ཕྱི་རྒྱལ་བའི་བོད་རིག་པ་ཞིབ་འཇུག་པའི་མཁས་པ་རྣམས་བོད་ཀྱི་རིག་གཞུང་གཏོར་བཤིག་གཏོང་མཁན་ཞིག་ཡིན་ནམ།

རེ་མདོ་སེངྒེ།
བྷེ་རྗམ་གྱི་གྲོང་ཁྱེར་ཨེན་ཁྲོ་ཕན་ Antwerpen

སྤྱིར་ཧྥ་རན་སི་ (France) ནི་གནའ་སྔ་མོའི་ཡོ་རོབ་ཀྱི་རིག་གཞུང་གི་ཕ་ས་ལྟ་བུའི་ཡུལ་གྲུ་ཞིག་དང། དེང་རབས་ཀྱི་ཆབ་སྲིད་དང་བཟོ་ལས་ཀྱིས་མཚོན་པའི་རིག་གནས་གསར་པ་མང་པོའི་འཕེལ་རྒྱས་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ཀྱང་ཡིན་པས། རྒྱལ་ཁབ་འདིའི་རིག་གཞུང་དང་དཔལ་འབྱོར་གྱི་སྟོབས་ཤུགས་ལ་བརྟེན་པའི་མཚན་སྙན་འཛམ་གླིང་གི་ལོ་རྒྱུས་ཐོག་ནས་ཉམས་མ་མྱོང་བ་ལྟ་བུ་ཞིག་ཡིན་པར་སྣང། ང་ལ་མཚོན་ན་ད་ཐེངས་ཧྥ་རན་སིའི་རྒྱལ་ས་པེ་རིས་སི་ (Paris) ལ་འབྱོར་བ་ཐེངས་གསུམ་པ་ཡིན་ཡང་རྒྱལ་ཁབ་འདིའི་བརྗིད་ཉམས་ཆེ་བའི་གནའ་བོའི་ཁང་བཟོའི་མཛེས་རྩལ་དང། ཧྥ་རན་སིའི་རྒྱལ་ཡོངས་དཔེ་མཛོད་ཁང་(Bibliotheque nationale de france) ནང་གི་རི་བོའི་གཏོས་དང་མཉམ་པའི་གླེགས་བམ། འགྲེམ་སྟོན་ཁང་ཆེན་ (Louvre Museum) མོའི་ནང་གི་རིན་ཐང་ཆེ་བའི་རིག་དངོས། ལྕགས་མདུང་སྟེ་ (Eiffel Tower ) སོགས་ཀྱི་མཛེས་སྡུག་ནི་བལྟ་བས་མི་ངོམས་པ་ཞིག་ཏུ་འདུག་པར་མ་ཟད། པོལ་པེལ་ཡོ་ (Paul Pelliot) ཡིས་ཕྱི་ལོ་ ༡༩༠༨ ལོ་ནས་བཟུང་བོད་ཀྱི་བྱང་རྒྱུད་ཏུན་ཧོང་བྲག་ཁུང་ནས་དབོར་འདྲེན་བྱས་པ་བོད་ཀྱི་ལོ་རྒྱུས་ལ་གསོན་སྲོག་དང་བདེན་པའི་ངར་ཁ་སྦྱིན་པའི་ཡིག་རྙིང་རིན་ཐང་བྲལ་བ་དེང་སང་ཏུན་ཧོང་ཡིག་རྙིང་དུ་གྲགས་པའི་ཡིག་ཆ་འདི་དག་ཀྱང་ཧྥ་རན་སིའི་རྒྱལ་ཡོངས་དཔེ་མཛོད་ཁང་འདིར་གནས་གཡར་བའི་ཚུལ་དུ་བཞུགས་ཡོད་པ་ནི། ང་ཚོ་གྲོང་ཁྱེར་འདི་དང་གྲོང་ཁྱེར་འདིར་རྟེན་གཞི་བཅས་པའི་རྒྱལ་ཡོངས་དཔེ་མཛོད་ཁང་ལ་སྤྲོ་བ་དམིགས་བསལ་བ་ཞིག་ཡོད་དགོས་པའི་རྒྱུ་མཚན་འཕར་མ་ཞིག་ཡིན་ངེས།

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅོ་ལྔ་པ་དངོས་སུ་ཚོགས་ཡུལ་ནི་རྒྱལ་ས་པེ་རིས་སིར་ (Paris) རྟེན་གཞི་བཅས་པའི་ཤར་ཕྱོགས་སྐད་ཡིག་དང་དཔལ་ཡོན་རྒྱལ་ཡོངས་སློབ་གླིང་ (INALCO) ཞེས་པའི་ནང་དུ་ཡིན། གཙུག་ལག་སློབ་གཉེར་ཁང་འདི་ནུབ་ཕྱོགས་སུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་སྡེ་ཚན་འཛུགས་སྔ་ཤོས་ཀྱི་གྲས་ཤིག་ཡིན་པས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་དང། ཡོ་རོབ་ཁུལ་གྱི་དེ་སྔའི་བོད་རིག་པའི་མཁས་པ་མང་པོ་ཞིག་གཙུག་ལག་སློབ་གཉེར་ཁང་འདི་ནས་ཐོན་འདུག་ཅིང། དེང་སང་ཡང་བོད་ཕྱི་ནང་གི་བོད་རིགས་ན་གཞོན་སློབ་གཉེར་པ་མང་པོ་ཞིག་དང།  ཕྱི་གླིང་པའི་ན་གཞོན་ཕོ་མོ་མང་པོ་ཞིག་གིས་ཀྱང་གཙུག་ལག་སློབ་གཉེར་ཁང་འདིར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ལ་སློབ་སྦྱོང་བྱེད་བཞིན་འདུག་པས། མ་འོངས་པར་ཡང་གཙུག་ལག་སློབ་གཉེར་ཁང་འདི་ནས་བོད་རིག་པའི་ཞིབ་འཇུག་མཁས་པ་མང་པོ་ཞིག་ཕེས་ངེས་ཀྱི་ཡིད་ཆེས་ཆོག་པ་ཞིག་འདུག

ཕྱི་ཟླ་ ༧ ཚེས་ ༧ ཉིན་ཚོགས་བཅར་བ་རྣམས་ཀྱིས་ཚོགས་འདུའི་ཐོ་འགོད་བྱས་ཏེ་ཚོགས་དངུལ་འབུལ་བ་དང་ཡིག་ཆ་སྤྲོད་ལེན་སོགས་བྱས། ཚེས་ ༨ ཉིན་གྱི་ཞོགས་པ་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་ཚོགས་ཆེན་ཐེངས་བཅོ་ལྔ་པའི་ཚོགས་བཅར་བ་རྣམས་ལ་སྣེ་ལེན་མཛད་སྒོ་དང། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པ་འདི་བཙུགས་ནས་མི་ལོ་བཞི་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་གསུང་བཤད་བཅས་ཀྱི་མཛད་རིམ་བསྐྱངས། གསུང་བཤད་པ་མང་ཆེ་བས་འདས་པའི་མི་ལོ་བཞི་བཅུའི་རིང་ཕྱི་རྒྱལ་གྱི་མཁས་པའི་ནང་བོད་རིག་པའི་ཞིབ་འཇུག་གི་འཕེལ་རིམ་དང་གྲུབ་འབྲས། ད་ལྟའི་གནས་སྟངས། འབྱུང་འགྱུར་གྱི་ཁ་ཕྱོགས་བཅས་ཞིབ་ཚགས་པོས་གསུངས་པ་དང་འབྲེལ་ཚོགས་མི་རྒན་གྲས་དང་བོད་རིག་པའི་ཞིབ་འཇུག་ཐད་དམིགས་བསལ་གྲུབ་འབྲས་ཡོད་པ་སྐོར་ཞིག་ལ་བཀའ་དྲིན་རྗེས་དྲན་ཞུས།

བོད་ཀྱི་དེང་རབས་ལོ་རྒྱུས་སྨྲ་བའི་མཁས་པ་ཚོགས་གཙོ་ཚེ་རིང་ཤཱཀྱ་ལགས་ཀྱི་གསུང་བཤད་སྐབས། བོད་རིག་པའི་ཞིབ་འཇུག་གི་འཕེལ་རིམ་དང། ཕྱི་རྒྱལ་བ་དང་བོད་ཀྱི་མཁས་པའི་ཞིབ་འཇུག་གི་ཐབས་ལམ་མ་འདྲ་བའི་ཁྱད་པར། བོད་ཀྱི་མཁས་པ་རྣམས་ཀྱིས་ཕྱི་རྒྱལ་བའི་བོད་རིག་པའི་ཞིབ་འཇུག་གི་ཐབས་ལམ་དང་གྲུབ་དོན་ལ་སྣང་ཆུང་མཛད་མི་རུང་བའི་གལ་གནད་བཅས་ཁོང་རང་ཉིད་ཀྱི་ཉམས་མྱོང་དང་དགོངས་ཚུལ་གཞི་ལ་བཞག་སྟེ་གསུང་བཤད་གལ་གནད་ཅན་ཞིག་གནང། ཁོང་གིས། བོད་རིགས་ཚོས་བོད་རིག་པ་ཟེར་བ་དེ་ཡར་བརྩིགས་པ་རེད། བོད་ཀྱི་ངོ་བོ་དང། བོད་ཀྱི་ལོ་རྒྱུས། བོད་ཀྱི་རིག་གནས་བཅས་ཡར་བརྩིགས་ཏེ་ཕུན་སུམ་ཚོགས་པ་བཟོ་ཐབས་བྱས་དུས། ཕྱི་རྒྱལ་བས་ཞིབ་འཇུག་བྱེད་སྐབས་དེ་མར་བཤིག་ཐབས་བྱེད་ཀྱི་འདུག ཅེས་པའི་གསུང་དུམ་འདི་ལ་གོ་བ་ལེན་སྟངས་མ་འདྲ་བ་སྣ་ཚོགས་ཡོང་གི་ཡོད་ཚོད་འདུག་ཅིང། ཚོགས་འདུའི་བར་གསེང་དུ་ང་ཚོ་སྐོར་ཞིག་གིས་ཀྱང་ཚོགས་གཙོའི་གསུང་བཤད་དུམ་བུ་འདིའི་སྐོར་གླེང་མོལ་བྱས། ངས་གོ་བ་ལེན་སྟངས་ལ་འདི་ནི་བོད་པ་དང་ཕྱི་རྒྱལ་པའི་ཞིབ་འཇུག་གི་ཐབས་ལམ་མ་འདྲ་བའི་ཁྱད་པར་གཙོ་གནད་དུ་བཟུང་ནས་གསུངས་པ་སྟེ། བོད་ཀྱི་མཁས་པ་ཚོས་སྒྲུབ་ཕྱོགས་ནས་རྒྱུ་མཚན་བཀོད་དེ་ཡང་དག་པ་དང་ཕུན་སུམ་ཚོགས་པར་གཏན་ལ་ཕབ་པའི་གནད་དོན་གང་ཞིག།ཕྱི་རྒྱལ་པའི་བོད་རིག་པའི་མཁས་པ་ཚོས་གཙོ་བོ་དགག་ཕྱོགས་ནས་གནོད་བྱེད་བཏང་སྟེ་གྲུབ་དོན་དེ་གཏོར་ཐབས་བྱེད་ཀྱི་ཡོད་པའི་གནས་ལུགས་ངོ་སྤྲོད་བྱས་པ་ཙམ་མ་གཏོགས། ཕྱི་རྒྱལ་པའི་བོད་རིག་པ་ཞིབ་འཇུག་པ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གཏོར་བཤིག་གཏོང་གི་ཡོད་པ་དང། ཁོང་ཚོ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉམས་ཆག་གཏོང་མཁན་ཞིག་ཡིན་པའི་ངོས་འཛིན་གྱི་ཐོག་ནས་གསུངས་པ་ཞིག་ག་ལ་ཡིན་ཏེ། དེ་ལྟར་གསུངས་པ་ཡིན་ན་གནས་ལུགས་དང་ལས་རྒྱུ་འབྲས་ལ་མི་མཐུན་པ་ཞིག་ཏུ་འགྱུར་ངེས་སྙམ། གནད་དོན་གང་ཞིག་བཟང་པོའམ་ངན་པ་ཡིན་པར་སྒྲུབ་ཕྱོགས་ནས་རྒྱུ་མཚན་མི་འཚོལ་བར། དགག་ཕྱོགས་ནས་དེར་ཡིན་པའི་གནོད་བྱེད་བཙལ་ཏེ་བདེན་དོན་འཚོལ་ཐབས་བྱེད་པ་ནི་ཕྱི་རྒྱལ་པའི་མཁས་པ་ཚོར་བཀོལ་སྤྱོད་ཆེ་བའི་ཞིབ་འཇུག་གི་ཐབས་ལམ་ཞིག་ཏུ་གྱུར་ཡོད་ཀྱང། ཁོང་ཚོའི་དམིགས་ཡུལ་ནི་རིག་གཞུང་དེ་ཉམས་ཆག་དང་གཏོར་བཤིག་གཏོང་བའི་ཆེད་དུ་མ་ཡིན་པར། རིག་གཞུང་དེའི་བདེན་དོན་ངོ་མ་ཅི་ཞིག་ཡིན་མིན་འཚོལ་ཞིབ་གཏིང་ཕྱིན་པར་བྱ་བའི་དོན་དུ་ཡིན་པར་བརྟེན། ཁོང་ཚོའི་ཞིབ་འཇུག་གི་བརྒྱུད་རིམ་ཁྲོད་ནས་གཞན་གྱིས་གཏན་ལ་ཕབ་པའི་གྲུབ་དོན་དེ་གཏོར་བཤིག་ཐུབ་ངེས་ཀྱི་རྒྱུ་མཚན་དང་གནོད་བྱེད་འདང་ངེས་ཤིག་མི་རྙེད་པ་ཐག་ཆོད་པ་ན། རང་ལུགས་མཁྲེགས་འཛིན་མི་བྱེད་པར་ཕ་རོལ་པས་གཏན་ལ་ཕབ་པའི་གྲུབ་དོན་དང་དེའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་ལ་བདེན་ཁ་བྱིན་ནས་རང་ཉིད་ཀྱིས་ཀྱང་གྲུབ་དོན་དེ་ལ་གུས་བརྩི་ཞུ་བ་ནི་ཕྱི་རྒྱལ་བའི་མཁས་པ་གཟུ་བོར་གནས་པ་མང་ཆེ་བའི་མི་གཤིས་ལྟ་བུ་ཞིག་ཏུ་གྱུར་འདུག་པས། ཚོགས་གཙོའི་གསུང་བཤད་ལ་གོ་ནོར་ཐེབས་མི་རུང་བའི་གསལ་འདེབས་ཙམ་ཞུས་པ་ལགས། ཚོགས་གཙོ་མཆོག་གིས་སྔ་མོ་བསམ་ཡས་གཙུག་ལག་ཁང་བཞེངས་པའི་སྐབས་ཉིན་མོར་མིས་བཙུགས་པ་མཚན་མོར་འདྲེས་བཤིག་པའི་ལོ་རྒྱུས་དཔེ་མཚོན་དུ་བགྲངས་པ་ནི་གསུང་བཤད་འདི་ལ་གོ་ནོར་ཐེབས་པའི་རྒྱུ་མཚན་གཙོ་བོ་ཞིག་ཏུ་གྱུར་ཡོད་ངེས་སྙམ།

ཚོགས་འདུ་གོ་སྒྲིག་པའི་གསུང་ལུགས་ལྟར་ན་ད་ཐེངས་ཡུལ་གྲུ་སྣ་ཚོགས་ནས་ཚོགས་བཅར་བ་མི་གྲངས་དྲུག་བརྒྱ་ལྷག་འབྱོར་ཡོད་ཚོད་འདུག་ཀྱང། དེ་དག་ལས་བོད་རིགས་ཚོགས་བཅར་བ་བརྒྱ་ཆ་ཤིན་ཏུ་ཉུང་ངུ་ལས་མི་འདུག་པ་ནི་བོད་པའི་ངོས་ནས་གོ་སྐབས་ཆེན་པོ་ཞིག་འཛིན་ཐུབ་ཀྱི་མེད་པའི་འཐུས་ཤོར་ཞིག་ཏུ་མཐོང་ལ། ལྷག་པར་དུ་བཙན་བྱོལ་བོད་མིའི་ཚོགས་བཅར་བའི་མི་གྲངས་སྔར་ལས་ཇེ་ཉུང་དུ་གྱུར་ཚེ་མ་འོངས་པར་བོད་རིག་པའི་ཞིབ་འཇུག་གི་ཁ་ཕྱོགས་གཞན་དག་ཅིག་ཏུ་འགྱུར་མི་སྲིད་པ་མིན་པས་སྟེགས་བུ་འདི་ང་ཚོས་སྣང་ཆུང་བྱེད་ཆོག་པ་ཞིག་གཏན་ནས་མིན། ཁ་ལག་ཁོམ་བསྡད་པ་རིགས་ཤིག་གིས་གཡག་ལ་ཡ་སོ་ཡོད་མེད་ལྟ་བུའི་རང་གི་མཐོང་སྣང་ལ་མི་འཇུག་པའི་གནས་ཚུལ་ཆུང་ཚགས་འགའ་ཤས་ཀྱིས་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་སྔ་ཕྱི་ལ་ཀླན་ཀ་འཚོལ་ཐབས་བྱེད་ཀྱི་འདུག་ཀྱང། དེ་ནི་དོན་དག་ཡོད་པ་ཞིག་ཏུ་གཏན་ནས་མ་ཚོར།

ད་ཐེངས་རྒྱ་བལ་འབྲུག་གསུམ་དང་ནུབ་ཕྱོགས་ལུང་པ་ཁག་ནས་བོད་པ་གང་འཚམས་ཤིག་ཚོགས་འདུ་ལ་ཕེབས་འདུག་ཅིང། བོད་ནང་ནས་ཀྱང་ས་གནས་མ་འདྲ་བ་འགའ་ཤས་ནས་བོད་པ་ཉུང་ཤས་ཤིག་ཕེབས་ཐུབ་འདུག།གོ་ཐོས་ལྟར་ན་ཅོ་ནེ་ཡུམ་ཚེ་རིང་སོགས་བོད་ནང་གི་མཁས་པ་མང་པོ་ཞིག་ཚོགས་འདུའི་སྐབས་མཚམས་ཏག་ཏག་ལ་བཀག་འགོག་བྱས་པས་ཚོགས་འདུར་བཅར་ཐུབ་མི་འདུག་པས་ཁོང་ཚོ་མང་པོ་ཞིག་གི་གཏམ་བཤད་ཀྱི་དུས་ཚོད་རེའུ་མིག་རྣམས་སྟོང་པར་ལྷག་འདུག། སྤྱིར་ཚོགས་འདུ་སྔ་མ་རྣམས་སུ་ཡང་བོད་ནས་ཕེབས་མཁན་མང་པོ་ཞིག་གིས་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོར་འབྲེལ་བ་བྱ་རྒྱུར་རང་བཞིན་གྱིས་དོགས་ཟོན་གནང་གི་ཡོད་ཀྱང། ད་ལོ་ནི་ཚོགས་ཐེངས་སྔ་མ་དག་ལས་ཀྱང་དོགས་ཟོན་ཆེ་བར་གནང་ལུགས་ལ་བལྟས་ན། ཁོང་ཚོར་ཕྱི་ཕྱོགས་ཀྱི་བོད་མི་ཚོར་འབྲེལ་བ་བྱེད་ཕྱོགས་ལ་སྔར་ལས་ཀྱང་བཙན་ཤེད་ཆེ་བའི་ལམ་སྟོན་ཁ་གསལ་ཞིག་གནང་ཡོད་ཚོད་འདུག་ལ། ཁོང་ཚོའི་འགུལ་སྐྱོད་དང་བྱ་སྤྱོད་ཡོངས་རྫོགས་ལ་སྟངས་འཛིན་བྱེད་མཁན་གྱི་སོ་ལྟ་བ་མང་པོ་ཡོད་པ་ཚོད་དཔག་བྱེད་ཐུབ། རིགས་ཤིག་གིས་ཚོགས་འདུའི་བར་གསེང་དུ་ཕན་ཚུན་ལག་འཇུ་བྱེད་པ་ཙམ་ལ་ཡང་འཛེམས་ཟོན་བྱེད་ཀྱི་འདུག་པས། ཚོགས་ར་གཅིག་ཏུ་འཛོམས་པའི་བོད་ཕྱི་ནང་གི་བོད་མིའི་བར་འདོད་པ་ཁེངས་ངེས་ཀྱི་འབྲེལ་བ་བྱེད་མི་ཐུབ་པ་ནི་བློ་ཕམ་ཆེ་ཤོས་ཤིག་ཏུ་གྱུར་ཀྱང། ཁོང་ཚོའི་བདེ་འཇགས་ནི་ཀུན་ལས་ཀྱང་གལ་ཆེ་བས་ཁོང་ཚོའི་བདེ་འཇགས་ཀྱི་དོན་དུ་མངོན་གསལ་གྱིས་འབྲེལ་བ་བྱེད་མ་དགོས་པ་གཙོ་འདོན་བྱས། བོད་ལྗོངས་ནས་ཕེབས་པའི་མཁས་པ་ག་གེ་མོ་ཞིག་དང་ཚོགས་འདུའི་བར་གསེང་ཞིག་ཏུ་ཡིག་རྙིང་གི་སྐོར་སྐད་ཆ་བྱུང་བའི་སྐབས་ཁོང་གིས། སྔ་མོ་ཡིག་རྙིང་རིགས་ཡོངས་རྫོགས་སྤྲང་པོ་ལྟ་བུ་བདག་མེད་དུ་གྱུར་ཀྱང། དེང་སང་ཡིག་རྙིང་རིགས་ཡོངས་རྫོགས་བཙོན་པ་ལྟ་བུར་གྱུར་ཏེ་སྤྱི་སྒེར་སུ་གང་གིས་ཀྱང་བཀོལ་སྤྱོད་མི་ཐུབ་པའི་གནས་སུ་གྱར་ཡོད། སྤྲང་པོ་ནས་བཙོན་པའི་གནས་བབ་ལ་འགྱུར་ལྡོག་ཕྱིན་པའི་ཡིག་རྙིང་གི་ད་ལྟའི་གནས་སྟངས་འདི་ནི་བོད་རིག་པ་ཞིབ་འཇུག་པ་ཞིག་ལ་མཚོན་ན་ཕངས་སེམས་ཆེ་ཤོས་བྱེད་དགོས་པ་ཞིག་ཡིན་ལུགས་གསུངས།

ཚེས་ ༡༤ ཉིན་གྱི་ཚོགས་འདུ་གྲོལ་བའི་རྗེས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཐེངས་རྗེས་མའི་ཚོགས་གཙོ་འོས་འདེམས་བྱས་པའི་རྗེས། འཁྲབ་གཞུང་རྩོམ་པ་པོ་དང་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྱིས་ངོ་སྤྲོད་དང་འབྲེལ་ཁོང་གིས་གཙོ་སྒྲིག་གནང་བའི་ཁྱི་སྡོམ་ཞེས་པའི་གློག་བརྙན་དེ་ཚོགས་བཅར་བ་རྣམས་ལ་གཟིགས་འབུལ་ཞུས། སྐུ་ཞབས་པདྨ་ཚེ་བརྟན་ལགས་དངོས་སུ་མཇལ་བ་ཐེངས་དང་པོ་ཡིན། ཚོགས་འདུའི་བར་གསེང་ཞིག་ཏུ་ཁོང་ལ་འཚམས་འདྲི་ཞུས་པ་ཙམ་ལས་བཀའ་མོལ་ཞིབ་ཕྲ་ཞུ་རྒྱུ་མ་བྱུང་ཡང། ཁོང་ནི་གཤིས་ཀ་ཤིན་ཏུ་ལྷོད་པོ་དང་བབ་ཆགས་པོ། གསུང་བཤད་ཀྱང་བཅོས་སྒྲིག་བྱས་པའི་ཚིག་སྐམ་གྱི་ཕྲེང་བ་བསྒྲིགས་པ་ཞིག་མ་ཡིན་པར་བོད་མི་རིགས་ཀྱི་ལས་དབང་ལ་འགན་ཁུར་བའི་བསམ་བློའི་གཏིང་རིམ་ནས་བྱུང་བའི་ཡིད་འགུལ་ཐེབས་པ་ཤ་སྟག་འདུག།ཁོང་གི་གསུང་བཤད་ཀྱི་བབ་ལ་བལྟས་ན་ཕྱི་ཚུལ་ལ་ཉམས་ཆུང་བའི་སྐྱེས་བུ་ཁོང་ཤིན་ཏུ་བློ་སྟོབས་ཆེན་པོ་ཞིག་ཡིན་པ་རྟོགས་ཐུབ་ལ། མི་རིགས་འདིའི་ལས་དབང་གི་དོན་དུ་ཅི་ཞིག་ཡིན་ནའང་སྒྲུབ་ཐུབ་མཁན་གྱི་གཞོན་སྐྱེས་ངར་མ་ཞིག་རེད་སྙམ་པའི་ངོས་འཛིན་ཤུགས་ཀྱིས་ཡོང་བ་ཞིག་རེད་འདུག ངས་ཁོང་གི་གཟིགས་རྒྱང་ཡངས་པའི་མདུན་ལམ་ལ་འགོག་རྐྱེན་མེད་པར་ཤར་བསྐྱོད་ཐུབ་པའི་སྨོན་ལམ་སེམས་གཏིང་ནས་ཞུས་ཡོད།

ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོ་དུས་ཚོད་བཅུ་གཉིས་དང་ཕྱེད་ཀའི་ཐོག་ཐེངས་བཅོ་ལྔ་པའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་རྒྱལ་ཁའི་ངང་ནས་མཇུག་བསྒྲིལ། གོང་དུ་བཤད་པ་ལྟར་ཚོགས་བཅར་བ་མི་གྲངས་དྲུག་བརྒྱ་ལྷག་ཕེབས་འདུག་པ་དང། བརྗོད་གཞི་ཆོས་ལུགས་དང། སྐད་བརྡ་རིག་པ། རྩོམ་རིག་སྒྱུ་རྩལ། བཟོ་རིག།སློབ་གྲྭའི་སློབ་གསོ། དགོན་སྡེའི་སློབ་གསོ། མི་སྣ་དང་ཡུལ་ལུང་གི་ལོ་རྒྱུས། ཁྲིམས་ལུགས། གསོ་རིག་གི་མན་ངག་དང་ལག་ཐབས། ཡིག་རྙིང་འཚོལ་ཞིབ་དང་བཀོལ་སྤྱོད། འཚོ་བའི་ཁྲོད་ཀྱི་གོམས་གཤིས་དང་སྤྱོད་ལམ་དམིགས་བསལ་བ་སོགས་བརྗོད་གཞི་སྣ་ཚོགས་ཡོད་པ་རྣམས། Panel གྲངས་ ༦༣ དང། Paper Session གྲངས་ ༢༤ Roundtables གྲངས་ ༧ བཅས་སུ་དབྱེ་བགོས་ཀྱི་གོ་སྒྲིག་ཞུས་འདུག མི་རེ་ཟུང་ཕུད་པའི་ཚོགས་བཅར་མང་ཆེ་བས་གཏམ་བཤད་རྩོམ་ཡིག་གྲ་སྒྲིག་ཡག་པོ་ཞུས་འདུག་པས་བློ་བསྐྱེད་ཡག་པོ་སྟེར་ཐུབ་པ་ཤ་སྟག་འདུག།

ཚོགས་གཙོའི་གཏམ་བཤད་ནང་དུ་གསལ་བ་ལྟར་བོད་རིག་པའི་ཁྱབ་ཁོངས་ནས་ཞང་ཞུང་རིག་པ་དང། མངའ་རིས་རིག་པ། མདོ་སྨད་རིག་པ། ཁམས་རིག་པ་ལྟ་བུའི་དབྱེ་བ་སྣ་ཚོགས་བྱེད་པ་ནི་བོད་རིག་པའི་གུང་བུའི་ནུས་པ་དང་ངོ་བོ་འཐོར་བཤིག་ཏུ་འགྲོ་རྒྱུའི་ཉེན་ཁ་ཞིག་མཐོང་བས། ཆོས་ལུགས་དང་ཡུལ་ལུང་མ་འདྲ་བའི་ཁྱད་པར་ཙམ་ལ་བསྙད་ནས་བོད་རིག་པ་ལས་ཟུར་དུ་མིང་འདོགས་སྣ་ཚོགས་བྱེད་པ་ལ་དགོས་པ་རྒྱུ་མཚན་གང་ཡང་མ་མཐོང།

བསྐྱར་བཅོས།: ༢༠༡༩/༠༧/༢༠

Leave a Reply

2 thoughts on “ཕྱི་རྒྱལ་བའི་བོད་རིག་པ་ཞིབ་འཇུག་པའི་མཁས་པ་རྣམས་བོད་ཀྱི་རིག་གཞུང་གཏོར་བཤིག་གཏོང་མཁན་ཞིག་ཡིན་ནམ།

  1. བོད་རིག་པའི་ཞིབ་འཇུག་ཚོགས་ཞུགས་པ་རྣམས་ལ་རང་བཞིན་གྱིས་འགན་ཁུར་ཆེན་པོ་ཡོད་པ་རེད། ལྷག་པར་དུ་བཙན་བྱོལ་ནས་ཕེབས་མཁན་ཚོས་ཆབ་སྲིད་དང་རིག་གཞུང་གཉིས་ཐད་ནས་བོད་ཀྱི་ཤེས་ཡོན་པའི་ཚབ་བྱེད་ཐུབ་པ་ཞིག་ངེས་པར་དགོས།

  2. པདྨ་བསྟན་འཛིན།

    བོད་རིག་པའི་ཞིབ་འཇུག་ཚོགས་འདུ་དང་འབྲེལ་བའི་དགེ་སྐྱོན་གྱི་རྩོམ་ཡིག་གང་མང་སྤེལ་ཐུབ་ན་ལེགས། བོད་ཀྱི་ཤེས་ཡོན་པའི་ཁྲོད་དུ་གཟུ་བོར་གནས་པའི་རིག་གཞུང་དཔྱད་བརྗོད་པ་དང། སྤྱི་ཚོགས་དཔྱད་བརྗོད་པ་ཤིན་ཏུ་དཀོན་པས་འདི་ང་ཚོའི་སྟོང་ཆ་ཆེན་པོ་ཞིག་ཏུ་གྱུར་ཡོད། ཡར་རྒྱས་འགྲོ་དགོས་ན་དགེ་སྐྱོན་གླེང་མཁན་གྱི་དཔྱད་བརྗོད་པ་མེད་དུ་མི་རུང་བ་ཡིན། འདིར་དགེ་སྐྱོན་གླེང་བའི་དཔྱད་བརྗོད་རྩོམ་ཡིག་ལེགས་པོ་ཞིག་བྲིས་འདུག་པས་ཡི་རང་ཞུ། ཚོགས་ཞུགས་པ་གཞན་དག་གིས་ཀྱང་འདི་ལྟར་འབྲི་ཐུབ་ན་ལེགས།