བོད་གཞུང་མང་གཉིས་ཀྱིས་ཡུལ་ཕྱོགས་གང་ས་ནས་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས།

རྒྱ་གར་གཙོ་བོར་གྱུར་བའི་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༨༤ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་ཡི་ཡོད་པ་རེད།
དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན། ཞོགས་པའི་ཆུ་ཚོད་ ༨ པ་ཐོག་ལྷ་རྒྱལ་རིར་བསང་གསོལ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གྲུབ་རྗེས། སྔ་དྲོའི་ཆུ་ཚོད་ ༡༠ སྟེང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སེར་སྐྱ་མི་མང་ ༤༠༠༠ ལྷག་འདུ་འཛོམས་ཀྱིས་གཞུང་འབྲེལ་ཐོག་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་བོ་ཧི་མ་ཅལ་མངའ་སྡེའི་འབྲུ་རིགས་བློན་ཆེན་སྐུ་ཞབས་ཀི་ཤན་ཀཱ་པུར་ (Kishan Kapoor) མཆོག་ཕེབས་འདུག་ལ། མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་སོགས་གནང་གྲུབ་རྗེས། ཆོས་རིག་ལས་ཁུངས་ནས་ལོ་ ༤ རིང་ནང་དོན་རིག་པའི་ཐོག་རིག་གཅིག་རྐང་འཛིན་པ་སྐྱེད་སྲིང་གི་ལས་གཞིའི་འོག་སྐབས་དང་པོའི་རིགས་གཅིག་རྐང་འཛིན་ཉམས་ཞིབ་ལེགས་ཐོན་པ་ ༡༠ ལ་གཟེངས་རྟགས་དང་། ནང་སྲིད་དྲུང་གཞོན་བདེ་སྐྱིད་ཁང་གསར་དོན་གྲུབ་ཚེ་རིང་ལགས་ལ་ཕྱི་ལོ་ ༢༠༡༨ ལོའི་འགན་འཛིན་སྡེ་ཚན་གྱི་ལས་བྱེད་ལས་དོན་གཟེངས་རྟགས་དང་། ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་ལས་ཁང་གི་ལས་དྲུང་ལས་དོ་ངག་དབང་ཆོས་ལྡན་ལགས་ལ་ལས་བྱའི་སྡེ་ཚན་གྱི་གཟེངས་རྟགས་གནང་སོང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ལ་ཞབས་ལོ་ ༢༥ ཧྲིལ་བོ་འཁོར་བའི་སྲི་ཞུ་བ་ ༨ ལ་གཟེངས་རྟགས་དང་། ཤེས་རིག་ལས་ཁུངས་ཀྱི་སྒྲིག་ཞུགས་མ་ཡིན་པའི་རིགས་གཅིག་རྐང་འཛིན་ཉམས་ཞིབ་པ་གཉན་ཐར་ལགས་དང་། བསམ་གྲུབ་ལགས་གཉིས་ལ་རིགས་གཅིག་རྐང་འཛིན་གྱི་ཕྱག་འཁྱེར་བཅས་གནང་བ་དང་། དེ་བཞིན་སྐུ་མགྲོན་གཙོ་བོ་མཆོག་ནས་ཕྱི་དྲིལ་རྒྱ་ཡིག་ཚན་པས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༡༩༦༠ ནས་བཟུང་ཕྱི་ལོ་ ༢༠༡༡ བར་གསུམ་བཅུའི་དུས་དྲན་སོ་སོར་བསྩལ་བའི་གསུང་འཕྲིན་རྒྱ་ཡིག་ནང་བསྒྱུར་བ་ཞིག་དང་། རྒྱ་རིགས་རྣམས་ཀྱིས་རྒྱུན་ཏུ་འདྲི་བཞིན་པའི་དྲི་བ་ཁག་ཅིག་རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག་ནང་ཡོད་པ་གཅིག་བཅས་དཔེ་དེབ་གཉིས་དབུ་འབྱེད་བཅས་སོང་། གཞན་ཡང་བོད་ཀྱི་ཟློས་གར་ཚོགས་པ་དང་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ཀྱིས་གཞས་སྣ་འཁྲབ་སྟོན་ཞུས་སོང་།

མཛད་སྒོའི་ཐོག་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་ནས་ཁལ་མུག་རྒྱལ་ཁབ་གྱི་སྲིད་འཛིན་ནས་༧སྐུའི་འཁྲུངས་སྐར་ཐེངས་ ༨༤ ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཕུལ་པའི་འཚམས་འཕྲིན་སྒྲོག་སྦྱངས་གནང་སོང་པའི་ནང་། ཁལ་མུག་རྒྱལ་ཁབ་ཀྱི་མི་མང་ཡོངས་ཀྱི་ཚབ་ཞུས་ནས་དེ་རིང་གི་དགའ་བར་འོས་པའི་ཉིད་ཀྱི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་བ་དང་ཆབས་ཅིག ཉིད་ཀྱི་སྐུ་ཚེ་བརྟན་པ་དང་འཕྲོད་བཞེས་འཕེལ་བའི་སྨོན་འདུན་དང་། དེ་མཚུངས་སུ་༧སྐུ་ཉིད་ཀྱི་རང་ལས་གཞན་གཅེས་ཀྱི་མཛད་རྗེས་ལ་བརྟེན་ནས་བློ་གྲོས་ (wisdom) དང་གོ་རྟོགས་ (knowledge) འཕེལ་བཞིན་པར་བསྔགས་བརྗོད་དང་། ཉིད་ཀྱིས་བདེ་སྐྱིད་ནི་ཐོག་མ་ཉིད་ནས་ཡོད་པ་ཞིག་མིན་པར་དེ་ནི་རང་ཉིད་ཀྱི་བྱ་སྤྱོད་ལས་བྱུང་གི་ཡོད་སྐོར་གསུངས་བ་སོགས་ཉིད་ཀྱི་གསུང་ནི་ངོས་དང་ཁལ་མུག་མི་མང་གི་མི་ཚེའི་ལམ་སྟོན་དུ་གྱུར་ཡོད་པ་རེད། ཉིད་ཀྱི་༧སྐུ་ཚེ་ཡུན་ཏུ་བརྟན་པ་དང་ནང་བསྟན་དར་ཞིང་རྒྱས་པའི་སྨོན་འདུན་ཞུ་ཡི་ཡོད། ཅེས་གསུངས་འདུག

དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་སྐབས།  འདི་ལོའི་ཕྱི་ཟླ་ ༥ པའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བོད་གཞིས་བྱེས་གཞུང་མང་ལྷ་མི་ཡོངས་ནས་བརྟན་བཞུགས་བསྟར་འབུལ་སྐབས། གང་ཉིད་ནས་དགུང་གྲངས་ ༡༡༣ སྐོར་སྐུ་ཚེ་བརྟན་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་པར་དགའ་སྤྲོ་དཔག་མེད་དང་བཅས་དེ་རིང་གི་དུས་བཟང་འདིར་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བ་དང་ཆབས་ཅིག བོད་ཀྱི་དུས་སྐབས་གཉན་འཕྲང་ཅན་འདིར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་དམ་ཚིག་ཟོང་ཁ་གཅིག་ཏུ་བསྒྲིལ་ནས་ཁ་ཞེ་གཉིས་མེད་ཀྱིས་བཀའ་དགོངས་ཟབ་མོ་རྣམས་བསྒྲུབས་ཏེ་བཀའ་བཞིན་འགྲུབ་པ་མཆོད་པའི་མཆོག་གསུངས་པ་བཞིན། དངོས་ཤུགས་བརྒྱུད་གསུམ་ནས་ཐུགས་མཉེས་པ་འབའ་ཞིག་ཞུ་དགོས་པ་ནི་དོན་གྱི་སྙིང་པོ་ཞིག་ཡིན། ཞེས་གསུངས་སོང་།

ཡང་ཁོང་གིས།  འདི་ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་དགུང་ཀེག་དངོས་གཞི་ཡིན་སྟབས། ལྷ་བླའི་ཐུགས་དམ་དགོངས་དོན་བཞིན་ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་བོད་མི་སེར་སྐྱ་ཡོངས་ནས་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་ཞུ་སྒོ་ཁག་འབད་འབུངས་ཞུ་བཞིན་ཡོད་པ་དང༌། ད་དུང་ཡང་ཚང་མས་སླ་བཅོས་སུ་མ་སོང་བར་དམ་པ་དོན་གཉེར་གྱིས་ཧུར་བསྐྱེད་ཞུ་རྒྱུར་དུས་ཀུན་ཏུ་ཡིད་འཇགས་དགོས་པའི་སྐུལ་དེད་བསྐྱར་ནན་ཞུ་རྒྱུ་ཡིན། སྤྱིར་བོད་ཀྱི་སྣོད་བཅུད་ཧྲིལ་པོ་རྒྱ་ནག་དམར་གཞུང་གིས་བཙན་བཟུང་བྱས་ནས་མགོན་པོ་གང་ཉིད་ཀྱིས་དབུས་བྱེས་འབྱོར་བོད་མི་རྣམས་བཙན་བྱོལ་ལ་གྱུར་ཏེ་མི་ལོ་ ༦༠ འགྲོ་བཞིན་ཡོད་ན་ཡང་། གནའ་ནས་ཆོས་སྲིད་གང་ཐད་ནས་འབྲེལ་འདྲིས་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དབུས་སའི་གཞུང་མང་ཡོངས་ནས་གང་ཅིའི་ཐད་བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྒོང་རྒྱ་ཆེ་གནང་བའི་བཀའ་དྲིན་དང་། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་། དབུ་ཁྲིད་རྣམ་པ། ཚོགས་པ་དང་མི་སྒེར་བཅས་ཚང་མར་དེ་རིང་གི་དུས་བཟང་འདིར་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

དེ་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བཀའ་ཤག་གི་གསུང་བཤད་གནང་སྐབས། ༧གོང་ས་རྒྱལ་བ་རིན་པ་མཆོག་ནས་བོད་གངས་ཅན་པ་རྣམས་ལ་ཐུགས་བརྩེས་བསྐྱངས་པའི་སྐུ་དྲིན་ནི་བསྐལ་པ་སྟོང་གི་བར་དུའང་གཞལ་མི་ཐུབ་པ་ཞིག་ཡིན། བོད་མིའི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མཐའ་དག་༧གོང་ས་མཆོག་གི་ཐུགས་རྗེའི་འཕྲིན་ལས་ཁོ་ནར་རག་ལུས་ཡོད་པས་མགོན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་མཛད་འཕྲིན་ཆེས་ཆེར་རྒྱས་དགོས་པ་ནི་བོད་མིའི་འཕྲལ་ཕུགས་གཉིས་ཀའི་བདེ་དོན་གྱི་རྩ་བ་ཡང་ཡིན། ང་ཚོ་ཚང་མས་དགའ་གུས་བྱེད་དགོས་པར་ཉེ་སྔོན་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་བོད་གཞུང་མང་ལྷ་མི་ཡོངས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སྐབས་ལུང་དང་སྨོན་ལམ་གྱིས་ཟིན་པ་ལྟར་མགོན་པོ་མཆོག་དགུང་གྲངས་ ༡༡༠ ལྷག་འཚོ་གཞེས་གནང་རྒྱུའི་བཀའ་བཞེས་བཟང་པོ་ཕེབས་པ་ནི་སྐྱེ་འགྲོ་སྤྱི་དང་ཁྱད་པར་བདག་ཅག་སྐྱབས་འོག་པ་རྣམས་ཀྱི་བསོད་སྐལ་ཡང་ཡིན། ཞེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས།  ༸གོང་ས་མཆོག་གི་མཛད་རྗེས་དེ་དག་ལ་འཛམ་གླིང་ཕྱོགས་ཀུན་ནས་ཡི་རངས་ཏེ་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱིས་མཚོན་གཟེངས་བསྟོད་སོགས་གྲངས་ ༡༥༠ ལྷག་དགྱེས་འབུལ་ཞུས་ཡོད། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གངས་ཅན་པ་རྣམས་ལ་ཐུགས་བརྩེས་བསྐྱངས་པའི་སྐུ་དྲིན་ནི་བསྐལ་པ་སྟོང་གི་བར་དུའང་གཞལ་མི་ཐུབ་པ་ཞིག་ཡིན། བོད་མིའི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མཐའ་དག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་འཕྲིན་ལས་ཁོ་ནར་རག་ལུས་ཡོད་པས་མགོན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་མཛད་འཕྲིན་ཆེས་ཆེར་རྒྱས་དགོས་པ་ནི་བོད་མིའི་འཕྲལ་ཕུགས་གཉིས་ཀའི་བདེ་དོན་གྱི་རྩ་བ་ཡང་ཡིན། ང་ཚོ་ཚང་མས་དགའ་གུས་བྱེད་དགོས་པར་ཉེ་སྔོན་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་བོད་གཞུང་མང་ལྷ་མི་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སྐབས་ལུང་དང་སྨོན་ལམ་གྱིས་ཟིན་པ་ལྟར་མགོན་པོ་མཆོག་དགུང་གྲངས་ ༡༡༠ ལྷག་འཚོ་གཞེས་གནང་རྒྱུའི་བཀའ་བཞེས་བཟང་པོ་ཕེབས་པ་ནི་སྐྱེ་འགྲོ་སྤྱི་དང་ཁྱད་པར་བདག་ཅག་སྐྱབས་འོག་པ་རྣམས་ཀྱི་བསོད་སྐལ་ཡང་ཡིན། འདི་ལོ་ནི་མགོན་པོ་མཆོག་གི་སྐུའི་དགུང་ཀེག་འཁེལ་གྱི་ཡོད་སྟབས་༸སྐུའི་གསང་བ་གསུམ་ལ་གེགས་ཕྲ་མོ་ཙམ་ཡང་མི་བཞེས་ཆེད་བོད་མི་ཡོངས་ནས་སྤྱི་མཐུན་གྱི་བསོད་ནམས་གསོག་བསྐྱེད་སླད་རྣམ་དཀར་དགེ་བའི་ལས་ལ་འབད་འབུངས་དང། བླ་སློབ་དབར་གྱི་དམ་ཚིག་བསྲུང་རྒྱུ། ལྷག་དོན་༸མགོན་པོ་མཆོག་གིས་ཅི་གསུང་བཀའ་བསྒྲུབ་ཞུ་དགོས་པ་བཅས་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།

དེ་རིང་གི་གོ་སྐབས་འདི་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ལྷག་པར་འཛམ་གླིང་སྤྱི་ལ་སྨན་པའི་ཁོང་གི་དགོངས་གཞི་དག་དོན་འབྲས་སོན་ཕྱིར་རྒྱབ་སྐྱོར་དང་ལག་བསྟར་དོན་འཁྱོལ་ཡོང་བར་ཕྱོགས་གང་ས་ནས་མཐུན་འགྱུར་སོགས་གནང་མཁན་ཡོངས་དང། དེ་བཞིན་བོད་དང་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བོད་མི་མང་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་སོང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཀི་ཤན་ཀཱ་པུར་ (Kishan Kapoor) མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་སྦྲགས།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ལ་བསྔགས་བརྗོད་ཞུས་པ་དང་། ༧མགོན་པོ་གང་ཉིད་ནས་དུས་རྟག་ཏུ་གསུང་བཞིན་པ་ལྟར་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ནང་བསྟན་རྒྱུན་འཛིན་གནང་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཆགས་སྐོར་དང་།  བོད་ནང་དུས་འགྱུར་བྱུང་སྟེ་༧གོང་ས་རྒྱལ་བ་རིན་པོ་མཆོག་དྷ་རམ་ས་ལར་བཞུགས་གདན་འཇགས་པ་ནས་བཟུང་གནས་འདིར་རྒྱལ་སྤྱིའི་མི་སྣ་མང་པོ་འཛོམས་ཀྱི་ཡོད་པ་དང་། དེ་ལ་བརྟེན་ནས་དེང་སང་དྷ་ས་ཁུལ་དུ་ཁང་པ་ཡིན་ནའང་ཐོག་རྩེག་མཐོན་པོ་ཅན་མང་པོ་འཛུགས་བསྐྲུན་ཐུབ་ཡོད་པ་སོགས་ཡུལ་མིའི་དཔལ་འབྱོར་ཐད་ཡར་རྒྱས་ཆེན་པོ་ཕྱིན་ཡོད་སྐོར་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་བོད་མིའི་དབུ་འཁྲིད་ཙམ་མ་ཡིན་པར་འཛམ་གླིང་གི་དབུ་འཁྲིད་ཅིག་ལ་ངོས་འཛིན་ཞུ་བཞིན་ཡོད་སྐོར་སོགས་གསུངས་སོང་

འདི་ལོར་བལ་ཡུལ་ནང་འཁྲུངས་སྐར་སྲུང་གཙི་ཞུ་ཐུབ་མེད་ཀྱང་། རྒྱ་གར་ནང་གི་བོད་མི་འདུས་སྡོད་ཁུལ་གྱི་གཞིས་ཆགས་དང་དགོན་སྡེ། དེ་བཞིན་སློབ་གྲྭ་ཁག་གཙོ་བོར་གྱུར་བའི་འབྲུག་སོགས་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་གྱི་ཐོག་ནས་སྲུང་གཙི་ཞུས་དང་ཞུ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གི་བཙན་གནོན་ལ་མ་འཛེམས་པར་བོད་ནང་དུའང་མི་མངོན་པའི་ཐོག་ནས་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་པའི་གནས་ཚུལ་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཐོན་གྱི་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༧/༠༦

Leave a Reply

2 thoughts on “བོད་གཞུང་མང་གཉིས་ཀྱིས་ཡུལ་ཕྱོགས་གང་ས་ནས་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས།

  1. སྲས་སྐུ་ངོ་།

    ༧གོང་ས་རྒྱལ་བོ་རིན་པོ་ཆེ་མཆོག་གི་སྐུ་ཚེ་བརྟན་ཞིང་ཐུགས་ཀྱི་བཞེད་དོན་ལྷུན་འགྲུབ་ཡོང་བའི་སྨོན་ལམ་འདེབས།

  2. ༄།འཁྲུངས་སྐར་ལ་མཚམས་འདྲི་ཞུ་བ་དང་ཆབ་གཅིག་འཕགས་པ་སྤྱིན་རས་གཟིགས་ཐུབ་དབང་འཛིན་པ་ཕྱག་ན་པད་མོ་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བར་དུ་བརྟེན་པ་ཤོག།