ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་བུད་མེད་འགན་འཛིན་ཐོག་མ།

བུ་ཕྲུག་བདུན་ཅན་གྱི་འཇར་མན་བདེ་སྲུང་བློན་ཆེན་ལྕམ་ཨོར་སོ་ལཱ་ཝན་དྷར་ལའེ་ཡན་ལགས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་འགན་འཛིན་དུ་འདེམས་ཐོན་བྱུང་།ཟླ་འདིའི་ཕྱི་ཚེས་ ༡༦ ཉིན། ཧྥ་རན་སིའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་སི་ཊར་སི་བྷག་(Strasbourg)ཏུ་ཚོགས་པའི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འདུའི་ཐོག འཐུས་མི་ཚོས་གསང་བའི་འོས་ཤོག་བླུགས་པ་བརྒྱུད་འཇར་མན་གྱི་རྒྱལ་སྲུང་བློན་ཆེན་ཟུར་པ་ལྕམ་ཨོར་སོ་ལཱ་ཝན་དྷར་ལའེ་ཡན(Ursula von der Leyen)ལགས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་འགན་འཛིན་དུ་འདེམས་ཐོན་བྱུང་ཡོད་པ་དང་། ལྕམ་ཨོར་སོ་ལཱ་ལགས་ནི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་འགན་འཛིན་བུད་མེད་ཐོག་མ་དེ་ཡིན་འདུག

ཁོང་མོ་འདེམས་ཐོན་བྱུང་རྗེས་ཡུ་རོབ་གྲོས་ཚོགས་ནང་གཏམ་བཤད་ཅིག་གནང་སྐབས། ཁྱེད་ཅག་གིས་ང་ལ་ཡིད་ཆེས་བྱས་ཏེ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་འགན་འཛིན་དུ་བདམས་པ་ནི་ཁྱེད་ཅག་གིས་ཡུ་རོབ་མཉམ་འབྲེལ་ལ་ཡིད་ཆེས་བྱས་པ་ཞིག་ཡིན་ལ། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་འགན་འཛིན་བྱ་རྒྱུ་ནི་འགན་འཁྲི་ཧ་ཅང་ཆེན་པོ་ཞིག་ཡིན་པ་དང་། མ་འོངས་པར་ཚང་མ་མཉམ་འབྲེལ་གྱིས་མཐུན་སྒྲིལ་དང་སྟོབས་ཤུགས་ལྡན་པའི་ཡུ་རོབ་མཐུན་ཚོགས་ཤིག་འཛུགས་སྐྲུན་བྱེད་དགོས་སྐོར་བརྗོད་དང་། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལས་དོན་སྟེང་བསླེབས་རྗེས་ཀྱི་ཉིན་གྲངས་ ༡༠༠ ཡི་ནང་ཚུད་དུ་ཡུ་རོབ་མཉམ་འབྲེལ་གྱི་ཁོར་ཡུག་དང་གནམ་གཤིས་ཐད་ཀྱི་ཁྲིམས་གཞི་ཁག་ལག་བསྟར་དང་། ཡུ་རོབ་མཉམ་འབྲེལ་གྱིས་ཕྱི་ལོ་ ༢༠༥༠ བར་གནམ་གཤིས་ཐད་བཟུང་བའི་དམིགས་ཚད་ཀྱི་ཁྲིམས་གཞི་སོགས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

ལྕམ་ཨོར་སོ་ལཱ་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡ ལ་དངོས་སུ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལས་མགོ་འཛུགས་རྒྱུ་ཡིན་དང་། ཡུ་རོབ་(Renew Europe)ཚོགས་པའི་འགན་འཛིན་དྷེ་ཁིན་ཁཱ་ལོ་སི་(Dacian Ciolos)ལགས་ཀྱིས། ང་ཚོའི་ཚོགས་པའི་ངོས་ནས་ཁོང་མོ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་འགན་འཛིན་དུ་བསྐོས་པར་རྒྱབ་སྐྱོར་ཡོད་པ་དང་། ང་ཚོས་ཁོང་མོ་མཉམ་དུ་ཡུ་རོབ་མཉམ་འབྲེལ་ཡར་རྒྱས་དང་མདུན་སྐྱོད་བྱེད་པར་མཉམ་ལས་བྱ་རྒྱུ་ཡིན་ལ། ཡུ་རོབ་མཉམ་འབྲེལ་གྱི་ཡར་རྒྱས་ཐད་ལས་དོན་མང་པོ་ལས་རྒྱུ་ལྷག་བསྡད་ཡོད་སྐོར་སོགས་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས་ལྕམ་ཨོར་སོ་ལཱ་མོ་ལགས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་འགན་འཛིན་དུ་བསླེབས་སྐབས་འདིར། དབྱིན་ཇི་ཡུ་རུབ་མཉམ་འབྲེལ་ལས་ཕྱིར་འབུད་དང་། དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་སྟོབས་ཆེ་ཤོས་ཁག་ལས་ཨ་རི་དང་རྒྱ་ནག ཨུ་རུ་སུ། ཨི་རན་སོགས་ཀྱི་ནང་ལོ་རེ་བཞིན་རྒྱལ་གཅེས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེར་འཕེལ་བཞིན་ཡོད་པས། མོས་ཕྱིའི་རྒྱལ་ཁབ་ཁག་གི་སྟོབས་ཤུགས་ལས་ཡུ་རོབ་མཉམ་འབྲེལ་མཉམ་གནས་ཡོང་བ་དང་། ཡུ་རོབ་ནང་ཁུལ་གྱི་མཐུན་སྒྲིལ་སོགས་ཕྱོགས་ཡོངས་ནས་གདོང་ལེན་དང་། འཇིག་ཉེན་མང་པོ་ཞིག་ལ་ཁ་གཏད་གཅོག་དགོས་སྐོར་བརྗོད་ཀྱི་འདུགལྕམ་ཨོར་སོ་ལཱ་ལགས་ནི་ད་ལྟ་དགུང་ལོ་ ༦༠ ཡིན་ཞིང་། ཕྱི་ལོ་ ༡༩༧༧ ལོར་འཇར་མན་གྷོ་ཊན་གྷན(Göttingen)གཙུག་ལག་སློབ་གཉེར་ཁང་དུ་དཔལ་འབྱོར་རིག་པའི་ཐོག་སློབ་མཐར་ཕྱིན་རྗེས། དབྱིན་ཡུལ་དུ་ཕྱིན་ཏེ་ལོན་ཏོན་ཆབ་སྲིད་དང་དཔལ་འབྱོར་རིག་པའི་སློབ་གླིང་དུ་སློབ་གཉེར་གནང་བ་དང་། ཕྱི་ལོ་ ༡༩༨༠ ལོར་ཨ་རིའི་ཧཱ་ཝར་ཊི་གཙུག་ལག་སློབ་ཆེན་དུ་གསོ་རིག་ཐོག་སློབ་གཉེར་གནང་ཡོད་འདུག

ཁོང་ཕྱི་ལོ་ ༡༩༩༠ ལོ་ནས་ཆབ་སྲིད་ཀྱི་ལས་དོན་ཁྲོད་ཞུགས་ཡོད་པ་དང་། འཇར་མན་ལོ་རྒྱུས་ཁྲོད་ཀྱི་རྒྱལ་སྲུང་བློན་ཆེན་བུད་མེད་ཐོག་མ་དེ་ཡིན་ལ། ཁོང་མོ་ནི་འཇར་མན་ནང་མིག་དཔེར་འཛིན་པའི་བུ་ཕྲུག་ ༧ ཅན་གྱི་ཆབ་སྲིད་པ་ཞིག་དང་ཨ་མ་ཞིག་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༧/༡༧

Leave a Reply

One thought on “ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་བུད་མེད་འགན་འཛིན་ཐོག་མ།

  1. རླབས་ཆེན་གྱི་མ་ཡུམ་འདི་བོད་མི་རིགས་ལྟ་བུའི་གྲངས་ཉུང་མི་ཞིག་གི་ཨ་མ་ཡིན་ན་ཅི་མ་རུང་། གང་ལྟར་མ་ཡུམ་གི་མ་འོངས་པའི་ལས་དོན་ལམ་འགྲོ་ཡོངས་བའི་སྨོན་འདུག་ཡོད།