བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་གཞོན་བདེ་སྐྱིད་ཁང་གསར་དོན་གྲུབ་ཚེ་རིང་ལགས་དང་བདེ་སླར་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་ལས་དོ་ངག་དབང་ཆོས་ལྡན་ལགས་གཉིས་ལ་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་གནང་གཏན་འཁེལ་འདུགབོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གཟེངས་ཐོན་གཟེངས་རྟགས་ཚོགས་ཆུང་ནས་སྤྱི་མོས་གཏན་འབེབ་བྱུང་བ་ལྟར།  ཟླ་འདིའི་ཕྱི་ཚེས་ ༦ སྟེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་དང་སྟབས་བསྟུན། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་གཞོན་བདེ་སྐྱིད་ཁང་གསར་དོན་གྲུབ་ཚེ་རིང་ལགས་དང་། ནང་སྲིད་ཁྱབ་ཁོངས་བདེ་སྐྱིད་སླར་གསོའི་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་ལས་དོ་ངག་དབང་ཆོས་ལྡན་ལགས་གཉིས་ལ་ཕྱི་ལོ་ ༢༠༡༨ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་གནང་རྒྱུ་ཡིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་ཐོག་ཁོང་གཉིས་ཀྱི་ལས་དོན་གྲུབ་འབྲས་དང་ལོ་རྒྱུས་བཀོད་པ་ལྟར་ན། ནང་སྲིད་དྲུང་གཞོན་བདེ་སྐྱིད་ཁང་གསར་དོན་གྲུབ་ཚེ་རིང་ལགས་ཀྱིས། བཙན་བྱོལ་བོད་མིའི་སོ་ནམ་ལས་དོན་ཡར་རྒྱས་དང་ཚགས་ཚུད་གོང་སྤེལ། གཞིས་ཆགས་སྲ་བརྟན་དང་རྒྱུན་སྐྱོང་སླད་སོ་ནམ་ཐོག་དོན་གཉེར་བྱེད་མཁན་ཚོར་ཆེ་མཐོང་དང་སྐྱེད་སྲིང་སླད་ཞབས་འདེགས་དང་། བོད་མིའི་སྒྲིག་འཛུགས་དང་རོགས་ཚོགས་གཞན་གྱི་རོགས་རམ་ལས་འཆར་འོག ད་བར་དགོས་དངུལ་བསྡོམས་ཧིན་སྒོར་འབུམ་ ༦༣༠ སྐོར་ཞིག་གི་ལས་གཞི་ལག་བསྟར་ཚུལ་བཞིན་གནང་མུས་ཡིན་པ་སོགས། ཁོང་སྲི་ཞུར་ཞུགས་པ་ནས་བཟུང་རང་འཁྲིའི་ལས་འགན་གང་ཅིར་ལྷག་བསམ་ཟོལ་མེད་ཐོག་ལས་འགན་སྒྲུབ་མཁན་ཞིག་ཡིན་སྐོར་བཀོད་འདུག

བདེ་སྐྱིད་ཁང་གསར་དོན་གྲུབ་ཚེ་རིང་ལགས་ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༡༣ ནས་གནས་རིམ་སྡེ་འགན་ཐོག་བསྐོ་བཞག་བྱུང་བ་ནས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་དང་། མོན་གྷོ་འདོད་རྒུ་གླིང་མི་མང་མཉམ་འབྲེལ་གྱི་མཉམ་དྲུང་། མེའོ་ཆོས་འཕེལ་གླིང་ས་གནས་དང་། ལྷག་པར་དུ་འདས་པའི་ལོ་ངོ་གསུམ་ནང་ཁོང་གིས་བཙན་བྱོལ་བོད་མིའི་སོ་ནམ་ལས་དོན་ཡར་རྒྱས་དང་ཚགས་ཚུད་གོང་སྤེལ་སླད་རང་གཞུང་གི་བཀའ་དྲིན་འོག་ཨ་རི་གཞུང་གི་རོགས་རམ་དང་། རོགས་ཚོགས་གཞན་ཁག་གི་རོགས་རམ་ལས་འཆར་འོག་ད་བར་དགོས་དངུལ་བསྡོམས་ཧིན་སྒོར་འབུམ་ ༦༣༠ སྐོར་ཞིག་གི་ལས་གཞི་ཡོད་པ་ལག་བསྟར་ཚུལ་བཞིན་གནང་མུས་སུ་ཡོད་པ་དང་།  དེ་བཞིན་བཙན་བྱོལ་བོད་མིའི་སོ་ནམ་གཟེངས་བསྟོད་ཞེས་བཙན་བྱོལ་བོད་མིའི་སོ་ནམ་གཞིས་ཁག་ནས་ལོ་འཁོར་ནང་སོ་ནམ་རྩེ་ཕུད་གཉིས་ལ་གཟེངས་བསྟོད་བྱ་དགའ་གསོལ་བསྩལ་གནང་རྒྱུའི་ལས་གཞི་གསར་གཏོད་གནང་མཁན་གཙོ་གྲས་ཁུངས་སུ་ཡོད། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༡ ཉིན་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་དྲག་ཆར་རླུང་འཚུབ་ TITLI རྐྱེན་པས་སོ་ནམ་པའི་སྟོན་འབྲས་དང་སྡོད་ཁང་སོགས་ལ་གོད་ཆག་ཕོག་སྐབས། ཁོང་ནང་སྲིད་སྐུ་ཚབ་ཏུ་ཆེད་བསྐྱོད་ཀྱིས་ས་གནས་ས་ཐོག་ཏུ་གནད་སྨིན་དཀའ་སེལ་སླད་རང་གཞུང་བཀའ་ཤག་དང་ནང་སྲིད་ལས་ཁུངས་གཉིས་ཀྱི་བཀའ་འབྲེལ་ལྟར་རོགས་རམ་ཁག་དུས་ཐོག་བགོ་འགྲེམས་ཞུ་རྒྱུའི་རྐང་འགན་འཁུར། དེ་བཞིན་ནང་སྲིད་ལས་ཁུངས་དང་ཨི་ཊ་ལི་རོགས་ཚོགས་ COSPE ཐུན་མོང་གི་ལས་འཆར་ཐོག་ནང་སྲིད་ལས་ཁུངས་ཀྱི་འབྲེལ་མཐུད་པའི་འགན་འཁུར་ཏེ།  སོ་ནམ་གཞིས་ཁག་ནང་སྐྱེ་ལྡན་སོ་ནམ་པའི་ཐོན་སྐྱེད་འཕར་མ་ཕྱིར་ཚོང་སླད་སྐྱེ་ལྡན་མཐོང་ཆེན་ལག་འཁྱེར་དང་འབྲེལ་བའི་ལས་དོན་ཁག་དང་། སོ་ནམ་པ་ཚོས་སྐྱེ་ལྡན་སྲོལ་རྒྱུན་སོ་ནམ་ལམ་སྲོལ་ལ་གོ་རྟོགས་དང་། གནས་ཡུལ་རྒྱ་གར་ཞིང་པ་དང་འཕགས་བོད་ཕྱི་རྒྱལ་སློབ་ཕྲུག་རྣམས་ལ་གོ་རྟོགས་ཟབ་སྦྱོང་སྤྲོད་དགོས་པ་སོགས་འཐུས་ཚང་ཞུས་པ་མ་ཟད། བཙན་བྱོལ་བོད་མིའི་སོ་ནམ་ལས་དོན་ཡར་རྒྱས་དང་ཚགས་ཚུད་གོང་སྤེལ། གཞིས་ཆགས་སྲ་བརྟན་དང་རྒྱུན་སྐྱོང་སླད་སོ་ནམ་ཐོག་དོན་གཉེར་བྱེད་མཁན་ཚོར་ཆེ་མཐོང་དང་སྐྱེད་སྲིང་སླད་ཞབས་འདེགས་ཞུས་ཡོད་པ་སོགས། མདོར་ན་འདས་པའི་ལོ་ངོ་ ༢༤ ཙམ་རིང་ལྷག་བསམ་ཆེན་པོས་ཞབས་ཞུ་ཧུར་ཐག་ཞུ་མུས་རེད་འདུག

ལས་དྲུང་ལས་དོ་ངག་དབང་ཆོས་ལྡན་ལགས་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢༧ ནས་གནས་རིམ་རྒན་དྲུང་ཐོག་བསྐོ་གཞག་བྱུང་བ་ནས་བཟུང་རྒྱ་གར་བྱང་ཕྱོགས་མན་ཌི་ས་གནས་མགོ་འཛིན་ལས་ཁུངས་ཀྱི་རྩིས་པ་དང་། སྡེ་ར་ལྡུན་ས་གནས་མགོ་འཛིན་ལས་ཁུངས་ཀྱི་རྩིས་པ་བཅས་ཀྱི་ལས་འགན་ཞུས་ཡོད་པ་དང་།  ལྷག་པར་དུ་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ས་གནས་མགོ་འཛིན་ལས་ཁུངས་སུ་ཞབས་ཞུ་སྐབས། ས་གནས་མགོ་འཛིན་གྱི་ལས་འགན་ཉིན་གྲངས་ ༦༣ རིང་ཧུར་ཐག་གནང་། ས་གནས་སུ་གཞུང་ཞབས་བགྲེས་ཡོལ་རྣམ་པའི་ལས་ཤག་གསར་རྒྱག་དང་། བོད་ནས་ཕེབས་པའི་རང་རིགས་སྤུན་ཟླ་བཅས་ཀྱི་སྡོད་ཁང་གྲངས་ ༨༠ གསར་རྒྱག་ལས་གཞི་མཇུག་སྐྱོང་ཞུ་སྒོ་མཐའ་དག་གང་ལེགས་གནང་བ་དང་། ཁུལ་དེའི་བོད་མི་ཉམ་ཐག་ཁྱིམ་ཚང་གྲངས་ ༧ ལ་འཕྲོད་བསྟེན་ལས་ཁུངས་ཀྱི་མཐུན་འགྱུར་འོག་གསང་སྤྱོད་གསར་རྒྱག་ཞུ་སྒོ་མཐའ་དག་ལེགས་གྲུབ་བྱུང་། བདེ་སླར་སི་ཝི་པེ་སཾ་བྷོ་ཊ་སློབ་གྲྭའི་ཁང་པ་བཟོ་བཅོས་དང་། སློབ་གྲྭའི་དཔེ་མཛོད་ཁང་ཉམས་གསོ། འཛིན་ཆས་གསར་ཉོའི་ལས་གཞི་མཐའ་དག་གི་རོགས་རམ་ཐབས་འཚོལ་དགོས་པ་རྣམས་ལེགས་གྲུབ་བྱུང་ཡོད། གཞིས་གྲོང་ཁག་བཞིའི་འཐུང་ཆུའི་ལས་གཞིའི་ཐོག་འབྲེལ་ཡོད་འཕྲོད་བསྟེན་ལས་ཁུངས་ནས་རོགས་རམ་གསོལ་བསྩལ་གྱིས་ད་ཆ་འཐུང་ཆུའི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད། བོད་ཀྱི་ཞོ་སྟོན་ཐེངས་ ༢༤ པ་ས་གནས་སུ་སྲུང་གཙི་ཞུ་སྐབས། ཁོང་གིས་འབྲེལ་མཐུད་པའི་ངོ་བོར་ལས་དོན་ཞུ་སྒོ་ཆ་ཚང་འཐུས་གཙང་གིས་ཞོ་སྟོན་ལེགས་པར་སྲུང་གཙི་ཞུ་ཐུབ་པ་བྱུང་། གཞན་ཡང་།  ས་གནས་སུ་ལུས་སྦྱོང་འཕྲུལ་ཆས་(Outdoor Fitness Equiptments)བཅའ་འཛུགས་ལས་གཞིའི་ཐོག་འབད་བརྩོན་གང་ལེགས་གནང་བ་དང་། བོད་མིའི་གཞིས་ཆགས་གཅིག་བསྡུས་ཡར་རྒྱས་ལས་གཞིའི་ཁོངས་དེ་ག་གཞིས་ཆགས་ཀྱི་འོ་མ་ཚོགས་པའི་ལྟེ་གནས་ལས་ཁུངས་ཡར་རྒྱས་བཏང་གཏོང་བར་རོགས་རམ་ཇི་དགོས་ཆ་ཚང་ཞུས་ཡོད་པ་མ་ཟད། སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་ལམ་སྟོན་བཞིན་གཞིས་གྲོང་ནང་དུ་ཡོད་པའི་ཉམ་ཐག་རྣམས་ལ་མཐུན་འགྱུར་རོགས་རམ་ཀྱི་ཞབས་ཞུ་གང་ལེགས་གནང་མུས་ཡིན་པ་སོགས། འདས་པའི་ལོ་ངོ་ ༡༠ ལྷག་ནང་ཁོང་གིས་རང་འགན་འཁུར་དུ་བླངས་ནས་ཞབས་ཞུ་ཧུར་ཐག་ཞུ་མུས་ཡིན་འདུག

 ཀླུ་མགོན་ཐར་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བཏུས།

བསྐྱར་བཅོས།: ༢༠༡༩/༠༧/༠༤

Leave a Reply

2 thoughts on “བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

  1. གཞུང་པ་ཚེ་དབང་བསོད་ནམས་

    དཔའ་བོ་ལ་བྱ་དགའ་མ་ཕུལ་ན་དཔའ་བོ་སུ་ཡིན་ངོས་འཛིན་མི་ཐུབ།
    ཉེས་ཅན་ལ་ཉེས་པ་མ་བཏང་ན་བྱེད་པོ་ཐམས་ཅད་ཉེས་པའི་རྒྱུ་རུ་འགྲོ།
    བཙན་བྱོལ་སྤྱི་ཚོགས་འདི་ཁྲིམས་ཀྱི་དབང་བསྒྱུར་ལས་གང་ཟག་གི་དབང་བསྒྱུར་མིན་པ་
    དེ་བོད་མི་ཚང་མས་ཤེས་པ་དགྱིས།