ཧོང་ཀོང་གི་རྩོད་རྙོག་ཆེ་བའི་ཁྲིམས་འཆར་རྦད་དེ་ཕམ་ཉེས་བྱུང་སོང་ཟེར།

འདས་པའི་ཟླ་གསུམ་ལྷག་རིང་ཧོང་ཀོང་མི་མང་ཁྲི་ཚོ་མང་པོས་ངོ་རྒོལ་བྱས་པའི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་རྦད་དེ་ཕམ་ནས་ནུས་མེད་དུ་གྱུར་ཡོད་སྐོར་བསྒྲགས་འདུག་ཀྱང་ཁྲིམས་ཐོག་ནས་རྩིས་མེད་ཆགས་མེད་སྐོར་བརྗོད་ཀྱི་འདུགདེ་རིང་སྔ་དྲོར་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ལྕམ་ཁེ་རི་ལེམ་ (Carrie Lam) ལགས་ཀྱིས་ཧོང་ཀོང་གི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ནུས་མེད་(Bill is dead)དུ་གྱུར་ཡོད་པ་དང་། མ་འོངས་པར་གྲོས་ཚོགས་ནང་བསྐྱར་དུ་ཁྲིམས་འཆར་དེ་འདོན་རྒྱུ་མིན་སྐོར་ཡོངས་བསྒྲགས་གནང་འདུག་ཀྱང། ཆབ་སྲིད་དཔྱད་ཞིབ་པའི་ནང་ཁྲིམས་ཐོག་ནས་ནུས་མེད་ཆགས་མེད་སྐོར་སོགས་བརྗོད་ཀྱི་འདུག ཡིན་ནའང་། ད་ལན་ཧོང་ཀོང་གི་ལོ་རྒྱུས་ནང་གཞི་རྒྱ་ཆེ་ཤོས་བྱུང་བའི་ངོ་རྒོལ་ལས་འགུལ་དེར་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་གསལ་བསྒྲགས་སྐབས་སྤྱི་ཁྱབ་འགན་འཛིན་ལྕམ་ཁེ་རི་ལེམ་ (Carrie Lam) ལགས་ཀྱིས། ཧོང་ཀོང་ནས་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ནུས་མེད་དུ་གྱུར་བ་ཡོངས་བསྒྲགས་བྱས་ཡོད་ནའང་། ད་ལྟ་ད་དུང་སྲིད་གཞུང་གི་ལྷག་བསམ་ལ་དོགས་པ་ཡོད་པ་དང་། མ་འོངས་པར་བསྐྱར་དུ་གྲོས་ཚོགས་ནང་ཁྲིམས་འཆར་དེ་འཁུར་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་ཡོད་པ་རེད། དེ་བས་འདིར་ཁྲིམས་འཆར་རྦད་དེ་ནུས་མེད་དུ་གྱུར་ཡོད་པ་མ་ཟད། མ་འོངས་བར་བསྐྱར་དུ་འདོན་འཆར་གཏན་ནས་མེད་པ་ནན་ཏན་གྱིས་བསྒྲགས་པ་ཡིན། ཞེས་བརྗོད་འདུག

ཧོང་ཀོང་ཆར་གདུགས་གསར་བརྗེའི་ལས་འགུལ་གྱི་སྣེ་འཁྲིད་པ་ཇོ་ཧྲ་བོང་ (Joshua Wong) ལགས་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཊི་ཝེ་ཊར་ཐོག། དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ལོ་རྗེས་མའི་ཕྱི་ཟླ་ ༧ པ་བར་ཁྲིམས་བཟོ་ལྷན་ཁང་ནང་ལྷག་གི་ཡོད་པས། སྤྱི་ཁྱབ་འགན་འཛིན་ལྕམ་ཁེ་རི་ལེམ་ (Carrie Lam) ལགས་ནས་ཁྲིམས་འཆར་དེ་ནུས་མེད་དུ་གྱུར་ཡོད་སྐོར་བསྒྲགས་པ་དེ་ནི་ཧོང་ཀོང་མི་མང་དང་ཕྱིའི་གསར་ཁང་ཁག་ལ་བཤད་པའི་རྫུན་གཏམ་གཞན་ཞིག་ཡིན་པ་རེད། ཅེས་དང་། དོན་དམ་གྱིས་ནུས་མེད་གཏོང་ཐབས་ནི་བཅའ་ཁྲིམས་དོན་ཚན་ ༦༤ ཡི་སྒྲིག་གཞི་དང་འགྲོ་ལུགས་ལྟར་ཡིན་ནའང་། མོས་གསར་འགོད་གསལ་བསྒྲགས་ནང་དེའི་སྐོར་ལ་སྣང་ཆུང་གིས་གླེང་སློང་བྱས་མེད་པ་སོགས་ཀྱིས་དེ་ནི་ཁྲིམས་མཐུན་གྱི་ནུས་མེད་ཆགས་མེད་སྐོར་བརྗོད་འདུག

ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མོ་རང་སྤྱི་ཁྱབ་འགན་འཛིན་ནས་རྩ་དགོངས་ཞུ་རྒྱུ་ཡིན་མིན་འདྲི་སྐབས་ཁེ་རི་ལེམ་ལགས་ཀྱིས། ཁྲིམས་འཆར་ལག་བསྟར་རྩ་བ་ནས་ཕམ་སོང་བ་ཡིན་པས། ཧོང་ཀོང་མི་མང་གིས་མོ་དང་མོའི་ཕྱག་རོགས་ཚོར་ཞབས་ཞུའི་གོ་སྐབས་ཤིག་སྤྲོད་པའི་རེ་བ་རྒྱག་གི་ཡོད་སྐོར་བརྗོད་འདུག་ལ། ཡང་ཁེ་རི་ལེམ་གྱིས་ཁྲོམ་སྐོར་སྐབས་འཛིན་བཟུང་བྱས་པ་རྣམས་ཀྱི་ནག་ཉེས་གུ་ཡངས་གཏོང་བ་ནི་ཧོང་ཀོང་གི་ཁྲིམས་ཐོག་ནས་ངོས་ལེན་བྱ་ཐབས་མེད་པ་དང་། ཧོང་ཀོང་གཞུང་ནས་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་གྱི་ཁྲོམ་སྐོར་ལ་ཟིང་འཁྲུག་ཏུ་ངོས་འཛིན་བྱས་མེད་སྐོར་སོགས་བརྗོད་འདུག

ཧོང་ཀོང་གི་ངོ་རྒོལ་བ་ཁྲི་ཚོ་མང་པོས་ཁྲིམས་འཆར་དེ་རྩིས་མེད་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་པ་མ་ཟད།  སྤྱི་ཁྱབ་འགན་འཛིན་ལྕམ་ཁེ་རི་ལེམ་(Carrie Lam) ལགས་ཀྱིས་རྩ་དགོངས་ཞུ་དགོས་པ་དང་། ཉེན་རྟོག་པས་ལས་འགུལ་བའི་ཐོག་དྲག་སྤྱོད་བཀོལ་བར་རང་དབང་ལྡན་པའི་ཞིབ་འཇུག་དགོས་པ་དང་། དེ་བཞིན་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་གྱི་ཁྲོམ་སྐོར་ཟིང་འཁྲུག་ཏུ་ངོས་འཛིན་བྱས་པ་ཕྱིར་འཐེན་དང་། ཁྲོམ་སྐོར་སྐབས་འཛིན་བཟུང་བྱས་པ་རྣམས་ཀློད་གྲོལ་བཏང་སྟེ་ནག་ཉེས་རྣམས་རྩིས་མེད་གཏོང་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ཡོད་ནའང་། ཐེངས་འདིའི་གསར་འགོད་གསལ་བསྒྲགས་བརྒྱུད་ཁ་གསལ་ཆགས་མེད་སྐོར་བརྗོད་ཀྱི་འདུག

ཧོང་ཀོང་གི་ཁྲིམས་འཆར་གསར་པ་དེ་ནི་འདི་ལོའི་ཕྱི་ཟླ་ ༢ པའི་ནང་ཧོང་ཀོང་གཞུང་ནས་བཏོན་ཡོད་པ་དང་། ཁྲིམས་འཆར་དེའི་ནང་ཧོང་ཀོང་གི་མི་སུ་ཞིག་རྒྱ་ནག་གཙོ་བྱས་པའི་ཐའེ་ཝན་དང་ཧྲིན་ཀྲིན་བཅས་ཀྱི་ཁྲིམས་དང་འགལ་ཡོད་ཚེ་ཐད་ཀར་འབྲེལ་ཡོད་གཞུང་དེར་རྩིས་སྤྲོད་བྱ་རྒྱུ་ཡིན་སྐོར་བཀོད་ཡོད་སྟབས། ཧོང་ཀོང་མི་མང་གིས་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེའི་འོག ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་འཐབ་རྩོད་པ་སོགས་ཀྱང་དོགས་ཡོད་ཉེས་ཅན་གྱི་མིང་ཐོག་ནས་རྒྱ་ནག་ལ་རྩིས་སྤྲོད་བྱས་ཚེ། དྲང་བདེན་གྱི་ཁྲིམས་ཆད་ཅིག་ཡོང་མི་སྲིད་པ་མ་ཟད། རྒྱ་ནག་གིས་ཁས་ལེན་བྱས་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལའང་རྡོག་རོལ་ཐེབས་ཀྱི་ཡོད་སྟབས།  འདི་ལོའི་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་ནས་བཟུང་ཟླ་གསུམ་ལྷག་རིང་ཧོང་ཀོང་གི་གཞོན་སྐྱེས་རྣམས་གཙོ་བོར་གྱུར་བའི་མི་འབོར་མང་ཤོས་ས་ཡ་ ༢ ཙམ་གྱིས་ངོ་རྒོལ་ལས་འགུལ་རིམ་པར་སྤེལ་ཏེ་མོས་མཐུན་མེད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་པ་མ་ཟད། ལས་འགུལ་འདིའི་ཁྲོད་ཧོང་ཀོང་གི་གཞོན་སྐྱེས་ ༤ ཡིས་“ང་ཚོས་ས་ཆ་འདི་ལ་ཡིད་ཐང་ཆད”པ་དང་། “གནས་ཚུལ་ཅི་བྱུང་ཚང་མ་གཞུང་གིས་ང་ཚོར་སྣང་མེད་བཏང་བའི་རྐྱེན་གྱིས་བྱུང་བ་རེད།” ཅེས་སོགས་ཀྱི་ཁ་ཆེམས་ཡི་གེ་བཞག་སྟེ། ཁང་ཐོག་ནས་མཆོངས་བ་དང་ཐག་པས་སྐེ་བསྡམས་པ་སོགས་བྱས་ཏེ་རང་ཤི་བརྒྱབས་ཡོད་པ་དང་། ལས་འགུལ་བ་རྣམས་ཀྱིས་ཁྲིམས་བཟོ་ལྷན་ཁང་གི་སྒོ་སོགས་བཅག་ནས་ནང་དུ་འཛུལ་བ་སོགས་དྲག་པོའི་བྱ་སྤྱོད་སྤེལ་ཡོད་པ་དང་། གཞུང་ཕྱོགས་ནས་མི་མང་གི་དགོས་འདུན་ལ་ཉན་འཇོག་མ་བྱས་ན་སྔར་ལས་ལྷག་དྲག་སྤྱོད་སྤེལ་དགོས་བྱུང་རྒྱུ་ཡིན་སྐོར་སོགས་བརྗོད་པ་རེད།

ཕྱི་ཟླ་ ༦ ཚེས་ ༡༢ ཉིན་ལྕམ་ཁེ་རི་ལེམ་གྱིས་ཁྲིམས་འཆར་དེ་ཕྱིར་འགྱངས་བྱས་པ་བསྒྲགས་ཡོད་པ་རེད། ཡིན་ནའང་། ངོ་རྒོལ་ལས་འགུལ་བ་རྣམས་ཀྱིས་ཕྱིར་འགྱངས་ཙམ་མིན་པར་རྦད་དེ་རྩིས་མེད་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་ལ། དབྱིན་གཞུང་དང་ཨ་རིའི་གྲོས་ཚོགས་སོགས་འཛམ་གླིང་རྒྱལ་ཁབ་ཁག་ཅིག་ནས་ཀྱང་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་གཏོང་རྒྱུ་མེད་པའི་བརྡ་ལན་གསལ་པོ་སྤྲད་དེ་ལས་འགུལ་བ་རྣམས་ལ་རྒྱབ་སྐྱོར་གནང་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར་དང་སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༧/༠༩

Leave a Reply

One thought on “ཧོང་ཀོང་གི་རྩོད་རྙོག་ཆེ་བའི་ཁྲིམས་འཆར་རྦད་དེ་ཕམ་ཉེས་བྱུང་སོང་ཟེར།

  1. ༄།ཧོང་ཀོང་ས་གནས་སུ་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ནུས་མེད་ཟེར་བ་འདི།ཕྱོགས་གཅིག་ནས་ཆབ་སྲིད་ཀྱི་འཁྲབ་སྟོན་ཞིག་དང་ཕྱོགས་གཞན་ཞིག་ནས་རྒྱ་ཧན་མི་རིགས་ཡིན་པ་སོང་གྲངས་ཉུང་མི་རིགས་བཞིན་དྲགས་སྣོན་བྱེད་མ་ཐུབ་པས་རེད་།།