ཨེ་ཙི་ནད་དུག་བཅོས་ཐབས་གསར་པ་ཞིག་རྙེད་ཡོད་སྐོར་བསྒྲགས།  

ཨེ་ཙི་འགོས་རྗེས་ཡུན་རིང་འཚོ་གནས་ཐུབ་པའི་ཨན་ཌི་རི་ཌོར་ཝོ་རལ(antiretroviral therapy)སྨན་བཅོས་དང་རྒྱུད་རྒྱུ་བཅོས་སྒྲིག་གཉིས་ཟུང་འབྲེལ་བྱས་ན་མིའི་ལུས་ཕུུང་ནང་ཁྱབ་པའི་ཨེ་ཙིའི་ནད་འབུ་རྣམས་ཕྱིར་འབུད་གཏོང་ཐུབ་སྐོར་བརྗོད་འདུགཁ་སང་ཕྱི་ཚེས་ ༣ ཉིན། རྒྱལ་སྤྱིའི་སྨན་གྱི་གསར་ཁང་(Medical News)དང་ཚན་རིག་གསར་འགྱུར་ཞེས་པ་སོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་ཊམ་པུལ་(Temple University)གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སློབ་གྲྭའི་སློབ་དཔོན་ཁཱ་མཱལ་ཁཱ་ལའེ་ལའེ(Kamel Khalili)ལགས་དང་། ཁོང་གི་ཉམས་ཞིབ་ལས་རོགས་ཚོས་ཙི་ཙིའི་ལུས་ལ་ཁི་རཱ་སི་པེར(CRISPR-Cas9)སྨན་བཅོས་དང་རྒྱུད་རྒྱུ་བཅོས་སྒྲིག་ལ་བརྟེན་ནས་མིའི་ཨེ་ཙི་ནད་དུག་བཅོས་ཐབས་རྙེད་ཡོད་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད་པ་དང་། སྐབས་དེར་སློབ་དཔོན་ཁཱ་མཱལ་ཁཱ་ལའེ་ལའེ་ལགས་ཀྱིས་ལས་དོན་དེ་ནི་ལེགས་འགྲུབ་ཆེན་པོ་ཞིག་ཡིན་ཞིང་། ང་ཚོས་ཚོད་ལྟ་དང་ཉམས་ཞིབ་བརྒྱུད་མི་མ་ཡིན་པའི་སེམས་ཅན་ལ་ཨེ་ཙི་བཅོས་ཐབས་རྙེད་ཐབས་བྱུང་ཡོད་པ་དང་། དེ་ནི་ཨེ་ཙི་བཅོས་ཐབས་ལ་གོམས་སྟབས་ཆེན་པོ་ཞིག་ཡིན་ལ། མི་རིང་བའི་ལོ་གཅིག་ཙམ་ནང་བཅོས་ཐབས་འདི་བརྒྱུད་མིའི་ལུས་ཐོག་གི་ཨེ་ཙི་ནད་དུག་རྩ་མེད་བཟོ་ཐུབ་སྐོར་བརྗོད་འདུག

དེའི་སྐོར་ལ་སློབ་དཔོན་ཁཱ་མཱལ་ཁཱ་ལའེ་ལའེ་ལགས་ཀྱིས་རྒྱལ་སྤྱིའི་རང་བྱུང་འབྲེལ་ལམ་(Nature Communications)ཞེས་པའི་དུས་དེབ་སྟེང་ཉམས་ཞིབ་དཔྱད་རྩོམ་ཞིག་སྤེལ་ཡོད་པའི་ནང་། ཁོ་ཚོའི་ད་ལྟའི་བར་ཙི་ཙིའི་ལུས་ཀྱི་གཉན་ནད་རེག་དུག་བཅོས་ཐབས་ཀྱི་ཚོད་ལྟ་རིམ་པར་བྱས་པ་བརྒྱུད། ཨེ་ཙི་ནད་དུག་ཅན་གྱི་ཙི་ཙི་ ༡༠༠ ཡི་ནང་ནས་བརྒྱ་ཆ་ ༣༠ དྲག་སྐྱེད་བྱུང་ཐུབ་ཡོད་པ་དང་། བཅོས་ཐབས་དེ་ནི་ཨེ་ཙི་འགོས་རྗེས་དུས་ཡུན་རིང་བོར་འཚོ་གནས་ཐུབ་པའི་ཨན་ཌི་རི་ཌོར་ཝོ་རལ(antiretroviral therapy)བཅོས་ཐབས་དང་རྒྱུད་རྒྱུ་བཅོས་སྒྲིག་གཉིས་ཟུང་འབྲེལ་ཐོག་བྱས་ཡོད་པ་དང་། དེ་ལྟར་བྱས་ན་མིའི་ཕྲ་ཕུང་ནང་དུ་ཡོད་པའི་ཨེ་ཙིའི་ནད་འབུ་ཕྱིར་འབུད་གཏོང་ཐུབ་ཀྱི་ཡོད་སྐོར་བརྗོད་འདུགསྤྱིར་རྒྱུད་རྒྱུ་བཅོས་སྒྲིག་གིས་ཨེ་ཙི་བཅོས་ཐབས་དེ་ཚན་རིག་པ་མང་པོས་དེ་སྔོན་ནས་ཤེས་རྟོགས་བྱུང་ཡོད་ན་ཡང་། རྒྱུད་རྒྱུ་བཅོས་སྒྲིག་གིས་མིའི་རིགས་ཀྱི་རྒྱུད་རྒྱུ་འདུས་སྣོད་ལ་གནོད་སྐྱོན་དང་། གལ་ཏེ་རྒྱུད་རྒྱུ་བཅོས་སྒྲིག་གི་ལག་རྩལ་དེ་དངོས་སུ་མིའི་རིགས་ཀྱི་འཚོ་བའི་ནང་བེད་སྤྱོད་གཏང་བ་ཡིན་ན། མ་འོངས་པའི་མི་རབས་ཚོའི་རྒྱུད་རྒྱུ་འདུས་སྣོད་ལ་གཏོར་བཤིག་དང་མིའི་རིགས་ཀྱི་སྐྱེས་རྒྱུན་ལ་གནོད་སྐྱོན་ཐེབས་སྲིད་པ་མ་ཟད། རྒྱུད་རྒྱུ་བཅོས་སྒྲིག་གིས་ནད་གཞི་སློང་བ། མིའི་རིགས་ཀྱི་འཚོ་གནས་ལ་འདྲ་མཉམ་མིན་པའི་གནས་སྟངས་སྐྲུན་པ་སོགས་ཀྱི་ཉེན་ཁ་ཡོད་སྐོར་བརྗོད་ཡོད་ན་ཡང་། ཐེངས་འདིའི་རྒྱུད་རྒྱུ་བཅོས་ཐབས་དང་དེ་ཁི་རཱ་སི་པེར(CRISPR)བཅོས་ཐབས་དང་འབྲེལ་ཡོད་པས་གནད་དོན་མེད་སྐོར་བརྗོད་ཡོད་འདུག

དེ་སྔོན་རྒྱ་ནག་ཧྲིན་ཀྲིན་(Shenzhen)ནས་ཡིན་པའི་རྒྱ་ནག་གི་ཚན་རིག་པ་ཧེ་ཇན་ཁའེ(He Jiankui)ཟེར་བ་ཞིག་གིས་རྒྱུད་རྒྱུ་(Genes)བཅོས་སྒྲིག་བྱས་ཏེ་བུ་མོ་མཚེ་མ་ཞིག་སྐྱེས་ཡོད་པ་གསལ་བསྒྲགས་བྱས་ཡོད་པ་དང་། གནས་ཚུལ་དེ་ཡོངས་བསྒྲགས་བྱས་རྗེས་རྒྱ་ནག་དང་རྒྱལ་སྤྱིའི་ཚན་རིག་པ་མང་པོས་ཞིབ་འཇུག་གྲུབ་དོན་དེས་མ་འོངས་པར་མིའི་རིགས་ཀྱི་སྐྱེས་འཕེལ་དང་འཚོ་གནས་ལ་ཆགས་འཇིག་ཆེན་པོ་ཡོང་རྒྱུ་ཡིན་པའི་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་དང་། དེ་བཞིན་ཁོས་རྒྱུད་རྒྱུ་བཅོས་སྒྲིག་སྐོར་གྱི་ཉམས་ཞིབ་གྲུབ་དོན་དེ་དེབ་དང་ཚན་རིག་དུས་དེབ་སོགས་གང་དུ་ཡང་བཀོད་མེད་པ་མ་ཟད། རྒྱ་གཞུང་ནས་བཀའ་འཁྲོལ་གང་ཡང་མ་ཞུས་པར་གསང་བའི་ཐོག་ནས་དངོས་སུ་ཚོད་ལྟ་བྱས་ཏེ་ཡོངས་བསྒྲགས་བྱས་ཡོད་པ་སོགས་ཀྱིས་གནད་དོན་ཆེན་པོ་ཆགས་ཡོད་པ་རེད།

ད་ལྟའི་ཆར་ལོ་རེ་བཞིན་འཛམ་གླིང་ཡོངས་སུ་ཨེ་ཙིའི་ན་ཚ་བཅོས་ཐབས་ཐད་ཞིབ་འཇུག་དང་བརྟག་དཔྱད་བྱས་ཏེ། ཨེ་ཙི་བཅོས་ཐབས་ཡོད་སྐོར་གྱི་གསལ་བསྒྲགས་སྤེལ་མཁན་མང་པོ་བྱུང་གི་ཡོད་ན་ཡང་། ད་བར་དངོས་སུ་ཨེ་ཙི་ནད་དུག་བཅོས་ཏེ་སྤྱི་ཡོངས་ནས་ལེགས་འགྲུབ་བྱུང་སོང་བ་གཅིག་ཀྱང་མེད་པ་དང་། ཕྱི་ལོ་ ༢༠༡༣ ལོར་ཨ་རིའི་ཨལ་བྷར་ཌི་ཨན་སི་ཀྲིང་གསོ་རིག་སློབ་ཆེན་གྱི་ཆེད་མཁས་པ་དྷ་དྷ་ཆོ་ཝ་(Ekaterina Dadachova)ལགས་གཙོས་པའི་གསོ་རིག་ཆེད་མཁས་པ་ཁག་ཅིག་གིས། དུས་ཡུན་རིང་པོར་ཉམས་ཞིབ་དང་ཚོད་ལྟ་བྱས་པ་བརྒྱུད། ཨེ་ཙི་ནད་དུག་བཅོས་ཐབས་རྙེད་ཡོད་སྐོར་བརྗོད་ཡོད་ན་ཡང་། རྗེས་སུ་བཅོས་ཐབས་དེ་ཡག་པོ་མ་བྱུང་ན་མིའི་ཀླད་ཁམས་དང་དབང་རྩ་སོགས་ནུས་མེད་དུ་འགྲོ་རྒྱུ་ཡིན་སྐོར་བརྗོད་ནས་མཚམས་འཇོག་བྱུང་ཡོད་འདུག

སྤྱིར་བཅོས་ཐབས་དེ་ནི་གཟུགས་པོའི་ནད་འགོག་ཕྲ་ཕུང་གསོ་ཐབས་(mAb2556) དང་། (radionuclide Bismuth-213)ཞེས་པ་ཞིག་གསར་བཟོ་བྱས་ཏེ།  (radionuclide Bismuth-213)ཞེས་པའི་སྨན་བཅོས་འདིས་ཁྲག་རྩའི་ནང་ཡོད་པའི་ཨེ་ཙིའི་ནད་འབུ་ཁག་རྩ་མེད་བཟོ་བ་ལས་ལུས་ཟུངས་ཀྱི་ཁྲག་རྩའི་མ་ལག་ཁག་ལ་གནོད་སྐྱོན་མི་བཟོ་ཚུལ་དང་། ང་ཚོས་མིའི་ཀླད་པའི་ནང་ཡོད་པའི་ཟུངས་ཁྲག་འགོག་སྲུང་གི་ཐབས་ལམ་ལ་བརྟེན་ཏེ། (mAb2556)ཞེས་པའི་བཅོས་ཐབས་སྤྱད་དེ་ཟུངས་ཁྲག་ནང་གི་ནད་འབུ་རྣམས་རྩ་མེད་བཟོ་བཞིན་ཡོད་ཀྱང་། སྨན་བཅོས་བརྟག་ཐབས་དེ་ཡག་པོ་བྱེད་མ་ཐུབ་པ་ཡིན་ན་ཀླད་པའི་དབང་རྩར་ཉམས་ཉེས་བྱུང་སྟེ་དབང་པོ་སྐྱོན་ཅན་ནམ། ཡང་ན་སེམས་ཁམས་བདེ་པོ་མེད་པ་ཆགས་རྒྱུའི་ཉེན་ཁའང་ཡོང་སྲིད་སྐོར་བརྗོད་ཡོད་པ་རེད།

ཨེ་ཙི་ནད་དུག་ནི་དུས་རབས་ ༢༠ པའི་དུས་མཇུག་ཏུ་ལྷོ་ཨ་ཧྥི་རི་ཁའི་གླིང་ཆེན་ནང་སྤྲེའུ་ལས་མི་ལ་འགོས་ཁྱབ་ཕྱིན་ཡོད་སྐོར་ཚན་རིག་པ་ཚོས་བརྗོད་བཞིན་ཡོད་པ་དང་། འགྲོ་བ་མིའི་སྤྱི་ཚོགས་ནང་ཕོ་མོས་འཁྲིག་སྤྱོད་དང་།  ཨེ་ཙི་ནད་པའི་ནུ་ཞོ། དེ་བཞིན་སྐྲ་དང་ཁ་སྤུ་བཞར་ཆས། སྨན་ཁབ་བཅས་ནས་ཁྲག་འདྲིས་པ་དང་། ཁྲག་སྦྱིན་སོགས་ལས་འགོས་ཀྱི་ཡོད་པ་ད་ང། ནད་གཞི་འདི་ཐོག་མར་ ༡༩༨༠ ཙམ་ལ་ངོས་འཛིན་བྱུང་རྗེས་ད་བར་ནད་པ་ས་ཡ་ ༣༦།༢ ལྷག་དང་། ནད་གཞི་འདིའི་རྐྱེན་གྱིས་མི་ས་ཡ་ ༦།༥ ཙམ་འདས་གྲོངས་སུ་ཕྱིན་ཚར་ཡོད་འདུག འདི་ལོའི་མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྙན་ཐོ་ལྟར་ན། ཕྱི་ལོ་ ༢༠༡༧ ལོ་གཅིག་པུར་འཛམ་གླིང་ཡོངས་སུ་ཨེ་ཙི་ནད་དུག་ཅན་ས་ཡ་ ༣༦།༩ དང་། ལོ་དེར་ཨེ་ཙི་འགོས་ཁྱབ་བྱུང་བ་མི་གྲངས་ས་ཡ་ ༡།༨ ཡོད་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༧/༠༤

Leave a Reply

One thought on “ཨེ་ཙི་ནད་དུག་བཅོས་ཐབས་གསར་པ་ཞིག་རྙེད་ཡོད་སྐོར་བསྒྲགས།  

  1. སེམས་ཅན་ནད་པ་ཇི་སྙིད་པ་།།
    མྱུར་དུ་ནད་ལས་གྲོལ་གྱུར་ཅིག།
    འགྲོ་བའི་ནད་རྣམས་མ་ལུས་པ།།
    རྟག་ཏུ་འབྱུང་བ་མེད་པར་ཤོག།།

    སྨན་མཆོད་གསར་པ་དེས་འགྲོ་ཀུན་ནད་ལ་གྲོལ་བའི་སྨོན་འདུན་ནོ།།