དགའ་ལྡན་ཕོ་བྲང་ནས་གསལ་བཤད་དང་འབྲེལ་དགོངས་སེལ་ཞུས།

ཉེ་ཆར་བྷི་བྷི་སི་གསར་ཁང་གི་ལྷོ་ཤར་ཨེ་ཤ་ཡའི་གསར་འགོད་པ་ར་ཇི་ནི་ཝའེ་དྷི་ཡ་ནཱ་ཐན་(Rajini Vaidyanathan) ལགས་ཀྱིས། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བོད་དོན་དང་རྒྱ་ནག དེ་བཞིན་སྐུའི་ཡང་སྲིད་ཕེབས་ཕྱོགས་དང་། ཡོ་རོབ་ནང་གི་སྐྱབས་བཅོལ་བའི་སྐོར་སོགས་ལ་བཅར་འདྲི་ཞུ་སྐབས། ༧གོང་ས་མཆོག་ནས་ཞལ་རྩེད་དང་སྦྲགས་སྐུའི་ཡང་སྲིད་བུད་མེད་ཅིག་ཏུ་འཁྲུང་ཚེ། བུད་མེད་དེ་ཉམས་དོད་པོ་ཞིག་ཡིན་དགོས་སྐོར་དང་། དེ་བཞིན། ཡོ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་རྣམས་ཀྱིས་སྐྱབས་བཅོལ་བ་རྣམས་བླངས་ཏེ་ཁོ་ཚོར་ཤེས་ཡོན་དང་སྦྱོང་བརྡར་སྤྲད་རྗེས། མཐར་གཏུག་གི་དམིགས་ཡུལ་དེ་ཁོང་ཚོ་ཕྱིར་རང་ཡུལ་ལ་ལོག་ན་ཡག་པོ་ཡོད་པ་དང་།  གྲངས་ཚད་ངེས་ཅན་གྱི་སྐྱབས་བཅོལ་བ་ཡུ་རོབ་ནང་བསྡད་ན་འགྲིག་ཀྱང་། རིམ་པས་ཡུ་རོབ་ཡོངས་རྫོགས་ཁ་ཆེའི་རྒྱལ་ཁབ་བམ། ཡང་ན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཅིག་ཏུ་གྱུར་ཚེ་དཀའ་ལས་ཁག་པོ་ཡིན་སྐོར་གསུངས་རྗེས། སྤྱི་ཚོགས་དྲ་ལམ་ངོ་དེབ་དང་ཊུ་ཝུ་ཊར་སོགས་སུ་བུད་མེད་དང་ཁ་ཆེ་བ་སོགས་མི་མང་པོས་བློ་ཕམ་གྱི་རྣམ་འགྱུར་དང་བཅས་སྐྱོན་བརྗོད་ཞུས་པར་བརྟེན།  དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡིག་ཚང་ནས་གསལ་བཤད་དང་སྦྲགས་སེམས་ལ་ཕོག་ཐུག་བྱུང་བ་རྣམས་ལ་དགོངས་སེལ་ཞུས་གནང་འདུགདེ་ཡང་ཕོ་བྲང་གི་གསལ་བཤད་ནང་། ཉེ་ཆར་བྷི་བྷི་སི་གསར་ཁང་གི་གསར་འགོད་པས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཅར་འདྲི་ཞུ་སྐབས། མགོན་པོ་གང་ཉིད་ཀྱིས་བཀའ་ལན་གནང་བ་འགའ་ཤས་ཀྱི་ཐོག་ནས་མི་མང་པོ་ཞིག་ལ་མི་བདེ་བ་ལྟ་བུ་བྱུང་ཡོད་ཚོད་འདུག་པས། འདི་ག་ལས་ཁུངས་ནས་གསལ་བཤད་བྱ་རྒྱུ་གལ་ཆེར་མཐོང་། ཞེས་དང་། ཐོག་མར་༧གོང་ས་མཆོག་ནས་སྐུའི་ཡང་སྲིད་བུད་མེད་ཅིག་ཕེབས་སྲིད་མིན་ལ་བཀའ་ལན་གནང་སྐབས་ཡང་སྲིད་བུད་མེད་ཅིག་ཕེབས་སྲིད་པ་དང་། བུད་མེད་དེ་ཡང་ཉམས་དོད་པོ་ཞིག་ཕེབས་དགོས་ཀྱི་ཡོད་སྐོར་གསུངས་པའི་ཐད་ནས། སྤྱིར་བཏང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གཞན་ལ་ཕོག་ཐུག་གཏོང་རྒྱུའི་དགོངས་པ་བཞེས་མེད་ཀྱང་། ཁོང་གི་གསུང་དེའི་རྐྱེན་པས་མི་མང་ལ་ཕོག་ཐུག་སོང་འདུག་པས། སྙིང་ཐག་པ་ནས་དགོངས་སེལ་ཞུ་རྒྱུ་ཡིན་ཞེས་དང་།

དུས་རྒྱུན་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ང་ཚོ་གཞི་རྩའི་འགྲོ་བ་མི་ཡིན་པའི་རང་བཞིན་གྱི་ཐོག་ནས་ཕན་ཚུན་བར་མཐུན་འགྲིག་གནང་དགོས་པ་ལས། ཕྱི་ཚུལ་གྱི་རྣམ་རྟོག་ཁོ་ནའི་སྟེང་ལ་མགོ་འཐོབ་རྒྱུ་མེད་པའི་བཀའ་སློབ་ལམ་སྟོན་ཕེབས་ཀྱི་ཡོད་ལ། ༧གོང་ས་མཆོག་ལ་མཇལ་ཁའི་གོ་སྐབས་ཐོབ་པའི་སྐྱེ་བོ་སུ་འདྲ་ཞིག་ཡིན་ན་ཡང་། ཁོང་གི་གསུང་དེར་ཡི་རང་གུས་བཀུར་ཞུ་ཡི་ཡོད་པ་རེད། ཁོང་གིས་ཡང་སྲིད་བུད་མེད་ཀྱི་ཕྱིའི་རྣམ་པ་འགྲེལ་བརྗོད་གནང་བ་ཐོག་མ་དེ། ཕྱི་ལོ་ ༡༩༩༢ ལོའི་ཧྥ་རན་སིའི་རྒྱལ་ས་ཕ་རི་སི་ཡི་གཤམ་སྟོན་སྒྱུ་རྩལ་སྐོར་གྱི་ཝོག་དུས་དེབ་ (Vogue Magazine) ཀྱི་སྐུ་མགྲོན་རྩོམ་སྒྲིག་པར་མགྲོན་འབོད་གནང་སྟེ།  དུས་དེབ་དེའི་རྩོམ་སྒྲིག་པ་དང་ལྷན་དུ་བཀའ་མོལ་གནང་སྐབས། རྩོམ་སྒྲིག་པ་བུད་མེད་དེས་༧གོང་ས་མཆོག་ལ་སྐུའི་ཡང་སྲིད་བུད་མེད་ཅིག་ཕེབས་སྲིད་མིན་བཀའ་འདྲི་ཞུས་པར་ཁོང་གིས། གལ་ཏེ་ཕན་ནུས་ཆེ་བ་ཡོད་ན་སྲིད་པ་ཞིག་རེད། ཅེས་བཀའ་ལན་གནང་ཡོད་པ་མ་ཟད། ཞལ་རྩེད་དང་སྦྲགས་ནས་ཡང་སྲིད་བུད་མེད་དེ་ཉམས་དོད་པོ་ཞིག་ཡིན་དགོས་སྐོར་གསུངས་ཡོད།  ༧གོང་ས་མཆོག་གིས་རྒྱུས་མངའ་མེད་པའི་མཐོ་རིམ་རིག་རྩལ་བའི་རུ་ཁག་ཅིག་ལ་ཐུགས་དོགས་མེད་པར་བཀའ་ལན་གནང་ཡོད།

དགུང་ལོ་བརྒྱད་ཅུའི་དཀྱིལ་དུ་ཕེབས་པའི་དགེ་སློང་ཁོང་འཛམ་གླིང་གི་ཡུལ་གྲུ་གང་སར་ཆིབས་བསྒྱུར་སྐྱོང་སྐབས། དེང་སྐབས་ཀྱི་དངོས་གཙོ་རིང་ལུགས་དང་གོ་ལ་གཅིག་གྱུར་ཅན་གྱི་ཁོར་ཡུག་འདིའི་ནང་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ཕེབས་ཕྱོགས་ཐད་ལ་གཟིགས་ཚུལ་སྣ་ཚོགས་འཛིན་མཁན་ཡོད་པ་གསལ་པོ་མཁྱེན་གྱི་ཡོད་པ་རེད། གང་ལྟར་སྐབས་རེར་རིག་གཞུང་ཞིག་གི་ནང་དགོད་བྲོ་པོ་ཡིན་པ་དེ་རིག་གཞུང་གཞན་ཞིག་གི་ནང་ཕབ་བསྒྱུར་བྱས་ཚེ་ཚིག་དོན་བརླག་འགྲོ་བ་ཡོང་གི་ཡོད་དུས། ཁོང་གིས་དེ་ལ་ཐུགས་ཕངས་པོ་མཛད་ཀྱི་ཡོད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཚེ་ཧྲིལ་བོར་བུད་མེད་ཀྱི་ཕྱིའི་རྣམ་པའི་ཐོག་ནས་འགྲེལ་བརྗོད་བྱེད་པར་དགག་བྱ་གནང་གི་ཡོད། ཁོང་གིས་བུད་མེད་དང་ཁོང་ཚོའི་ཐོབ་ཐང་ལ་རྒྱབ་སྐྱོར། རྒྱལ་སྤྱིའི་ཐོག་གི་མི་ཚང་མ་འདྲ་མཉམ་ཡོང་བཞིན་པར་དགའ་བསུ་དང་བུད་མེད་ལ་གུས་བརྩི་གནང་གི་ཡོད། གྲྭ་པ་ཁོ་ན་ལས་ཐོབ་ཀྱི་མེད་པའི་དགེ་བཤེས་ཀྱི་མཚན་གནས་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་ཁྲིད་འོག བཙན་བྱོལ་བོད་མིའི་བཙུན་མ་རྣམས་ལའང་དགེ་བཤེས་མའི་མཚན་གནས་ཐོབ་ཡོད་པ་དེས་བུད་མེད་ལ་ཆེ་མཐོང་གནང་གི་ཡོད་པ་མཚོན་ཡོད་པ་དང་། དུས་རྟག་ཏུ་༧གོང་ས་མཆོག་ནས་གལ་སྲིད་ང་ཚོར་བུད་མེད་ཀྱི་དབུ་འཁྲིད་མང་ཙམ་བྱུང་ཚེ་འཛམ་གླིང་སྔར་ལས་ཞི་བདེ་ལྡན་པ་ཞིག་ཡོང་སྐོར་གསུང་གི་ཡོད་པ་རེད། ཅེས་བཀོད་འདུགཡང་ཡུ་རོབ་ནང་གི་སྐྱབས་བཅོལ་བའི་སྐོར་གྱི་བཀའ་ལན་དང་འབྲེལ་བའི་གསལ་བཤད་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ད་ལྟའི་སྐྱབས་བཅོལ་བ་དང་གནས་སྤོའི་དཀའ་རྙོག་ཐད་དགོངས་ཚུལ་གསུངས་ཡོད་པ་དེར། མི་མང་པོ་ཞིག་ཕལ་ཆེར་གོ་ནོར་ཐེབས་ཡོད་པ་དང་། ༧གོང་ས་མཆོག་ནས་རང་ཉིད་ཀྱི་རྒྱལ་ཁབ་དང་ཁ་བྲལ་བའི་སྐྱབས་བཅོལ་བ་རྣམས་ཕྱིར་ལོག་འདོད་མེད་པའམ་ལོག་ཐུབ་ཀྱི་མེད་པའི་གནས་ཚུལ་ཡོང་གི་ཡོད་པ་དེ་མཁྱེན་གྱི་ཡོད་པ་དང་། བཙན་བྱོལ་བོད་མི་རྣམས་ལ་ཕྱིར་ཕ་ཡུལ་དུ་ལོག་པའི་འདུན་པ་ཡོད་ནའང་མངོན་འགྱུར་བྱུང་ཐུབ་མེད་པ་རེད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱལ་ཁབ་ཁག་གི་ནང་སྐྱབས་བཅོལ་བ་དང་གནས་སྤོ་བ་ཚོར་འཕྲད་བཞིན་པའི་དཀའ་སྡུག་དང་ངེས་གཏན་མེད་པའི་གནས་སྟངས་མཁྱེན་གྱི་ཡོད་པ་རེད། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༣ ཉིན་ཝ་ཤིན་ཊོན་ཆ་འཕྲིན་ (Washington Post) ཐོག་གནད་དོན་གལ་ཆེན་པོ་འདིའི་ཐད་ལ་༧གོང་ས་མཆོག་གི་དགོངས་ཚུལ་བཀོད་པའི་ནང་།  “འཛམ་གླིང་གི་མི་དཀྱུས་མ་མང་པོས་སྐྱབས་བཅོལ་བའི་དཀའ་སྡུག་ལ་རླབས་ཆེ་བའི་བྱམས་སྙིང་རྗེ་སྒོམ་སྟེ། ཁོང་ཚོ་རྒྱ་མཚོའི་ཉེན་གནས་ལས་བསྐྱབས་ཏེ་སྐྱབས་བཅོལ་དུ་བླངས་པ་དང་། གྲོགས་པོའི་མཛའ་བརྩེ་བསྐྲུན་པ་དང་རྒྱབ་སྐྱོར་གནང་བཞིན་པ་སོགས་མཐོང་བ་ནི་སེམས་འགུལ་ཐེབས་འོས་པ་ཞིག་རེད། ངོས་རང་སྐྱབས་བཅོལ་བ་ཞིག་ཡིན་པས། ཁོང་ཚོའི་གནས་སྟངས་ཐད་སེམས་ཚོར་ཆེན་པོ་ཡོད་ལ། ཁོང་ཚོའི་དཀའ་སྡུག་མཐོང་སྐབས། ང་ཚོ་ཚང་མས་གང་ཐུབ་ཀྱིས་ཁོང་ཚོར་རོགས་པ་བྱེད་དགོས་ཀྱི་ཡོད། ངོས་ནས་ད་དུང་སྐྱབས་བཅོལ་བ་ལེན་མཁན་རྒྱལ་ཁབ་ཁག་གི་མི་མང་ལ་གནོན་ཤུགས་ཡོང་སྲིད་པའི་འཇིགས་སྣང་ཡོད་པ་ཤེས་ཀྱི་འདུག འདི་འདྲའི་གནས་སྟངས་མང་པོ་ཞིག་གི་འོག་ང་ཚོའི་གལ་ཆེ་ཞིང་ཐུན་མོང་གི་འགུལ་སྐྱོད་ཀྱིས་སྐྱབས་བཅོལ་བ་དེ་ཚོའི་ལུང་པའི་ནང་ཞི་བདེ་སླར་གསོ་དགོས་གལ་ཆེ་བ་བསྟན་ཡོད། བོད་མི་སྐྱབས་བཅོལ་བ་ཚོ་དེ་འདྲ་བའི་གནས་སྟངས་བརྒྱུད་པའི་ཉམས་མྱོང་ཡོད་པ་དང་། ད་ལྟ་ང་ཚོ་ཕྱིར་རང་ཡུལ་དུ་ལོག་ཐུབ་མེད་ཀྱང་། འདས་པའི་བགྲང་བྱ་བཅུ་ཕྲག་རིང་། ང་ཚོར་གྲོགས་པོ་དང་གྲོགས་མོ་རྣམས་གཙོ་བྱས་པའི་ཨ་རིའི་མི་མང་བཅས་ནས་ང་ཚོར་རྒྱབ་སྐྱོར་གནང་པ་བཀའ་དྲིན་ཆེན་པོ་ཡིན། ”ཞེས་གསུངས་ཡོད།

ཕྱི་ལོ་ ༢༠༡༧ ཟླ ༩ ནང་ཨི་ཊ་ལི་ཡའི་གླིང་ཕྲན་སི་སི་ལིའི་(Sicily)རྒྱལ་ས་པལ་མོ་(Palermo)རུ།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡུ་རོབ་རྒྱལ་ཁབ་ཁག་གིས་སྐྱབས་བཅོལ་བ་དྭང་ལེན་བྱས་པ་ནི་བྱམས་སྙིང་རྗེ་ལག་ལེན་བསྟར་བ་ཡིན་པ་ཡོངས་བསྒྲགས་གནང་ཡོད།  ཁོང་གིས། “ད་ལྟ་ཁོང་ཚོ་འ་ཆད་འུ་ཐུག་ཡོད་དུས་ང་ཚོས་རོགས་པ་བྱེད་དགོས་ཀྱི་ཡོད། འོན་ཀྱང་། ནམ་ཞིག་ཁོང་ཚོ་ཕྱིར་སོ་སོའི་ལུང་པར་ལོག་འདོད་ཡོད་པ་རེད། འདི་ནི་ག་དུས་ཡིན་ཡང་ང་ཚོ་བོད་མི་ཚོའི་སེམས་ནང་ཡོད་པ་ཞིག་ཀྱང་ཡིན། ང་ཚོ་ཚང་མས་སྐྱབས་བཅོལ་བ་དེ་ཚོའི་ལུང་པའི་ནང་ཞི་བདེ་དང་འཕེལ་རྒྱས་བསྐྱར་གསོ་དགོས་པ་ངེས་པར་དུ་མཐོང་དགོས་ཀྱི་ཡོད། འོན་ཀྱང་། དུས་ཡུན་རིང་པོ་ཕྱིན་ན་སོ་སོའི་སྐྱེས་ཡུལ་དུ་གནས་སྡོད་བྱེད་འདོད་ཡོད་པ་རང་བཞིན་ཞིག་ཆགས་ཡོད།” ཅེས་གསུངས་ཡོད།

༧གོང་ས་མཆོག་ནས་ནམ་རྒྱུན་དབྱེ་འབྱེད་ཀྱི་ཚིག་“ང་ཚོ་དང་ཁོང་ཚོ་”ཞེས་པ་དར་ཁྱབ་གཏོང་བར་དགག་པ་གནང་གི་ཡོད། ཁོང་གིས་དེང་སྐབས་འཛམ་གླིང་ནང་ང་ཚོར་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་པ་ང་ཚོས་རང་ཉིད་ལ་དྲན་སྐུལ་གྱིས། ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་དང་འགྲོ་བ་མིའི་ཁྱིམ་ཚང་གཅིག་ལ་གཏོགས་པའི་གཅེན་གཅུང་ཡིན་པ་ཤེས་པའི་ཐོག ང་ཚོ་ཚང་མ་མཉམ་རུབ་ཀྱིས་གོ་ལ་འདིའི་དཀའ་ངལ་སེལ་བར་ལས་འགུལ་སྤེལ་ཆོག་པ་ཡིན་ཞེས་གསུང་གི་ཡོད་ཅེས་བཀོད་འདུག

མ་ཡིག་གི་འབྲེལ་ཐགhttps://www.dalailama.com/news/2019/clarification-and-context-of-remarks-made-by-his-holiness-the-dalai-lama-in-a-recent-bbc-interview

བསྐྱར་བཅོས།: ༢༠༡༩/༠༧/༠༣

Leave a Reply

4 thoughts on “དགའ་ལྡན་ཕོ་བྲང་ནས་གསལ་བཤད་དང་འབྲེལ་དགོངས་སེལ་ཞུས།

  1. སྐུ་སྒེར་ཡིག་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་མིང་སྒྱུར་བྱས་ནས་ལོ་ངོ་བཅུ་ཕྲག་འགྲོ་ལ་ཉེ་རུང་། ད་དུང་རྗེས་ལུས་ཀྱི་རྣམ་པས་མིང་སྔ་མ་སྤྱད་པ་ནི། གསར་འགོད་པའི་མཁྱེན་ཡོན་མཚོན་པ་མིན་ནམ།

    1. ངས་སྐྱོན་བརྗོད་པ་བེུད་རྣམས་ཀྱི་ཚབ་ཞུས་ཏེ་༸གོང་ས་མཆོག་ལ་སྙིང་དབུས་ནས་དགོངས་དག་ཞུ། ཉོན་མོངས་དུག་གསུམ་དབང་གི་ཤོར་བ་ཡིན་འགྲོ།།།