བོད་ཀྱི་གསོ་བ་རིག་པ་དེ་ཚན་རིག་དང་མཐུན་པའི་ངང་ཡར་རྒྱས་གཏོང་རྒྱུ་གལ་ཆེན་རེད།

༧གོང་ས་མཆོག་གིས་བོད་ཀྱི་སྨན་རྩིས་ཁང་གི་དབུ་ལས་སློབ་ཚོར་མཇལ་ཁ་གནང་སྐབས་བོད་ཀྱི་གསོ་བ་རིག་པར་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱས་ཏེ་ངག་རྒྱུན་དང་ལམ་ལུགས་ཀྱི་སྲོལ་ཙམ་མ་ཡིན་པར་ཚན་རིག་དང་མཐུན་པ་ཞིག་ཡོང་བ་ཡིན་ན་ཡག་པོ་ཡོད་པ་རེད་ཅེས་གསུངས་འདུགདེ་རིང་སྔ་དྲོར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་ཀྱི་སྨན་རྩིས་ཁང་གི་བསླབ་པ་མཐར་སོན་གྱི་སློབ་གཉེར་བ་རྣམས་གཙོ་བོར་གྱུར་བའི་དབུ་ལས་རྣམས་ལ་མཇལ་ཁ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་བོད་སྨན་གྱིས་དངོས་སུ་ཆོས་དད་ཡོད་མེད་དང་ནང་པ་སངས་རྒྱས་པའི་ཆོས་ལ་དད་མོས་ཡོད་མེད་ལ་མ་ལྟོས་པར་མི་ཚང་མར་ཕན་ཐོགས་ཡོང་བ་ཞིག་བྱ་དགོས་པ་མ་ཟད། བོད་ཀྱི་གསོ་བ་རིག་པ་ཡར་རྒྱས་གཏོང་བར་སྨན་སྦྱོར་གཞན་དང་མཉམ་དུ་མཉམ་འབྲེལ་དང་། བོད་སྨན་གྱི་རྫས་སྦྱོར་ལ་ནུས་པ་ག་འདྲ་ཡོད་མེད་ཚན་རིག་པས་ཞིབ་འཇུག་བྱས་ཏེ་ཏག་ཏག་ར་འཕྲོད་ཐབས་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་འདིར་སྨན་རྩིས་ཁང་གི་དགེ་རྒན་དང་ལས་བྱེད་། དམིགས་བསལ་གཙོ་ཆེ་ཤོས་སློབ་ཕྲུག་ཚོར་ཅུང་ཙམ་ཐུག་འཕྲད་ཅིག་བྱུང་བ་རེད། བོད་པའི་སྨན་དེ་ནམ་རྒྱུན་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་བཤད་བསྡད་ཡོད་པ་ལྟར། གསོ་བ་རིག་པ་དེ་རིག་གནས་ཆེ་བ་ལྔའི་གྲས་སུ་ཚུད་ཀྱི་ཡོད་པ་རེད། ནང་དོན་རིག་པས་མིའི་སེམས་ལ་བཟོ་བཅོས་རྒྱག་རྒྱུ་དང་སེམས་ལ་ཞི་བདེ་སྐྲུན་ཐབས་ཤིག་དང་། གསོ་བ་རིག་པ་དེ་རླུང་ཁམས་ཀྱིས་སེམས་འཁྲུག་བསྡད་པ་ཚོར་གསོ་བ་རིག་པའི་ཐོག་ནས་ཕན་ཐོགས་བྱུང་གི་ཡོད་པ་རེད། གཙོ་བོ་གསོ་བ་རིག་པ་དེ་མིའི་ལུས་ཀྱི་བདེ་ཐང་གསོ་བྱེད་ཅིག་ཡིན་དུས། རིག་གནས་ཆེ་བ་ལྔ་ཞེས་རིག་གནས་གལ་ཆེ་བ་ཞིག་ཆགས་བསྡད་ཡོད་སྟབས། བོད་སྨན་གྱིས་དངོས་སུ་ཆོས་དད་ཡོད་མེད་དང་ནང་པ་སངས་རྒྱས་པའི་ཆོས་ལ་དད་མོས་ཡོད་མེད་ལ་མ་ལྟོས་པར་མི་ཚང་མར་ཕན་ཐོགས་ཡོང་བ་ཞིག་བྱ་དགོས་པ་རེད། ཅེས་གསུངས།

བོད་ཀྱི་གསོ་བ་རིག་པ་ཟེར་དུས་བོད་པའི་མཚན་མཐོང་ལའང་ཕན་ཐོགས་ཆེན་པོ་ཡོད་སྐོར་༧གོང་ས་མཆོག་གིས། རྒྱ་ནག་གི་སྨན་ལ་མཚོན་ན། འཛམ་གླིང་སྟེང་དོ་སྣང་བྱེད་མཁན་ཞེ་དྲགས་མང་པོ་ཡོད་པ་རེད། སྤྱིར་སྨན་སྦྱོར་ལ་རྒྱ་སྨན་གྱི་སྨན་སྦྱོར་དང་ནུབ་ཕྱོགས་པའི་སྨན་སྦྱོར། དེ་ནས་བོད་ཀྱི་གསོ་བ་རིག་པ་ཡོད་པ་རེད་ལ། གསོ་བ་རིག་པ་དེ་ཤེས་ཡོན་གྱི་ངོས་ནས་བོད་པའི་མཚན་མཐོང་ལ་རྒྱ་ལ་ཕན་ཐོགས་ཡོད་པ་དང་། དངོས་སུ་མི་ལ་ཕན་ཐོགས་ཡོད་བསྡད་པ་ཞིག་ཡིན་སྟབས། བོད་སྨན་དེ་ཧ་ཅང་གལ་ཆེན་པོ་རེད་ལ། ངོས་ཀྱིས་སྔ་མོ་ནས་བཤད་བསྡད་པ་ལྟར་དེ་སྔ་ནས་ཡོད་བསྡད་པ་དེ་རྒྱུན་འཛིན་ཙམ་མ་ཡིན་པར་དེང་དུས་ཚན་རིག་དང་མཐུན་པའི་ངང་ནས་ཡར་རྒྱས་གཏོང་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་ཡོད་པ་རེད།བོད་ཀྱི་གསོ་བ་རིག་པ་ཡར་རྒྱས་གཏོང་བར་སྨན་སྦྱོར་གཞན་དང་མཉམ་དུ་མཉམ་འབྲེལ་བྱེད་དགོས་པའི་སྐོར་ལ་ཁོང་གིས། དེ་སྔ་བོད་ཀྱི་རྒྱལ་བོ་ཁྲི་སྲོང་ཡིན་པ་ཡོད། དེ་དག་གི་སྐབས་སོགས་སུ་རྒྱ་ཡི་ཨམ་རྗེ་དང་རྒྱ་གར་གྱི་ཨཱ་ཡོ་ཝ་ཊི་སོགས་རྒྱལ་སྤྱི་རང་བཞིན་ལྡན་པའི་ཚོགས་འདུ་ཞིག་ཚོགས་པ་རེད་ཟེར་ནས་བཤད་རྒྱུ་འདུག སྐབས་དེ་ལྟ་བུར་མཚོན་ན་མཐུན་རྐྱེན་སོགས་ཀྱིས་དཀའ་ལས་ཁག་པོ་ཞེ་དྲག་རེད། དཔེར་ན་རྒྱ་ནག་ནས་ལྷ་སར་འགྲོ་དགོས་ན་རྟ་དྲེལ་དང་མཛོ་སོགས་ཞོན་ནས་འགྲོ་དགོས་ཡོད་པས་དཀའ་ལས་ཁག་པོ་ཡིན་པ་དང་། དེང་སང་གི་དུས་ཚོད་ལ་ལས་སླ་བོ་ཧ་ལས་པ་ཆགས་ཚར་ཡོད་པ་རེད། དཔེར་ན་ཨཱ་ཡོ་ཝ་ཊི་ལ་མཚོན་ན་རྒྱ་གར་ནང་ལ་ཡོད་པས་ཡིན་ཡིན་པ་རེད། དེ་ནས་རྒྱ་སྨན་ལ་མཚོན་ན་འབྲེལ་བ་བྱ་རྒྱུ་ཤུགས་ཆེན་པོ་ཡོང་ཐུབ་པ་ཞིག་རེད། གཞན་ནུབ་ཕྱོགས་པའི་སྨན་ལ་མཚོན་ན་ཡོད་ཡོད་པ་ཡིན་སྟབས། གསར་དུ་ཡོད་བསྡད་པའི་གོ་སྐབས་དེ་དག་བཙལ་ནས་མུ་མཐུད་ཉམས་མྱོང་བརྗེ་རེས་དང་བོད་ཀྱི་གསོ་བ་རིག་པ་ལག་ལེན་ངོ་མའི་ཐོག་ནས་ཡར་རྒྱས་གཏོང་རྒྱུ་ག་རེ་འདུག དེ་འདྲའི་ཐོག་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས།

གཞན་ཡང་བོད་སྨན་གྱི་རྫས་སྦྱོར་དེ་དག་ལ་ནུས་པ་ག་འདྲ་ཡོད་མེད་ཚན་རིག་པས་ཞིབ་འཇུག་བྱས་ཏེ་ཏག་ཏག་ར་འཕྲོད་པ་ཞིག་བྱ་དགོས་པའི་སྐོར་ལ་ཁོང་གིས། ང་ཚོའི་སྨན་གཞུང་ནང་དུ་སྨན་དེ་དག་ལ་ནུས་པ་དེ་འདྲ་ཡོད་པ་རེད་ཅེས་བཤད་ཡོད་པ་དག་ལ་ཚན་རིག་པ་ཚོས་ཞིབ་འཇུག་བྱས་ཏེ་ཏག་ཏག་ར་འཕྲོད་པ་ཞིག་བྱུང་བ་ཡིན་ན་དགེ་མཚན་ཡོད་པ་དང་། དཔེ་ཆ་བཞག་ན། ངོས་ཀྱིས་ནང་ཆོས་ཀྱི་ལྟ་གྲུབ་བཤད་ཡོང་དུས་གཙོ་བོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཀྱི་ལྟ་གྲུབ་བཤད་སྐབས་དང་། དེ་བཞིན་སེམས་ཁམས་རིག་པའི་སྐོར་དེ་དག་ཚན་རིག་པ་དང་སྤྱིར་བཏང་གི་མི་ཚོར་འགྲེལ་བཤད་བརྒྱབ་ཡོང་དུས་ཚན་རིག་དང་མཐུན་པའི་ངང་བཤད་པ་ཡིན་ན། མིའི་ཡིད་ཆེས་སླེབ་རྒྱུར་ཕན་ཐོགས་ཡོད་པ་རེད། དེ་མིན་ཆོས་ཞེས་བཤད་དུས་རྨོངས་དད་ཡིན་པའི་ཟོལ་ཞིག་མ་གཏོགས་དེ་ཙམ་དོ་སྣང་མེད་པ་རེད། ཅེས་གསུངས་སོང་།

བོད་ཀྱི་གསོ་བ་རིག་པའི་དེ་ཚན་རིག་དང་མཐུན་པའི་ངང་ནས་ཡར་རྒྱས་གཏོང་ཐུབ་པ་ཡིན་ན་ཚན་རིག་དེ་མུ་མཐུད་འཛམ་གླིང་དུ་གནས་རྒྱུ་ཡིན་པའི་སྐོར་ལ་ཁོང་གིས། མ་གཞི་ངོས་ཀྱིས་འཛམ་གླིང་གི་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད་ལ། དད་པ་དེ་སོ་སོའི་ཆོས་ལ་བྱས་ཏེ་གུས་ཞབས་འཛམ་གླིང་གི་ཆོས་ལུགས་ཚང་མར་བྱས་བསྡད་ཡོད། རྒྱུ་མཚན་འཛམ་གླིང་གི་ཆོས་ལུགས་མི་འདྲ་བ་དེ་དག་གིས་མི་ལ་ཕན་ཐོགས་བྱུང་གི་ཡོད་པ་རེད། སྤྱིར་ན་ཆོས་ལུགས་ཚང་མའི་བསླབ་བྱ་དེ་བྱམས་བརྩེ་དང་སེམས་པ་བཟང་པོ་དགོས་པ་གཅིག་གྱུར་ཏུ་བཤད་ཀྱི་ཡོད་པ་རེད། ཡིན་ན་ཡང་། ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་ཡོད་པ་རེད། དཔེར་ན་ཆོས་ལུགས་གཞན་པས་འཇིག་རྟེན་བཀོད་པ་པོ་ཡོད་པ་རེད་ཅེས་བཤད་པ་ཡིན་ན། ཚན་རིག་ཐོག་ནས་ཞིབ་འཇུག་བྱ་རྒྱུ་གང་ཡང་མེད་པ་རེད། སྤྱིར་སངས་རྒྱས་པའི་ཆོས་དང་ལྷག་པར་དུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱིས་བཤད་ཡོང་དུས་ཚན་རིག་པ་དང་ཁོན་ཊོམ་དངོས་ཁམས་རིག་པའི་ཐོག་ནས་གཅིག་གྱུར་གྱིས་བཤད་བསྡད་ཡོད་པ་རེད། དེ་བཞིན་སེམས་ཁམས་རིག་པ་དེ་དེང་སང་ཚན་རིག་པ་ཚོས་བཤད་བསྡད་པ་དང་ཏག་ཏག་ཡོང་གི་ཡོད་པ་མ་ཟད། ད་དུང་ང་ཚོས་ཚན་རིག་པ་ཚོར་ཕར་ཕན་ཐོགས་བྱེད་རྒྱུ་ཡོང་གི་ཡོད་པ་རེད།  དེ་འདྲ་ཡིན་དུས། བོད་ཀྱི་གསོ་བ་རིག་པར་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱས་ཏེ། ངག་རྒྱུན་དང་ལམ་ལུགས་ཀྱི་སྲོལ་ཙམ་མ་ཡིན་པར་ཚན་རིག་དང་མཐུན་པ་ཞིག་ཡོང་བ་ཡིན་ན་ཡག་པོ་ཡོད་པ་རེད། ཅེས་གསུངས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༧/༡༩

Leave a Reply

One thought on “བོད་ཀྱི་གསོ་བ་རིག་པ་དེ་ཚན་རིག་དང་མཐུན་པའི་ངང་ཡར་རྒྱས་གཏོང་རྒྱུ་གལ་ཆེན་རེད།

  1. ༧གོང་ས་མཆོག་གིས་༡༩༦༡ལོར་སྨན་རྩིས་ཁང་བཙུགས་པའི་དགོས་པ་ནད་པ་ཉམ་ཐག་རྣམས་རྗེས་སུ་འཛིན་པའི་སླད་དུ་ཡིན་པས། དངུལ་གྱིས་ཕོངས་ཏེ་སྨན་རིན་སྤར་ཆ་མ་གནང་ཐབས་མེད་ཡིན་ན་ཁག་མི་འདུག །གཞན་སྨན་རིན་སྤར་ཆ་གནང་ཚེ་འོས་འཚམས་གནང་དགོས་པ་ལས་ཉམ་ཐག་ནད་པ་གཅོང་ཅན་ཟླ་དང་ལོ་འབྲེལ་ནས་སྨན་ཟ་དགོས་པ་རྣམས་སྨན་ཉོ་ཡ་ཁག་པོ་ཆགས་འདུག་པས། དགོངས་བཞེས་གནང་རོགས།