གོ་མིན་ཏང་ཚོཊ་པས་སྲིད་འཛིན་འོས་མི་བདམས།

ཐའེ་ཝན་གོ་མིན་ཏང་ཆབ་སྲིད་ཚོགས་པའི་ཕྱི་ལོ་ ༢༠༢༠ ལོའི་སྲིད་འཛིན་འོས་མིའི་འགྲན་སྡུར་ཁྲོད་གྲོས་ཚོགས་འཐུས་མི་ཟུར་པ་ཧན་ཁུའོ་ཡུ་ལགས་ལ་རྒྱལ་ཁ་ཐོབ་ཡོད་འདུགའདས་པའི་བདུན་ཕྲག་གཅིག་གི་རིང་ཐའེ་ཝན་གྱི་གོ་མིན་ཏང་ཆབ་སྲིད་ཚོགས་པའི་སྲིད་འཛིན་འོས་མི་ ༥ ལ་བགྲོ་གླེང་དང་དྲི་བ་དྲིས་ལན་བྱས་ཏེ་འོས་འགྲན་གནང་ཡོད་པ་ལྟར། དེ་རིང་གོ་མིན་ཏང་ཆབ་སྲིད་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱི་ལོ་ ༢༠༢༠ ལོའི་སྲིད་འཛིན་འོས་མིར་ཧན་ཁུའོ་ཡུ་ (Han Kuo-yu)ལགས་འདེམས་ཐོན་བྱུང་ཡོད་པ་བསྒྲགས་འདུག

གསར་འགོད་གསལ་བསྒྲགས་སྐབས་གོ་མིན་ཏང་ཆབ་སྲིད་ཚོགས་པའི་ཚོགས་གཞོན་ཚིན་ཡོང་ཁྲན་ (Tseng Yung-chuan) ལགས་ཀྱིས། བདུན་ཕྲག་གཅིག་གི་འོས་བསྡུའི་ཁྲོད་ཧན་ཁུའོ་ཡུ་ (Han Kuo-yu) ལགས་ལ་འོས་གྲངས་ཀྱི་བརྒྱ་ཆ་ ༤༥ དང་། ཐའེ་ཝན་གྱི་ཕྱུག་བདག་ཨང་དང་པོ་ཊེ་རི་ཀོའུ་ (Terry Gou) ལགས་ལ་བརྒྱ་ཆ་ ༢༨ ། དེ་བཞིན་གོ་མིན་ཏང་ཚོགས་པའི་ཚོགས་གཙོ་ཟུར་པ་ཨེ་རིག་ཁྲུ་ (Eric Chu) ལགས་ལ་བརྒྱ་ཆ་ ༡༧།༩ དང་། རྒྱལ་སའི་རྫོང་སྤྱི་ཁྱབ་ཟུར་པ་ཁྲོ་སི་ཝེ་ (Chou Hsi-wei) ལགས་ལ་བརྒྱ་ཆ་ ༦། ཐའེ་ཝན་རྒྱལ་ཡོངས་གཙུག་ལག་སློབ་གྲྭའི་སློབ་དཔོན་ཆེན་མོ་ཁྲང་ཡཱ་ཁྲོང་ (Chang Ya-chung) ལགས་ལ་བརྒྱ་ཆ་ ༣།༥ ཐོབ་ཡོད་སྐོར་བསྒྲགས་འདུག

ཐེངས་འདིའི་གོ་མིན་ཏང་ཆབ་སྲིད་ཚོགས་པའི་མ་འོངས་སྲིད་འཛིན་གྱི་འོས་མིའི་ནང་ཐའེ་ཝན་གྱི་ཕྱུག་བདག་ཨང་དང་པོ་ཊེ་རི་ཀོའུ་ (Terry Gou) ལགས་ལ་འོས་གྲངས་ཀྱི་བརྒྱ་ཆ་ ༢༨ ཙམ་ལས་མ་ཐོབ་པར་ཕམ་ཉེས་ཆེན་པོ་བྱུང་ཡོད་ལ། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཁོས་རང་ཉིད་ཆབ་སྲིད་ཚོགས་པ་དེའི་ནང་རྒྱལ་ཁ་མ་འཐོབ་ཚེ། རང་དབང་ལྡན་པའི་སྲིད་འཛིན་འོས་མིར་ལངས་རྒྱུ་ཡིན་པ་བསྒྲགས་ཡོད་པ་རེད་ལ། ཁོས་རྒྱ་ནག་ནང་མི་གྲངས་ས་ཡ་ ༡།༢ ཙམ་ལ་ལས་ཀ་སྤྲོད་ཀྱི་ཡོད་པ་སོགས་རྒྱ་ནག་ལ་འབྲེལ་བ་ཆེན་པོ་ཡོད་སྟབས། གལ་སྲིད་ཁོང་ཐའེ་ཝན་གྱི་སྲིད་འཛིན་ལ་འོས་ཐོབ་བྱུང་ཚེ། རྒྱ་ནག་གཞུང་དང་འབྲེལ་བ་ཤུགས་ཆེན་འཛིན་རྒྱུ་ཡིན་པའི་བསམ་ཚུལ་འཛིན་མཁན་མང་པོ་ཡོང་གི་ཡོད་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༩ ཉིན། དམངས་གཙོ་ཡར་སྐུལ་ཚོགས་པའི་སྲིད་འཛིན་འོས་མའི་འགྲན་བསྡུར་ནང་། སྲིད་འཛིན་ལས་ཐོག་ལྕམ་ཚའེ་ཡེན་ཝིན་ (Tsai ing-wen) མཆོག་ནས་སྲིད་བློན་ཟུར་པ་ཝེ་ལིམ་ལེ་ (William Lai) ལགས་ ཕམ་ཉེས་བཏང་སྟེ། ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡ པོའི་ཐའེ་ཝན་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་དམངས་གཙོ་ཡར་སྐུལ་ཚོགས་པའི་སྲིད་འཛིན་འོས་མིར་གྱུར་ཡོད་པ་རེད།

གོ་མིན་ཏང་ཆབ་སྲིད་ཚོགས་པའི་སྲིད་འཛིན་འོས་མི་ཧན་ཁུའོ་ཡུ་ (Han Kuo-yu) ལགས་འདི་ལོའི་ལོ་མགོར་ཧོང་ཀོང་དང་ཨོ་མིན་(Macau) གཉིས་ནང་ཕྱིན་ཏེ། རྒྱ་དམར་ཤོག་ཚོགས་པའི་ཆེས་མཐོའི་དཔོན་རིགས་ཁག་ཅིག་དང་ཐུག་འཕྲད་བྱས་ཡོད་པ་དང་། འདས་ལོའི་བར་མའི་འོས་བསྡུའི་ཁྲོད་ཀའོ་སུང་གྲོང་ཁྱེར་ (Kaohsiung) ནང་ཁོང་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་འདུག ཁོང་གིས་དེ་སྔོན་ཕྱི་ལོ་ ༡༩༩༣ ནས་ ༢༠༠༢ བར་སྐབས་ ༣ རིང་གྲོས་ཚོགས་འཐུས་མི་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་གོ་མིན་ཏང་ཚོགས་པའི་ཚོགས་གཙོའི་འོས་མི་ ༦ གི་ནང་ཞུགས་ཡོད་ཀྱང་འོས་གྲངས་ཀྱི་བརྒྱ་ཆ་ ༡༩ ཙམ་ལས་མ་ཐོབ་པར་ཕམ་ཉེས་བྱུང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༧/༡༥

Leave a Reply

One thought on “གོ་མིན་ཏང་ཚོཊ་པས་སྲིད་འཛིན་འོས་མི་བདམས།

  1. རྡོ་སེངྒེ།

    དུས་བབ་ཚང་ལགས། ཧན་ཀོ་ཡོས་གོ་མིན་ཏང་ཚོགས་པའི་སྲིད་འཛིན་འོས་མིར་བདམས་བྱུང་ཞེས་བཀོད་པའི་གསར་འགྱུར་འདི་ནོར་མེད་ལ། སྐད་ཡིག་གཞན་ཞིག་ནས་གསར་འགྱུར་བསྒྱུར་གནང་དུས་ནང་དོན་ལ་གཟབ་དགོས་པ་འདུག། ང་དུས་བབ་ཚང་གི་གསར་འགྱུར་ཀློག་ཡ་དགའ་པོ་ཡོད།