སྐྱིད་གྲོང་འགག་སྒོར་དམ་དྲག་ཤུགས་སྣོན་བྱ་རྒྱུ་རེད།

རྒྱ་ནག་གཞུང་དང་བལ་གཞུང་གི་འབྲེལ་ཡོད་མི་སྣས་བོད་བལ་ས་མཚམས་སྐྱིད་གྲོང་འགག་སྒོར་དོ་དམ་ཁང་ཆེད་འཛུགས་ཀྱིས་ཁྲིམས་འགལ་ནག་ཚོང་རིགས་སོགས་ལ་སྔར་ལས་དམ་དྲག་བྱ་རྒྱུ་ཡིན་སྐོར་གླེང་སློང་བྱས་འདུགཀ་ཐ་མན་ཌུའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་སྤེལ་བ་ལྟར་ན།  ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྒྱ་ནག་དང་བལ་ཡུལ་གཞུང་གཉིས་ཀྱིས་བལ་བོད་ས་མཚམས་ཀྱི་བདེ་སྲུང་སྐོར་ལ་ཚོགས་འདུ་ཞིག་བསྡུས་ཏེ། བོད་ཕྱོགས་སྐྱིད་གྲོང་དང་བལ་ཕྱོགས་ར་སུ་ཝ་གྷ་ཌི་(Rasuwa gadhi)ས་མཚམས་སུ། ཕྱོགས་གཉིས་ཀྱི་མཉམ་འབྲེལ་ས་མཚམས་དོ་དམ་ལས་ཁང་ཞིག་བཙུགས་ནས་གསེར་དང་ཆེས་དཀོན་པའི་སྲོག་ཆགས་ཀྱི་ལུས་ཀྱི་ཆ་ཤས་ལྐོག་ཚོང་བྱེད་པ་སོགས་ཚུད་པའི་ནག་ཉེས་རིགས་ལ་ལྟ་ཞིབ་ནན་པོ་བྱ་རྒྱུ་ཡིན་པའི་གྲོས་མཐུན་བཞག་ཡོད་འདུག

ར་སུ་ཝ་གྷ་ཌི་རྫོང་གི་སྤྱི་ཁྱབ་རྫོང་དཔོན་ཨར་ཇུན་བྷན་དྷ་རི་ (Arjun Bhandari) ཡིས། ཕྱོགས་གཉིས་ནས་མོས་མཐུན་བྱུང་བའི་གྲོས་གཞི་ཁག་རྒྱལ་ཁབ་སོ་སོའི་དབུས་ནང་སྲིད་ལྷན་ཁང་ལ་བསྐྱར་ཞིབ་དང་ཆོག་མཆན་ཆེད་གཏོང་གི་ཡོད་པ་དང་། ཚོགས་འདུ་དེའི་ཐོག་ཕྱོགས་གཉིས་ཀྱི་ཡུལ་མི་འགྲོ་སྐྱོད་གུ་ཡངས་གཏོང་ཕྱོགས་སྐོར་གླེང་སློང་བྱས་ཏེ། བལ་ཡུལ་ཕྱོགས་ནས་ར་སུ་ཝ་གྷ་ཌི་ས་མཚམས་བརྒྱུད་ས་གནས་གཞན་གྱི་ཡུལ་མི་རྣམས་བོད་ནང་ཉིན་ ༡ རིང་འགྲོ་སྐྱོད་ཆོག་པ་དང་། ཚོང་འབྲེལ་ཐད་དམིགས་བསལ་ཆོག་མཆན་དགོས་པ་རྣམས་ཀྱི་གནས་ཚུལ་རྒྱ་ནག་གཞུང་གི་མཐོ་རིམ་མགོ་འཁྲིད་ལ་ཡར་ཞུ་བྱེད་པའི་ཁས་ལེན་བྱས་ཡོད་སྐོར་བརྗོད་འདུག

ཐེངས་འདིའི་བལ་ཡུལ་ཕྱོགས་ཀྱི་འཐུས་མི་རྣམས་ར་སུ་ཝ་གྷ་ཌི་རྫོང་གི་སྤྱི་ཁྱབ་རྫོང་དཔོན་ཨར་ཇུན་བྷན་དྷ་རི་ (Arjun Bhandari) ཀྱིས་སྣེ་འཁྲིད་ཡོད་པ་དང་། བོད་ཕྱོགས་ནས་སྐྱིད་གྲོང་གི་གནས་སྤོ་དང་འཛིན་སྐྱོང་ལས་མི་རྒྱ་མིང་ཅན་ཀོ་ཧའེ་ཧི་(Gao Huihai) ཟེར་བ་ཞིག་གིས་སྣེ་འཁྲིད་པའི་འཐུས་མི་ ༤ བཏང་ཡོད་འདུག

ཝེ་ཀེ་རིག་མཛོད་སོགས་སུ་བཀོད་པ་ལྟར་ན།  སྐྱིད་གྲོང་འགག་སྒོ་དེ་ནི་བོད་བལ་ས་མཚམས་སྐྱིད་གྲོང་གྲོང་རྡལ་དུ་ཕྱི་ལོ་ ༡༩༦༢ ཙམ་ནས་སྐམ་སའི་ཚོང་ལམ་དུ་དམིགས་ནས་སྒོ་ཕྱེས་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོ་ཙམ་ནས་རྒྱལ་ཁབ་གཞན་གྱི་ཡུལ་མིའང་འགག་སྒོ་དེ་ནས་འགྲོ་སྐྱོད་ཆོག་པ་བཟོས་ཏེ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྐམ་སའི་ཚོང་ལམ་འགག་སྒོ་ཞེས་པའི་ནང་བཅུག་ཡོད་འདུག

ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་དང་བལ་ཡུལ་གཞུང་བར་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་གྲོས་ཆོད་གཞིར་བཟུང་། སྔ་ལོར་བོད་རང་སྐྱོང་ལྗོངས་ཀྱི་སྐྱིད་གྲོང་རྫོང་ནས་སྤྱི་ལེ་ ༡༦༠ ཡས་མས་ཡོད་པའི་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུ་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད་སྐོར་བསྒྲགས་ཡོད་ཀྱང་། གནམ་གཤིས་དང་ས་བབ་སོགས་ཀྱིས་ལྕགས་ལམ་དེ་དངོས་སུ་ལེགས་འགྲུབ་ཡོང་ཧ་ཅང་ཁག་པའི་གནས་སུ་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༧/༠༥

Leave a Reply