བལ་ཡུལ་ནང་ཆུ་ལོག་གིས་མི་མང་པོར་ཤི་རྨས་ཐེབས།

བལ་ཡུལ་ནང་ཉིན་ཤས་རིང་བསྟུད་མར་ཆར་པ་ཤུགས་ཆེན་བབས་ཏེ་ཉུང་མཐར་མི་ ༦༥ རྐྱེན་འདས་དང་མི་ ༣༠ ལྷག་ལ་རྨས་སྐྱོན་བྱུང་ཡོད་འདུགའདས་པའི་ཉིན་ཤས་རིང་བལ་ཡུལ་དང་བལ་ཡུལ་མཐའ་མཚམས་སོགས་སུ་ཆར་པ་ཤུགས་ཆེན་བབས་ཏེ་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་ཡོང་གི་ཡོད་པ་དང་། དེ་རིང་བལ་ཡུལ་ཉེན་རྟོག་ཕྱོགས་ནས་བརྗོད་པ་ལྟར་ན། འདས་པའི་ཉིན་ཤས་རིང་བལ་ཡུལ་ནང་ཉུང་མཐར་མི་གྲངས་ ༦༥ རྐྱེན་འདས་དང་། མི་ ༡༣ ལྷག་བོར་བརླག  མི་ ༣༨ ལྷག་ལ་རྨས་སྐྱོན་བཟོས་ཡོད་པ་དང་། ད་ལྟའི་ཆར་མི་ཤི་བའི་གྲངས་འབོར་འཕར་གྱི་ཡོད་སྐོར་བརྗོད་འདུག

གནས་ཚུལ་དེའི་སྐོར་ལ་དེ་རིང་ཞོགས་པ་བལ་ཡུལ་ནང་སྲིད་བློན་ཆེན་གྱིས། རང་བྱུང་གི་གནོད་སྐྱོན་ལས་མྱུར་སྐྱོབ་བྱེད་བཞིན་པའི་སྒང་ཡིན་སྐོར་བརྗོད་འདུག་ལ། བལ་ཡུལ་ཉེན་རྟོག་ཕྱོགས་ནས་ཆུ་ལོག་གི་གནོད་སྐྱོན་ལས་གཡོལ་ཆེད་མི་ས་ཡ་ ༡ ལྷག་ཡུལ་གཞན་དུ་གནས་སྤོར་དགོས་བྱུང་ཡོད་པ་དང་། མི་མང་གི་ཁང་པ་ ༡༠༠༠༠ ཙམ་ལ་གནོན་སྐྱོན་བཟོས་ཡོད་སྐོར་དང་། བལ་ཡུལ་གཞུང་ཕྱོགས་ནས་མྱུར་སྐྱོབ་ཚད་མཐོ་ཤོས་བཏང་སྟེ། མི་གྲངས་ ༡༤༠༠ ལྷག་ཆུ་ལོག་གནོད་སྐྱོན་ལས་བསྐྱབས་ཐུབ་ཡོད་སྐོར་བརྗོད་འདུག

བལ་ཡུལ་ཆུ་དང་ས་གཤིས་བརྟག་དཔྱད་ཁང་གིས་མུ་མཐུད་ཆར་ཤུགས་ཆེན་པོ་འབབ་རྒྱུ་ཡིན་པ་དང་། བལ་ཡུལ་ལྷོ་ཁུལ་གྱི་གཙང་བོའི་ཁ་རུ་ཡོད་པའི་གྲོང་མི་ཚོས་ཡིད་གཟབ་དགོས་པ་དང་། གཙང་བོ་དེ་དག་གློ་བུར་རྒྱས་སྲིད་པས་ས་ངོས་མཐོ་ས་སོགས་སུ་ཉེན་ཡོལ་དུ་འགྲོ་དགོས་པའི་ཉེན་བརྡ་བཏང་ཡོད་འདུག་ལ། བལ་ཡུལ་གཞུང་ཕྱོགས་ཀྱི་ཚན་རིག་དཔྱད་ཞིབ་པས་གོ་ལའི་ཚ་དྲོད་རྒྱས་པའི་རྐྱེན་གྱིས་བལ་ཡུལ་ཁུལ་དུ་ཆར་པ་ཤུགས་ཆེན་འབབ་རྒྱུ་ཡིན་པ་དང་། མི་མང་གིས་དབྱར་ཁའི་ཆར་དུས་དང་བསྟུན་ཕྱོགས་ཡོངས་ནས་ཡིད་གཟབ་ཤུགས་ཆེན་དགོས་སྐོར་བརྗོད་འདུགབྷི་བྷི་སི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཐེངས་འདིར་བལ་ཡུལ་ནང་ཆར་ཤུགས་ཆེན་པོ་བབ་པའི་ཤུགས་རྐྱེན་འོག་རྒྱལ་གར་དང་། བྷང་ལ་དྷེ་ཤི་སོགས་ཀྱི་ནང་དུའང་ཆར་པ་ཤུགས་ཆེན་པོ་བབ་ཀྱི་ཡོད་པ་དང་། བྷང་ལ་དྷེ་ཤིའི་རོ་ཧན་གྷ་ཡའི་སྐྱབས་བཅོལ་སྡོད་གུར་ནང་ཆུ་ལོག་དང་རི་ཉིལ་སོགས་བྱུང་སྟེ་མི་གྲངས་ ༡༠ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། དེ་བཞིན་ཡར་ཀླུང་གཙང་བོ་རྒྱས་ཏེ་རྒྱ་གར་གྱི་ཨ་སམ་མངའ་སྡེའི་ཁུལ་དུ་སྡོད་ཁྱིམ་ ༡༨༠༠ ལྷག་ཆུའི་ནང་ནུབ་སྟེ། མི་ ༡༠ རྐྱེན་འདས་དང་མི་གྲངས་ས་ཡ་ ༡།༥ ས་གནས་གཞན་ལ་གནས་སྤོར་དགོས་བྱུང་བ། གཞན་ཡང་། རྒྱ་གར་བྷི་ཧར་མངའ་སྡེའི་ནང་ཆུ་ལོག་གིས་མི་ ༡༤ རྐྱེན་འདས་དང་མི་གྲངས་ས་ཡ་ ༡༩།༦ ཡས་མས་ལ་ཆུ་ལོག་གི་ཤུགས་རྐྱེན་ངན་པ་ཐེབས་ཡོད་འདུག

བྷི་ཧར་གནོད་འཚེ་དོ་དམ་ལས་ཁུངས་ཀྱི་འགན་འཛིན་(Pratyaya Amrit)ཡིས་ཆུ་ལོག་ཁྲོད་མི་ཤི་བའི་ཁ་གྲངས་མུ་མཐུད་འཕར་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་། མངའ་སྡེའི་ངོས་ནས་མྱུར་སྐྱོབ་བྱེད་བཞིན་ཡོད་ཅེས་བརྗོད་ཡོད་པ་དང་། དེ་བཞིན་ཨ་སམ་མངའ་སྡེའི་ཆུའི་བློན་ཆེན་ཀེ་ཤཱབ་མཱ་ཧཱན་ཊ(Keshab Mahanta)ཡིས་ཐེངས་འདིར་ཆུ་ལོག་གི་གནོད་འཚེ་དེ་ཧ་ཅང་དྲག་ཤུགས་ཆེན་པོ་ཡིན་སྐོར་བརྗོད་འདུག

ལོ་ལྟར་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནང་དབྱར་ཁའི་དུས་ཆར་བསླེབས་སྐབས་ཆུ་ལོག་དང་རི་ཉིལ་སོགས་བྱུང་བའི་གནོད་སྐྱོན་ཤུགས་ཆེན་ཐེབས་ཀྱི་ཡོད་པ་དང་། ལྷག་པར་དུ་རྒྱ་གར་ནང་ལོ་ལྟར་གནོད་སྐྱོན་བསྟུན་མར་བྱུང་གི་ཡོད་པ་རེད།  སྔར་ལོའི་ཆར་དུས་སྐབས་རྒྱ་གར་ཀེ་ར་ལ་མངའ་སྡེའི་ནང་ཆུ་ལོག་དང་རི་ཉིལ་སོགས་ཀྱིས་མི་གྲངས་ ༡༢༠༠ ལྷག་རྐྱེན་འདས་སུ་སོང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༧/༡༥

Leave a Reply

One thought on “བལ་ཡུལ་ནང་ཆུ་ལོག་གིས་མི་མང་པོར་ཤི་རྨས་ཐེབས།

  1. བལ་ཡུལ་གཞུང་ལ་ད་དུང་དཀའ་ངལ་སྤྲད་ནབཟང།བོད་མི་ལ་ཧ་ལས་པ་སྡུག་ཅག་བྱེད་དང་བྱེད་བཞིན་ཡོད་ལ།ཐ་ན་གོང་ས་མཆོག་གི་འཁྲུངས་སྐར་་ལ་བཀག་དམ་བྱས་ཀྱི་ཡོད་པ།སྤྲང་གཞུང་དེ་མགྱོགས་ཙམ་ཐོར་ན་ཏག་ཏག་རེད།