྗོད་འདུག་ལ། ལྷོ་ཨ་མི་རི་ཁའི་ནང་ཨར་ཇན་ཊི་ན་(Argentina)དང་བྷིར་ཛལ་(Brazil)། ཡོ་རོ་གྷི་ཡེ་(Uruguay)དང་པ་ར་གྷི་ཡ་(Paraguay)བཅས་རྒྱལ་ཁབ་ཁག་ ༤ ཡོད་པ་དང་། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལ་ཚོགས་མི་རྒྱལ་ཁབ་༢༨ ཡོད་པ་རེད།

དེ་རིང་ཉི་ཧོང་གི་ས་གནས་ཀྱི་ཕྱི་དྲོའི་ ༣ པ་ཡས་མས་སུ། སྲིད་བློན་ཤི་ཛོང་ཨ་བྷེ་མཆོག་གིས་རྒྱལ་སྤྱིའི་སྲིད་གཞུང་ཁག་གི་མགོ་འཁྲིད་རྣམ་པ་ཉི་ཧོང་ནང་ཡོང་སྟེ་འཛམ་གླིང་ཐུན་མོང་གི་གཞི་མ་ཞིག་བཙལ་བར་ཐུགས་རྗེ་ཆུ་ཞུས་པ་དང་སྦྲགས། ཕྱི་ལོ་ ༢༠༢༠ ལོའི་རྒྱལ་ཁབ་ཉུ་ཤུའི་ཚོགས་ཆེན་དེ་སོ་ཌན་ཨ་ར་བྷེའི་རྒྱལ་སྲས་མོ་ཧ་མི་ཌི་སལ་མན་ལགས་ཀྱིས་གཙོ་སྐྱོང་གནང་རྒྱུ་ཡིན་སྐོར་བསྒྲགས་ཚོགས་ཆེན་མཇུག་བསྡུས་ཡོད་འདུག

གཞན་ཡང་ཚོགས་ཆེན་གྲོལ་རྗེས་སྲིད་འཛིན་ཊོམ་ཕུ་མཆོག་ལྷོ་ཀོ་རི་ཡར་འགྲོ་ཡི་ཡོད་པ་དང་། ཁོ་དེར་མ་སོང་སྔོན་དུ་ཊི་ཝི་ཊར་སྟེང་ལྷོ་བྱང་ཀོ་རི་ཡའི་ས་མཚམས་ནས་བྱང་ཀོ་རི་ཡའི་གཙོ་འཛིན་ཀེམ་ཇོང་ཨན་ལ་ཐུག་ནས་ལག་འཇུ་བྱས་ཏེ་འཚམསས་འདྲི་བྱེད་འདོད་ཡོད་སྐོར་གསུངས་ཡོད་པ་དང་། དེའི་ཐད་བྱང་ཀོ་རི་ཡའི་ཕྱོགས་ནས་ཁོ་ཚོར་གཞུང་འབྲེལ་གྱི་མགྲོན་བརྡ་དེ་འདྲ་འབྱོར་མེད་ནའང་ཊོམ་ཕུ་དང་ཐུག་འདོད་ཡོད་པའི་རྣམ་འགྱུར་བསྟན་ཡོད་འདུག ཡིན་ནའང་། ཆབ་སྲིད་དཔྱད་བརྗོད་པས་དེ་སྔོན་ཀེམ་དང་ཊོམ་ཕུ་མཆོག་གི་ཐུག་འཕྲད་ཆ་ཚང་ཕན་ཚུན་བར་ཁ་པར་དང་ཡིག་ལམ་ནས་འབྲེལ་འདྲིས་བྱས་པ་སོགས་གྲ་སྒྲིག་ཆ་ཚང་བྱས་ཏེ་ཐུག་ཡོད་སྟབས། ད་རེས་ཨ་བྱང་གི་མགོ་འཁྲིད་གཉིས་ཐུག་འཕྲད་ཡོང་ཁག་པོ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག

རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་ནི་ཕྱི་ལོ་ ༡༩༩༩ ལོར་འཛམ་གླིང་རྒྱལ་ཁབ་ ༡༩ དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་བཅས་ཀྱིས་གྲུབ་པ་ཞིག་ཡིན་པ་དང་། ཚོགས་ཆེན་ཐོག་རྒྱལ་ཁབ་དེ་དག་ནང་གི་དབུས་དངུལ་ཁང་གི་མགོ་འཁྲིད་རྣམས་མཉམ་ཞུགས་བྱས་ཏེ།  རྒྱལ་ཁབ་སོ་སོའི་སྲིད་བྱུས་གཏན་འབེབས་དང་འབྲེལ་ནས་རྒྱལ་སྤྱིའི་དཔལ་འབྱོར་བརྟན་ལྷིང་གོང་མཐོར་གཏོང་ཐབས་བྱེད་ཀྱི་ཡོད་ཀྱང་། ཕྱི་ལོ་ ༢༠༠༨ ལོ་ནས་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་ཁྱབ་བརྡལ་དུ་བཏང་སྟེ། ཚོགས་འདུའི་ཐོག་རྒྱལ་ཁབ་དང་སྲིད་གཞུང་གང་དེའི་མགོ་འཁྲིད་ཀྱི་གཙོ་བྱས་པའི་དཔལ་འབྱོར་བློན་ཆེན་དང་ཕྱི་སྲིད་བློན་ཆེན་སོགས་མཉམ་ཞུགས་བྱེད་ཆོག་པར་བཟོས་ཡོད་པ་དང་། རྒྱལ་ཁབ་ཉི་ཤུའི་ཐོན་སྐྱེད་སྤྱི་འབོར་(GDP)གྱིས་འཛམ་གླིང་གི་སྤྱི་འབོར་གྱི་བརྒྱ་ཆ་ ༩༠ དང་། ཉོ་ཚོང་བརྒྱ་ཆ་ ༨༠ ཟིན་ཡོད་པ་དང་། དེ་བཞིན། འཛམ་གླིང་གི་མི་འབོར་བརྒྱ་ཆ་གསུམ་ལས་ ༢ དང་ས་ཆའི་ཐོག་ནས་འཛམ་གླིང་གི་ཕྱེད་ཀ་ཙམ་ཟིན་གྱི་ཡོད་པར་བཤད།

གསར་འགོད་པ། པ་སངས་ཚེ་རིང་། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༦/༢༩

Leave a Reply