ཡུ་གུར་གྱི་བཀག་སྐྱིལ་ཁང་ལྟ་བུ་བོད་ནང་མེད་སྐོར་བཤད།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ནང་དུའང་རྒྱ་ནག་གཞུང་གིས་བཀག་སྐྱིལ་ཁང་མང་པོ་བཙུགས་ཡོད་པ་གསུངས་པ་དེ་རྒྱ་ནག་གཞུང་གིས་བདེན་པ་མིན་ཚུལ་བརྗོད་འདུགདེ་རིང་རྒྱ་ནག་གཞུང་གི་རྒྱུན་ལྡན་གསར་འགོད་ལྷན་ཚོགས་ཤིག་གི་ཐོག གསར་འགོད་པ་ཞིག་གིས་ཉེ་སྔོན་བྷི་བྷི་སི་གསར་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བཅར་འདྲི་བྱེད་སྐབས། སྲིད་སྐྱོང་མཆོག་ནས་རྒྱ་ནག་གཞུང་གིས་དེ་སྔོན་བོད་ནང་ཤིན་ཅང་ཡུ་གུར་མི་རིགས་ས་ཁུལ་ལྟར་བཀག་སྐྱིལ་ཁང་མང་པོ་བཟོས་ཏེ། བོད་པ་ཚོ་བཀག་སྐྱིལ་ཁང་དུ་བཅུག་ནས་བཙན་གྱིས་སློབ་གསོ་སྤྲད་ཡོད་སྐོར་གསུངས་པ་དེ་བདེན་མིན་འདྲི་སྐབས། རྒྱ་ནག་ཕྱི་འབྲེལ་བློན་ཆེན་གྱི་མགྲིན་ཚབ་པ་ཀུན་ཧྲང་(Geng Shuang)ཟེར་བ་དེས། གནས་ཚུལ་དེ་གཏན་ནས་བདེན་པ་མ་རེད་ཅེས་བརྗོད་དེ་ངོས་ལེན་བྱས་མི་འདུག

ཟླ་འདིའི་ཕྱི་ཚེས་ ༡ ཉིན་བྷི་བྷི་སི་གསར་ཁང་གི་གསར་འགོད་པ་ལྕམ་ཛི་ནཱབ་བྷ་དྷ་ཝི་(Zeinab Badawi)ཡིས་གཙོ་སྐྱོང་གནང་པའི་(Hard Talk) གླེང་མོལ་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཁྱེད་རང་གིས། ང་ཚོས་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དཔེར་ན་ཡུ་གུར་གྱི་གནས་ཚུལ་ཕྱིར་བསྒྲགས་ཤུགས་ཆེན་བྱས་པ་མ་གཏོགས་བོད་ནང་གི་གནས་ཚུལ་དེ་ཙམ་བརྒྱུད་བསྒྲགས་བྱེད་ཀྱི་མེད་སྐོར་གསུངས་སོང་། ད་ལྟ་བོད་ནང་བཀག་སྐྱིལ་ཁང་ཟེར་བ་དེ་འདྲ་ཡོད་པ་རེད་དམ་ཞེས་འདྲི་སྐབས་སྲིད་སྐྱོང་མཆོག་གིས། ད་ལྟ་ཡུ་གུར་ནང་ཡོད་པའི་མགོ་གཙོ་དེ་སྔོན་ཆད་བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་ཡིན་པས་དྲག་གནོན་སྲིད་བྱུས་དེ་རང་འཇགས་ཡིན་པ་རེད། ཁོ་པས་བོད་ནང་དུའང་དམ་དྲག་ཅན་གྱི་སྲིད་བྱུས་དེ་འདྲ་ལོ་ལྔའི་རིང་ལག་བསྟར་བྱས་པ་རེད།  ཡུ་གུར་ལྟར་ཆེན་པོ་མེད་ཀྱང་བོད་ནང་དུའང་སློབ་གསོ་བསྒྱུར་བཀོད་ཁང་ཟེར་བ་དེ་འདྲ་ཡོད་པ་རེད། དོན་དངོས་ཐོག་དེ་ཚོ་ནི་ངལ་རྩོལ་བསྒྱུར་བཀོད་དང་། དམ་དྲག་བཀག་སྐྱིལ་ཁང་ཤ་སྟག་རེད། བོད་མི་མང་པོ་བཀག་སྐྱིལ་ཁང་ནང་བཅུག་ནས་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་བཞིན་ཡོད་པ་རེད། ཅེས་གསུངས་ཡོད་པ་རེད།ཡང་གསར་འགོད་པས་སྲིད་སྐྱོང་མཆོག་ལ་བོད་མི་ག་ཚོད་ཅིག་བཀག་སྐྱིལ་བྱས་ཡོད་པ་རེད་ཅེས་དྲིས་པར་སྲིད་སྐྱོང་མཆོག་གིས། ད་ལྟ་གྲངས་ཀ་འདི་ཙམ་ཡོད་ཅེས་ཏག་ཏག་ཞུ་ཚོད་ཐིག་གི་མི་འདུག  ཡུ་གུར་ནང་ལ་མཚོན་ནའང་མི་གྲངས་ཚོད་དཔག་བྱས་ནས་འགྲོ་བཞིན་ཡོད། ཡུ་གུར་བ་ཚོས་ཟེར་ན་མི་ས་ཡ་གཅིག་གམ་དེ་ལས་མང་པ་ཡོད་སྐོར་བཤད་ཀྱི་ཡོད། ང་ཚོས་བོད་མི་ཆབ་སྲིད་བཙོན་པ་སྟོང་ཕྲག་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད། ཅེས་གསུངས་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཡོངས་གྲགས་ཐོག་བཤད་པའི་ངལ་རྩོལ་བསྒྱུར་བཀོད་ཁང་ཟེར་བ་དེ་བོད་ཁུལ་གྱི་ས་ཆ་མང་པོའི་ནང་བཙུགས་མྱོང་ཡོད་པ་མ་ཟད། ངལ་རྩོལ་བསྒྱུར་བཀོད་ཁང་ཟེར་བ་དེ་ཚོའི་ནང་དུ་ཡུ་གུར་ཁུལ་གྱི་བཀག་སྐྱིལ་ཁང་ནང་སྤེལ་བཞིན་པའི་བྱ་འགུལ་རིགས་ཀྱང་གཅིག་མཚུངས་སུ་སྤེལ་ཡོད་པ་བོད་ཀྱི་བཙོན་ཟུར་མང་པོས་དངོས་སུ་འགྲེལ་བརྗོད་བྱས་ཡོད། དཔེར་ན། རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་དང་འབྲེལ་བའི་གཞས་ཚིག་དང་བསྒྲགས་ཡིག་རིགས་བཙན་གྱིས་བློར་འཛིན་དུ་འཇུག་པ་དང་། གླ་མེད་ཀྱི་ཐོག་ནས་གཞུང་ལམ་བཟོ་བ་དང་ཤུགས་རྐྱེན་ངན་པའི་རྫས་འགྱུར་གྱི་བཟོ་ལས་རིགས་ཤུགས་ཆེན་བྱེད་དུ་བཅུག་ནས་ནད་པ་ཆགས་པ། ནད་པ་ཆགས་ནའང་རང་འདོད་ལྟར་སྨན་པར་བསྟེན་གཏུག་བྱེད་དུ་མི་འཇུག་པ། དུས་བཅད་ནང་མ་གཏོགས་ཐ་ན་ཕ་མ་སྤུན་མཆེད་དང་བཟའ་ཚང་བུ་ཕྲུག་སོགས་ལའང་ངོ་ཐུག་ཏུ་མི་འཇུག་པ་སོགས་འགྲོ་འདུག་སྤྱོད་གསུམ་ལ་རང་དབང་གཏན་ནས་མེད་པའི་གནས་སྟངས་རྣམས་ངལ་རྩོལ་བསྒྱུར་བཀོད་ཁང་ནང་རྒྱུན་ལྡན་ཞིག་ཆགས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༩/༠༧/༡༢

Leave a Reply

2 thoughts on “ཡུ་གུར་གྱི་བཀག་སྐྱིལ་ཁང་ལྟ་བུ་བོད་ནང་མེད་སྐོར་བཤད།

  1. ཐུབ་བསྟན་བྱམས་པ།

    དེང་སྐབས་བོད་མི་ཕྱིར་སྡོད་རྒྱ་ཆ་བཞི་བཅུ་ནས་ལྔ་བཅུའི་བར་ཨ་རི་དང་ཀེ་ནཊ་ཨོ་སི་ཀྲོ་ལི་ཡ་དང་དེ་བཞིན་ཡུ་རོབ་ནང་གི་རྒྱལ་ཁབ་མང་པོའི་ནང་གནས་བསྡོད་སྐྱབས་བཅོལ་ཞུ་བཞིན་ཡོད། བོད་ཀྱི་སྐད་ཡིག་སྲུང་སྐྱོབས་བྱེད་རྒྱུ་དེ་ནི་ང་ཚོ་བོད་རིགས་མི་རེ་ངོ་རེར་ཐུག་པའི་ལས་འགན་གལ་ཆེན་ཞིག་ཡིན། ཕྱིའི་རྒྱལ་ཁབ་དེ་དག་ནང་གཞི་རིམ་སློབ་གྲྭ་ནས་འཛིན་རིམ་བཅུ་པ་བར་བོད་པའི་ཆོས་དང་རིག་གཞུང་ཡོད་པའི་སློབ་གྲྭ་དེ་འདྲ་འཛུག་རྒྱུར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་དང་སྤྱི་མཐུས་གཉིས་ནས་འགན་ཁུར་གནང་ཏེ་ད་ཡོད་རྒྱ་གར་ནང་ཡོད་པའི་སློབ་གྲྭ་བཞིན་ཕྱི་རྒྱལ་ཁབ་དེ་དག་ནང་གཙུག་ཐུབ་པ་བྱུང་ཚེ་མའོང་པར་བོད་ཀྱི་རིག་གཞུང་སྲ་བརྟན་དང་ཚག་ཚུད་ཡོང་རྒྱུ་ཡིན་པ་འདོན་མི་ཟ་བས་གོང་རིམ་ནས་འགན་འཁུར་གྱིས་མང་ཚོགས་ཀྱི་མའོང་ལམ་སྟོན་ཡང་དག་གནང་རྒྱུར་རེ་བསྐུལ་ནན་པོ་ཞུ་བཞིན་ཡོད།

  2. ལ་དྭགས་ཡུལ་མི་

    བློ་བཟང་སེང་གེར་རྒྱ་ནག་གཞུང་གིས་བདེན་པ་མིན་ཚུལ་བཤད་པ་དང་རྩ་དོན་གླིང་གིས་ཀྱང་དེ་བཞིན་བཤད་ཀྱི་རེད།