ང་ཚོས་རྣམ་དཔྱོད་ལྡན་པའི་ཐོག་ནས་རང་གཅེས་འཛིན་བྱེད་དགོས་པ་ལས་གླེན་རྟགས་ཚ་བོ་བྱེད་རྒྱུ་མེད།

༧གོང་ས་མཆོག་གིས་ང་ཚོས་སློབ་གྲྭ་ཁག་ནང་སེམས་མྱོང་གི་འཕྲོད་བསྟེན་སློབ་པར་ཐོག་མར་སེམས་དང་འབྲེལ་བའི་ཤེས་བྱ་ཡོངས་སུ་རྫོགས་པར་རྒྱུས་ལོན་ཞིབ་ཚགས་བྱས་ན་ཁོང་ཁྲོ་དང་ཞེད་སྣང་སོགས་མི་དགེ་བའི་བློ་ལ་ཕར་རྒོལ་བྱེད་པར་ཡག་པོ་ཡོད་པས་སེམས་བག་ཕེབས་པོ་བཟོ་བྱེད་ཀྱི་སྨན་ཡང་དགོས་ཀྱི་མེད་སྐོར་གསུངས།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་གྱི་ཐོག བཞུགས་སྒར་དྷ་ས་རམ་ས་ལའི་རྒྱལ་བའི་ཕོ་བྲང་དུ། བོད་ཀྱི་དཔེ་མཛོད་ཁང་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དེ་རིང་ནས་ཉིན་ ༢ རིང་སྟོང་ལོ་གསུམ་པའི་འགྲོ་བ་མིའི་ཤེས་ཡོན་སློབ་གསོ་ཞེས་པའི་བཞུགས་མོལ་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་བགྲོ་གླེང་ནང་རྒྱལ་ཁབ་ ༡༠ ཡི་སློབ་གསོ་བ་དང་སེམས་ཁམས་རིག་པ་བ་སོགས་ཆེད་མཁས་པ་བཅུ་གྲངས་ཤིག་ལྷན་འཛོམས་གནང་ཡོད་པ་དང་། བགྲོ་གླེང་གི་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཚམས་འདྲི་ཞུས་རྗེས་སྟོང་ལོ་གསུམ་པའི་ལས་གཞིའི་འབྲེལ་མཐུད་པ་ (Margarita Kozhevnikova) ལགས་ཀྱིས།  ལས་གཞི་འདིའི་དམིགས་ཡུལ་ནི་དེང་སྐབས་ཀྱི་ཤེས་ཡོན་སློབ་གསོ་ལ་འདོད་བློ་ཁེངས་ཀྱི་མེད་པ་དང་། འདས་པའི་ལོ་བཅུ་ཕྲག་གཅིག་ནང་ཤེས་ཡོན་སློབ་གསོའི་གནས་སྟངས་སྐྱོ་རུ་ཕྱིན་ཡོད་ལ། ཤེས་ཡོན་སློབ་གསོ་ནི་འགྲོ་བ་མིའི་དཔལ་ཡོན་འཕེལ་རིམ་གྱི་ནང་གལ་ཆེན་ཏུ་མཐོང་བ་སོགས་ལ་བརྟེན་ནས་ལས་གཞི་འདི་ཐོག་མར་ལོ་གཅིག་ཙམ་གོང་དུ་མགོ་འཛུགས་བྱས་ཡོད་པ་དང་། འགྲོ་བ་མིའི་ཤེས་ཡོན་སློབ་གསོའི་ཐད་སེམས་ཁུར་ཡོད་མཁན་ཚོའི་རྒྱལ་སྤྱི་རང་བཞིན་ལྡན་པའི་མཉམ་ཞུགས་ཡོངས་ཐབས་སུ་ཐེངས་འདིའི་ཐོག་མའི་བཞུགས་མོལ་བགྲོ་གླེང་ཞིག་འཚོག་གི་ཡོད་སྐོར་འགྲེལ་བརྗོད་གནང་རྗེས། དེ་རིང་གི་བགྲོ་གླེང་གཙོ་སྐྱོང་བ་བྷོབ་ལི་ནར་ཌི་(Bob Linard) ལགས་ནས་ཤེས་ཡོན་སྲིད་བྱུས་དང་དམངས་གཙོ། འགྲོ་བ་མི་དང་སློབ་ཁྲིད་བཅས་ཀྱི་བརྗོད་གཞི་རེ་རེ་ངོ་སྤྲོད་གནང་།

བགྲོ་གླེང་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་ཀྱི་བསམ་པར་གཞི་རྩའི་ཤེས་ཡོན་ཀྱི་དམིགས་ཡུལ་ནི་མི་ཚེ་སྐྱིད་པོ་ཞིག་དང་རིམ་པས་སྤྱི་ཚོགས་དང་འཛམ་གླིང་སྐྱིད་པོ་ཞིག་བསྐྲུན་རྒྱུ་དེ་རེད། ཡིན་ནའང་དེ་ནི་ལེགས་འགྲུབ་མ་བྱུང་བ་རེད། དེང་སྐབས་འབུ་སྲིན་དང་བྱ་རིགས་ཚུད་པའི་སྲོག་ཆགས་ཚང་མས་བདེ་སྐྱིད་ལྡན་པའི་ཚེ་ཞིག་བྱུང་ན་བསམ་གྱི་ཡོད་པ་རེད་ལ། མིའང་གཅིག་མཚུངས་རེད་དེ་ང་ཚོས་ཉིན་ལྟར་བརྙན་འཕྲིན་གསར་འགྱུར་ལ་བལྟས་ཚེ། ང་ཚོ་འགྲོ་བ་མི་རང་ཉིད་ཀྱིས་བཟོས་པའི་དཀའ་ངལ་མང་པོ་ཞིག་དང་འཕྲད་བཞིན་ཡོད་པ་རེད། ང་ཚོར་ཅིའི་ཕྱིར་དཀའ་ངལ་དེ་དག་ལ་འཕྲད་ཡོད་པ་ནི་དྲི་བ་ཞིག་རེད། ངོས་ཀྱི་བསམ་པར་ཕྲུ་གུ་སློབ་གྲྭར་མ་ཞུགས་སྔོན་འགྲོ་བ་མིའི་གཞི་རྩའི་རང་བཞིན་དེ་ཧ་ཅང་གསོན་པོར་གནས་ཡོད་པ་རེད། ཁོང་ཚོ་མཉམ་དུ་སྐྱིད་པོས་ངང་རྩེད་མོ་རྩེ་རྒྱུ་བྱུང་ན། ཕྲུ་གུ་གཅིག་གིས་གཞན་དེའི་ཆོས་དད་དང་རྒྱལ་ཁབ། ཁྱིམ་ཚང་གི་རྒྱབ་ལྗོངས་སོགས་ལ་ཁ་ཡ་བྱེད་ཀྱི་མ་རེད། ཚན་རིག་པ་མང་པོ་ཞིག་གིས་མིའི་གཞི་རྩའི་རང་བཞིན་ནི་བྱམས་བརྩེ་དང་ལྡན་པ་ཞིག་ཡིན་པ་བརྗོད་ཀྱི་ཡོད་པ་རེད། དེ་ནི་གནས་ལུགས་དང་ལྡན་པ་ཞིག་རེད། འཛམ་གླིང་འདིའི་ཐོག་དཀའ་རྙོག་བཟོ་མཁན་རྣམས་ཚུད་པའི་འགྲོ་བ་མི་དུང་ཕྱུར་ ༧༠ རྣམས་ཚང་མ་མའི་མངལ་ནས་སྐྱེས་པ་རེད། ཚང་མ་ཆུང་དུས་སུ་ཕྲུ་གུ་གཞན་དང་འདྲ་བར་རང་ཉིད་ཀྱི་ཨ་མ་དང་གྲོགས་པོའི་བྱམས་བརྩེ་ཐོབ་ཡོད་པ་རེད། ནམ་རྒྱུན་ནས་ངོས་ཀྱི་བྱམས་བརྩེ་ཡི་དགེ་རྒན་ཐོག་མ་ནི་རང་ཉིད་ཀྱི་ཨ་མ་ཡིན་པ་ལས་ཨ་ཕ་མིན་པ་བརྗོད་ཀྱི་ཡོད། ངོས་ཀྱི་ཨ་ཕ་ཁོང་ཁྲོ་ཚ་པོ་ཡོད་པ་དང་། ངོས་ལའང་ཉེས་རྡུང་རག་མྱོངས་ཡོད། ཨ་མས་ནམ་ཡང་ཁོང་ཁྲོའི་རྣམ་འགྱུར་མི་སྟོན་པ་མ་ཟད་ཧ་ཅང་བརྩེ་བ་ཆེན་པོ་ཡོད་པ་རེད། ཨ་མའི་བྱམས་བརྩེ་ལ་བརྟེན་ནས་ང་ཚོ་འཚོ་གནས་ཐུབ་ཡོད་པ་རེད། ཚན་རིག་པས་ཕྲུ་གུ་ལ་རང་ཉིད་ཀྱི་ཨ་མ་ནས་བརྩེ་བ་ཆེན་པོ་ཐོབ་མཁན་དེ་ཚོའི་མི་ཚེའི་ནང་ཞི་བདེ་དང་བདེ་འཇགས་ཚོར་གྱི་ཡོད་པ་དང་། གཞན་ཨ་མས་ཆུང་དུས་ནས་གཡུགས་པ་དང་མེད་པ་རྣམས་མི་ཚེའི་ནང་འབྱོར་བ་ཅི་ཙམ་ཐོབ་ནའང་སེམས་གཏིང་ནས་བདེ་འཇགས་མེད་པ་ཚོར་ཀྱི་ཡོད་པ་བརྗོད་ཡོད་པ་རེད། གནས་ལུགས་ཀྱི་ཐོག་ནས་ང་ཚོ་ནི་སྤྱི་ཚོགས་འདུས་སྡོད་ཀྱི་སྲོག་ཆགས་ཡིན་པ་དང་། བྱ་སོགས་སྤྱི་ཚོགས་འདུས་སྡོད་ཀྱི་སྲོག་ཆགས་ཚང་མའི་སྒེར་གྱི་འཚོ་གནས་ནི་སྤྱི་ཚོགས་ཁྱོན་ཡོངས་ལ་བརྟེན་ཡོད་པ་རེད། དྲི་བ་ནི་མིའི་གཞི་རྩའི་རང་བཞིན་བྱམས་བརྩེ་དང་ལྡན་པ་ཞིག་དང་སྤྱི་ཚོགས་འདུས་སྡོད་ཀྱི་སྲོག་ཆགས་ཡག་པོ་ཞིག་ཡིན་ཚེ་ཅིའི་ཕྱིར་ང་ཚོའི་དཀའ་ངལ་མང་པོ་ཞིག་རང་ཉིད་ཀྱིས་བཟོས་པ་རེད། ང་ཚོས་ཤེས་ཡོན་ཐད་ལ་དྲི་བ་འདྲི་དགོས་པ་ཆགས་ཡོད་པ་རེད། ངོས་ཀྱིས་རྟག་ཏུ་ཕྲུ་གུ་ཚོ་སློབ་གྲྭ་མ་ཞུགས་སྔོན་མིའི་གཞི་རྩའི་རང་བཞིན་ཧ་ཅང་ལྡན་ནའང་། སློབ་གྲྭར་ཞུགས་རྗེས་སློབ་གྲྭའི་ནང་མིའི་གཞི་རྩའི་རང་བཞིན་དེ་ཚོའི་སྐོར་དེ་ཙམ་གླེང་གི་མེད་པ་རེད། དེ་བས་ནུབ་ཕྱོགས་ནས་མགོ་བཙུགས་པའི་དེང་རབས་ཀྱི་སློབ་གསོ་ནི་ཕྱི་དངོས་པོ་ལ་ཁ་ཕྱོགས་པའི་སློབ་གསོ་རེད། སློབ་གསོ་དེ་འདྲའི་འོག་ནས་འཚར་ལོངས་བྱུང་བའི་མི་རྣམས་ལ་ནང་སེམས་ཞི་བདེ་ཉར་ཐབས་ལ་ཤེས་བྱ་དེ་ཙམ་མེད་པ་རེད། ཉིན་ཞིག་ཕྲག་དོག་དང་ཁོང་ཁྲོ། ཞེད་སྣང་སོགས་བསླེབས་ཚེ་ཁོང་ཚོས་དེ་ཚོ་ཅི་ལྟར་འགོག་དགོས་ཤེས་ཀྱི་མེད་པ་རེད་ལ། དེ་ལྟ་བུའི་མི་ལ་ནང་སེམས་ཀྱི་དཀའ་ངལ་སེལ་ཆེད་ཕལ་ཆེ་བ་མྱོས་རྫས་དང་ཆང་རག་ལ་བརྟེན་གྱི་ཡོད་པ་རེད། ཚོར་ཤུགས་ཆེ་རུ་ཕྱིན་ཚེ་མཐའ་མ་རང་སྲོག་གཅོད་པའང་བྱུང་གི་ཡོད་པ་རེད། ཅེས་གསུངས།

ཁོང་གིས་མུ་མཐུད། ང་ཚོས་ངེས་པར་དུ་བྱིས་སྙོར་ཁང་ནས་བཟུང་སེམས་མྱོང་གི་འཕྲོད་བསྟེན་བསླབ་རྒྱུའི་མགོ་བརྩམ་དགོས། ང་ཚོས་བྱིས་པ་རྣམས་ལ་འཛུམ་བག་ཅན་དང་ཁྲོ་བའི་རྣམ་འགྱུར་གཉིས་ལས་གང་ལ་དགའ་སྣང་བྱེད་ཀྱི་ཡོད་མེད་འདྲི་བ་དང་། ཁོ་ཚོས་རང་ཤུགས་ཀྱིས་འཛུམ་བག་ཅན་ལ་དགའ་མོས་བྱེད་ཀྱི་ཡོད་པ་བརྗོད་ངེས་རེད་ལ། མཚམས་རེར་ཁོ་ཚོའི་ཕ་མས་ཀྱང་ཁྲོ་བའི་རྣམ་འགྱུར་བསྟན་ཚེ་དགའ་མོས་བྱེད་ཀྱི་མེད་པ་རེད། དེར་བརྟེན་ཕྲུ་གུ་ཚོས་རང་བཞིན་དང་གཟུགས་པོའི་སྐྱེ་ཁམས་ཀྱི་ཆ་ནས་འགྲོ་བ་མིའི་བྱམས་བརྩེ་ལ་དགའ་མོས་བྱེད་ཀྱི་ཡོད་པ་གསལ་པོ་བསྟན་ཡོད་པ་རེད། བྱམས་བརྩེ་ཞེས་པ་དེ་ནི་ཕ་རོལ་བོའི་བདེ་སྡུག་ལ་སེམས་འཁུར་བྱེད་པ་ལས། ང་དང་ང་ཞེས་བདག་འཛིན་གྱི་ལྟ་བ་ཤུགས་ཆེན་ཡོད་པ་ཞིག་མིན། ཕྲུ་གུ་ཚོས་སྤྱིར་ང་ཟེར་བ་དེར་དགའ་མོས་བྱེད་ཀྱི་ཡོད་ཀྱང་། ཁོ་ཚོ་བདེ་སྐྱིད་ལྡན་པའི་བདག་ཅིག་ཏུ་འགྱུར་བར། ཁོ་ཚོར་གྲོགས་པོ་སོགས་ལེགས་པའི་ཁོར་ཡུག་དགོས་ཀྱི་ཡོད་པ་རེད། དེར་བརྟེན་གཞན་ལ་སེམས་འཁུར་དང་བརྩེ་བ་སྤྲོད་རྒྱུ་ནི་དོན་དངོས་ཐོག་རང་ཉིད་ལ་བདག་གཅེས་བྱེད་རྒྱུའི་ཐབས་ལམ་བཟང་ཤོས་དེ་ཡིན། ལོ་མང་པོའི་རིང་ནས་ངས་དུད་འགྲོ་སེམས་ཅན་ཚུད་པའི་ང་ཚོས་རང་ཉིད་ལ་བདག་གཅེས་བྱས་ཏེ་རང་གཅེས་འཛིན་གྱི་རྣམ་པ་ཆུང་ཆུང་ཞིག་མངོན་གྱི་ཡོད་ཀྱང་། ང་ཚོས་རྣམ་དཔྱོད་ལྡན་པའི་ཐོག་ནས་རང་གཅེས་འཛིན་བྱེད་དགོས་པ་ལས། གླེན་རྟགས་ཚ་བོའི་རང་གཅེས་འཛིན་དེ་བྱེད་རྒྱུ་མེད་ཅེས་བཤད་པ་ཡིན། དེའི་ནང་དོན་གང་རེ་ཟེར་ན། སོ་སོའི་ཁེ་ཕན་དང་འདོད་པ་བསྒྲུབས་པའི་ཐོག་ལ། རང་ཉིད་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པའི་ཆ་ནས་གཞན་གྱི་བདེ་སྡུག་ལ་ཡང་སེམས་འཁུར་བྱ་དགོས་པའི་དོན་ཡིན། དེར་བརྟེན་ངོས་རང་གིས་བསམ་ན་ཤེས་ཡོན་སློབ་གསོའི་ནང་ནང་སེམས་ཀྱི་ཞི་བདེ་དང་སྟོབས་ཤུགས་གོང་འཕེལ་གཏོང་ཐབས་ཚུད་དགོས།ད་ཐེངས་ངོས་རང་གིས་སྐྱོན་བརྗོད་རང་བཞིན་གྱི་བསམ་ཚུལ་ཞིག་བརྗོད་ན། ཡེ་ཤུ་དང་ཁ་ཆེའི་ཆོས་ལུགས་ཀྱི་འཇིག་རྟེན་ནང་སེམས་ཀྱི་དཀའ་ངལ་སོགས་འབྱུང་དུས། ཁོ་ཚོས་ལྷ་དང་ཨལླ་ལ་གསོལ་བ་འདེབས་པ་ལས། སེམས་ཀྱི་དཀའ་ངལ་སེལ་ཐབས་ཤེས་ཀྱི་མེད། ཡིན་ན་ཡང་། འདིར་རྒྱ་གར་ལྟ་བུར་མཚོན་ན། ལོ་ངོ་ ༣༠༠༠ ལྷག་གི་རིང་ནས་འཚེ་མེད་དང་བྱམས་བརྩེ་ལྟ་གྲུབ་དར་ཁྱབ་བྱུང་ཡོད། དེ་དག་ནི་ལྷ་ལ་གསོལ་བ་འདེབས་རྒྱུ་ཙམ་མིན་པར། ང་ཚོའི་ནང་སེམས་ཀྱི་འཇིག་རྟེན་དང་མཐུད་ཐབས་ཤིག་ཡིན་ལ། དེའི་ཆེད་དུ་རྒྱ་གར་གྱིས་འདས་ལོའི་མི་ལོ་ ༣༠༠༠ ལྷག་གི་སྔོན་ནས་ཞི་གནས་དང་ལྷག་མཐོང་བསྟེན་ཡོད། དེས་ལུས་པོ་ཙམ་མིན་པར་སེམས་ཀྱང་གལ་ཆེན་པོ་ཡིན་པ་བསྟན་ཡོད། ང་ཚོས་དུས་རྒྱུན་སེམས་ཞེས་བརྗོད་དུས་རགས་པའི་ཚོར་བ་ཙམ་ལ་གོ་ཡི་མེད་པར། གཏིང་ཟབ་པའི་ནང་གི་ཤེས་པ་ལ་གོ་ཡི་ཡོད། ཕྱི་དངོས་པོའི་འཚོ་བ་ཡིས་མཛེས་པ་མཐོང་བ་དང་གླུ་དབྱངས་སྙན་པོར་ཉན་ནས་སེམས་ལ་དགའ་ཚོར་སྐྱེས་པ་སོགས་རགས་པའི་ཚོར་བ་མ་གཏོགས་འཆད་ཀྱི་མེད་ཀྱང་། ཁྲོ་བ་དང་ཞེད་སྣང་སོགས་དཀའ་ངལ་སྐྲུན་མཁན་དེ་རགས་པའི་ཚོར་བ་དེ་དག་མིན་པར། ནང་བསམ་བློའི་ཤེས་པ་དེ་ཡིན། དེར་བརྟེན་ཐོག་མར་ང་ཚོས་ལུས་ཤེས་ལྔ་དང་ཡིད་ཤེས་གཅིག་བཅས་ཤེས་པ་དྲུག་ཡོད་པར་ངོས་འཛིན་བྱེད་དགོས་པ་ཡིན། ང་ཚོ་གཉིད་ཁུག་པའི་རིང་ལུས་ཤེས་ལྔས་ལས་ཀ་བྱེད་ཀྱི་མེད་པ་རེད། ཡིན་ན་ཡང་ཤེས་པ་དྲུག་པ་ཡིད་ཤེས་དེ་ད་དུང་ལས་ཀ་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་ཁོང་ཁྲོ་དང་ཞེད་སྣང་སོགས་དཀའ་ངལ་སྐྲུན་མཁན་དེ་དག་ཤེས་པ་དྲུག་པ་ཡིད་ཤེས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་ལས། དབང་ཤེས་ལྔར་འབྲེལ་བ་མེད། དེར་བརྟེན་ངས་བསམ་ན་ཐོག་མར་ང་ཚོས་བློའི་ས་ཁྲ་ཤེས་རྒྱུ་གལ་ཆེན་ཡིན་ལ། ང་ཚོས་སེམས་ཟེར་བ་དེ་ངོ་བོ་གཅིག་ལྟ་བུར་འཛིན་རྒྱུ་མེད་པར་དེར་རིགས་མི་གཅིག་པའི་སེམས་མྱོང་མང་པོ་ཡོད་པ་ཤེས་དགོས། དེ་དག་ནི་ཤེས་ཡོན་གྱི་བསླབ་གཞི་ཙམ་ལས་ཆོས་ལུགས་དང་འབྲེལ་བ་སྤུ་ཙམ་མེད། དེར་བརྟེན་ང་ཚོས་སློབ་གྲྭ་ཁག་ནང་སེམས་མྱོང་གི་འཕྲོད་བསྟེན་སློབ་པར། ཐོག་མར་ང་ཚོས་སེམས་དང་འབྲེལ་བའི་ཤེས་བྱ་ཡོངས་སུ་རྫོགས་པར་རྒྱུས་ལོན་ཞིབ་ཚགས་བྱ་དགོས། དེ་ལྟར་བྱས་ཚེ་ང་ཚོས་ཁོང་ཁྲོ་དང་ཞེད་སྣང་སོགས་མི་དགེ་བའི་བློ་ལ་ཕར་རྒོལ་བྱེད་པར་ཡག་པོ་ཡོད་་ལ། ང་ཚོར་སེམས་བག་ཕེབས་པོ་བཟོ་བྱེད་ཀྱི་སྨན་(Tranquilizer)ཡང་དགོས་ཀྱི་མེད།

དཀའ་ངལ་ཚང་མ་ང་ཚོས་རང་གི་ནང་སེམས་ཞི་བདེ་དང་ལྡན་པ་ཞིག་བསྐྲུན་རྒྱུའི་ཐབས་ལམ་མ་ཤེས་པའི་རྐྱེན་གྱིས་ཡིན་པ་ཤེས་དགོས་ལ། ནང་སེམས་ཀྱི་ཞི་བདེ་གཏོར་བཤིག་གཏོང་མཁན་གཙོ་བོ་ཁོང་ཁྲོ་དང་ཞེད་སྣང་། བདག་འཛིན་གྱི་བློ་སོགས་ཀྱི་སྐོར་ཡང་ཤེས་དགོས། དེང་སྐབས་ཚད་རྡུལ་དངོས་ཁམས་རིག་པ་བ་རྣམས་ཀྱིས་དངོས་པོ་གང་ཡང་ཇི་ལྟར་སྣང་བ་བཞིན་མེད་སྐོར་དང་། ནང་སེམས་དཀྲུག་མཁན་གྱི་སེམས་མྱོང་དེ་དག་ནི་ཕྱི་རྣམ་པའི་སྣང་ཚུལ་ཁོ་ནའི་སྟེང་ནས་འབྱུང་གི་ཡོད་པ་ལས། དངོས་པོའི་གནས་ལུགས་སྟེང་ནས་འབྱུང་གི་མེད་པར་རྗོད་ཀྱི་ཡོད། དེ་དག་ནི་མགོན་པོ་ཀླུ་གྲུབ་ཀྱི་མཚོན་པའི་ནང་པའི་སེམས་ཁམས་རིག་པའི་གཞུང་ལུགས་ནང་འཁོད་ཡོད། ངོས་རང་ལྟ་བུར་མཚོན་ན་ད་ལྟ་ལོ་ ༨༤ ཡིན་པ་དང་། འདས་པོའི་མི་ལོ་ ༧༠ ལྷག་གི་རིང་ནས་ངས་གཞུང་ལུགས་དེ་དག་ལ་བསམ་བློ་བཏང་ཡོད་པ་དང་། དེ་དག་ནི་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུར་ཧ་ཅང་ཕན་ཐོགས་ཅན་ཞིག་རེད་འདུག ད་དུང་དེའི་ཐོག་གཞན་ཕན་གྱི་བསམ་བློ་བསྣན་ཚེ་དེ་བས་ཕན་ཐོགས་ཆེ་ལ། ངོས་རང་ལ་མཚོན་ན་དེ་གཉིས་ནི་སེམས་བག་ཕེབས་པོ་བཟོ་བྱེད་ཀྱི་སྨན་ལྟ་བུ་ཡིན། ངོས་རང་ལ་ཕྱིའི་དངོས་པོའི་མཐུན་རྐྱེན་དགོས་ཀྱི་མེད་པར་ནང་བསམ་བློའི་སྟེང་ནས་ངོས་ལ་སེམས་བག་ཕེབས་ཀྱི་སྨན་མང་པོ་ཡོད། སྤྱིར་ཤེས་བྱ་འདི་དག་ཆོས་ལུགས་ཀྱི་དཔེ་ཆ་ཁག་ནང་གསལ་ཡོད་ཀྱང་། ང་ཚོས་དེ་དག་ཤེས་ཡོན་ནམ་འཕྲོད་བསྟེན་གྱི་བསླབ་གཞི་ལྟ་བུར་བཀོལ་སྤྱོད་བྱ་ཆོག དེར་བརྟེན། གལ་འགངས་ཆེ་ཤོས་དེ་གང་རེད་ཟེར་ན། དུས་ཡུན་རིང་པོར་ནང་བསམ་བློའི་ནང་མི་དགེ་བའི་སེམས་མྱོང་སྐྱེ་བ་ལ་བརྟེན་ནས་ཐ་ན་ཆོས་ལུགས་ཡིན་ན་ཡང་གསོད་རེས་བྱེད་པ་སོགས་དཀའ་ངལ་གྱི་གཞིར་འགྱུར་གྱི་ཡོད། དཀྱིལ་ཤར་ཨེ་ཤ་ཡ་དང་། སི་རི་ཡ། ཨབ་གྷན་སོགས་ནང་ཁ་ཆེ་ཆོགས་ལུགས་ཀྱི་རྗེས་འབྲང་བ་གཅིག་མཚུངས་ཡིན་པ། ཨལླ་དང་ཀོ་རན་གཅིག་ཡིན་པ། ཉིན་གཅིག་ལ་ཐེངས་ལྔར་ཁ་འདོན་འདོན་གྱི་ཡོད་པ་གཅིག་མཚུངས་ཡིན་ཡང་། ད་དུང་ཤི་ཡ་དང་སུ་ནི་ཞེས་མིང་གི་ཁྱད་པར་ཙམ་ལ་བརྟེན་ནས་ཕན་ཚུན་བར་གསོད་རེས་གཏུབ་རེས་བྱེད་ཀྱི་ཡོད་པ་དེ་བསམ་ཡུལ་ལས་འདས་པ་ཞིག་རེད། ཤི་ཡ་དང་སུ་ནི་རྗེས་འབྲང་བ་གཉིས་ཀས་ཨལླར་དད་པ་བྱེད་ཀྱི་ཡོད་ལ། གཉིས་ཀ་ཨལླས་བསྐྲུན་པ་ཞིག་ཡིན་པ་མ་ཟད། དོན་དངོས་ཀྱི་གཅེན་གཅུང་དུ་གྱུར་ཡོད་ཀྱང་། ཇི་ལྟར་ཨལླའི་ཕྲུ་གུ་གཉིས་བར་ཕན་ཚུན་གསོད་རེས་བྱེད་ཐུབ་ཀྱི་ཡོད་པ་རེད། འདི་ནི་ད་ལྟའི་འཛམ་གླིང་གི་གནས་སྟངས་རེད། དེར་བརྟེན། གལ་ཏེ་ད་ལྟའི་མི་རབས་ཚང་མས་ཕྱི་དངོས་པོའི་ཐོག་ལ་འབད་བརྩོན་བྱེད་ཚེ་མ་འོངས་པར་ནང་བསམ་བློའི་བྱམས་བརྩེ་སོགས་མེད་པར་འགྱུར་སྲིད་སྟབས། ད་ལྟ་ང་ཚོས་ཤེས་ཡོན་གྱི་སྒྲོམ་གཞིའི་ནང་སེམས་མྱོང་གི་འཕྲོད་བསྟེན་དེ་བཅུག་དགོས་པ་ཡིན། ཞེས་སོགས་གསུངས་སོང་།

དྲི་བ་དྲིས་ལན་སྐབས་ཚོགས་ཞུགས་པ་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་དགོས་སྐོར་བཀའ་སློབ་གནང་གི་ཡོད་ཀྱང་། མགོན་པོ་གང་ཉིད་ཀྱིས་གསུང་བཞིན་པ་ཆ་ཚང་ཆོས་ལུགས་ཤིག་ནས་བྱུང་བ་རྐྱང་རྐྱང་ཡིན་སྟབས། དེང་དུས་ཀྱི་སྤྱི་ཚོགས་ནང་ང་ཚོས་དོན་དངོས་ཐོག་ཆོས་ལུགས་དང་འབྲེལ་བ་ཤུགས་ཆེན་ཡོད་པའི་སློབ་གྲྭའི་ཁོར་ཡུག་ཅིག་ཇི་ལྟར་བསྐྲུན་ཐུབ་མིན་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། ཁྱི་ལ་ཆོས་ལུགས་དང་དད་པ་ཡོད་པ་མ་རེད། ཡིན་ནའང་ང་ཚོས་བརྩེ་བ་དང་བྱམས་པ། སྙིང་རྗེ་ལྡན་པའི་ངང་ཁྱི་དེར་བག་ལེབ་ཅིག་སྤྲད་ཚེ་ཧ་ཅང་དགའ་བའི་རྣམ་འགྱུར་སྟོན་གྱི་ཡོད་པ་རེད། དེ་མིན་བརྩེ་སེམས་མེད་པར་བག་ལེབ་ཅིག་གཡུགས་ཚེ་བག་ལེབ་ཟས་ནས་བུད་འགྲོ་བ་རེད། སྤྱི་ཚོགས་འདུས་སྡོད་ཀྱི་སྲོག་ཆགས་ནང་ང་ཚོས་དེར་ཆོས་ལུགས་སོགས་ག་རེ་ལབ་ནའང་འདྲ། ང་ཚོ་མཉམ་གཅིག་ཏུ་འདུས་སྡོད་བྱེད་དུ་འཇུག་མཁན་ཞིག་ཡོད་པ་རེད། དེ་བས་ང་ཚོས་ཚད་དེ་འདྲ་ཞིག་གི་ཐོག་གཙོ་འདོན་བྱེད་ཀྱི་ཡོད། ནཱ་ལེནྡྲའི་མཁས་དབང་དེ་ཚོ་ནང་པ་རེད་དེ་ཁོང་ཚོས་ཆོས་ལུགས་གཞན་ནས་མང་པོ་སྦྱངས་ཡོད་པ་རེད། དེ་བས་ཆོས་ལུགས་ཀྱི་དད་མོས་ནི་མི་སྒེར་གྱི་དོན་དག་ཞིག་རེད། བྱམས་བརྩེ་དང་སྙིང་རྗེ་སོགས་ནི་སྤྱི་ཡོངས་ཀྱི་དོན་དག་ཅིག་རེད། ནང་པའི་མཁས་པ་ཚོའི་ནང་དུའང་རྩོད་གླེང་མང་པོ་ཡོང་ཡོད་པ་རེད་དེ། ཕན་ཚུན་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། ངོས་ཀྱི་བསམ་པར་ང་ཚོས་ཆོས་དད་དང་སློབ་གྲྭའི་བསླབ་གཞིའི་ནང་འཇོག་པའི་ཆོས་ལུགས་ནས་བྱུང་བའི་ལྟ་ཚུལ་ཁག་ཅིག་བར་དབྱེ་བ་འབྱེད་ཐུབ་ཀྱི་རེད། ངོས་རང་ཚན་རིག་པ་དང་ཐུག་འཕྲད་སྐབས་ནང་པའི་ལྟ་གྲུབ་ནས་བྱུང་བའི་ལྟ་ཚུལ་མང་པོ་ཞིག་ལ་དཀའ་ལས་མི་འདུག ངོས་ཀྱིས་རང་ཉིད་ཕྱེད་ཚན་རིག་པ་དང་ཕྱེད་ནང་པ་ཡིན་པ་བརྗོད་ཀྱི་ཡོད། ཡིན་ནའང་ངོས་ཀྱི་དད་པ་ནི་ནང་བསྟན་ཡིན་པ་རེད། དེར་དཀའ་ངལ་མེད་པ་རེད། ཅེས་བཀའ་ལན་གནང་སོང་།

གསར་འགོད་པ། པ་སངས་ཚེ་རིང་དང་ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༧/༠༨

Leave a Reply

2 thoughts on “ང་ཚོས་རྣམ་དཔྱོད་ལྡན་པའི་ཐོག་ནས་རང་གཅེས་འཛིན་བྱེད་དགོས་པ་ལས་གླེན་རྟགས་ཚ་བོ་བྱེད་རྒྱུ་མེད།

  1. ༄།བོད་གངས་ཅན་གྱི་སྙིང་གི་ནོར་བུ་ཁྱོད་མེད་ན་བོད་མི་རིགས་ལ་ཅི་ཡང་མེད།
    བླང་དོར་ལམ་སྟོན་པ་ཁྱོད་མེད་ན་བོད་ཀྱི་འཐབ་རྩོད་མེད་།
    ཞི་བདེ་དེད་དཔོན་ལགས་ཁྱོད་མེད་ན་གཉིས་ཕན་གྱི་བསམ་བློ་མེད།
    ཆོས་ཀྱི་རྒྱལ་པོ་ལགས་ཁྱོད་མེད་ན་ཆོས་ཕྱོགས་ཀྱི་སློབ་གཉེར་མེད་།

  2. བརྩོན་རྒྱམ།

    འུ་ཅག་གིས་ངེས་པར་སེམས་ལ་འཛིན་དགོས་པའི་བཀའ་སློབ་རེད་མ་ཟད་རྒྱུན་དུ་སློབ་ཕྲུག་ཚོ་ལ་དེ་ངོ་སྤྲོད་གནང་ཐུབ་པ་བྱེད་དགོས་པ་དེ་བས་གལ་ཆེན་རེད།