དབྱིན་ཡུལ་གྲོས་ཚོགས་ནང་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་འཆར་བཏོན།

དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ ༡༡ གིས་རྒྱ་ནག་གཞུང་གི་བྱེད་ཕྱོགས་དེར་བཟོད་སྒོམ་བྱེད་ཐབས་མེད་པའི་ལངས་ཕྱོགས་འཛིན་རྒྱུའི་དུས་ལ་བབས་ཡོད་སྐོར་གསུངས་ཏེ་བོད་ནང་འགྲོ་འོང་འདྲ་མཉམ་དགོས་པའི་ཁྲིམས་འཆར་བཏོན།
ཟླ་འདིའི་ཕྱི་ཚེས་ ༢༣ ཉིན། དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཊིམ་ལོ་ཊོན་ (Tim Laughton)ལགས་ཀྱིས་སྣེ་འཁྲིད་པའི་དབྱིན་ཡུལ་གྱི་སྲིད་དོན་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ ༡༡ གིས། དབྱིན་ཡུལ་གྲོས་ཚོགས་ནང་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་འཆར་ཞིག་བཏོན་ཡོད་པ་དང་འབྲེལ། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱེད་བཞིན་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་མཚོན་ཆེད་ཁྲིམས་འཆར་དེ་བཏོན་པ་ཡིན་སྐོར་གསུངས་འདུག

སྐུ་ཞབས་ཊིམ་ལོ་ཊོན་ལགས་ཀྱིས་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་འཆར་ངོ་སྤྲོད་ཀྱི་གཏམ་བཤད་སྒྲོགས་སྦྱང་གནང་པའི་ནང་། འདི་ལོའི་ཕྱི་ཟླ་ ༥ པའི་ནང་ང་རང་བོད་དོན་རྒྱབ་སྐྱོར་ཚོགས་པའི་མཉམ་འབྲེལ་གྱི་ཚོགས་གཙོ་ཡིན་པའི་ཆ་ནས་ལཱ་ཊི་ཝིའི་ནང་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པའི་ཐོག་བཅར་བ་ཡིན། ཚོགས་ཆེན་སྟེང་ང་ཚོས་རྒྱ་ནག་གཞུང་གི་ཉེན་རྟོག་པས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་། རྒྱལ་སྤྱིའི་ཐོག་རྒྱ་ནག་གཞུང་གིས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། ཏཱ་ལའི་བླ་མ་མཆོག་བཅས་ལ་མཚན་དམོད་བྱེད་བཞིན་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་དང་རིག་གཞུང་ཆོས་ལུགས། གོམས་སྲོལ་བཅས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་པ་ཤེས་རྟོགས་བྱུང་སོང་། ཞེས་གསུངས་འདུག

ཡང་རྒྱ་ནག་གཞུང་གིས་བོད་ནང་རྒྱ་མི་གཞིས་སྤོར་བྱས་ཏེ་བོད་མིའི་ངོ་བོ་དང་རིག་གཞུང་རྩ་གཏོར་གཏོང་གི་ཡོད་པའི་སྐོར་ལ་ཁོང་གིས། རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་གཏོར་བརླག་གཏོང་ཆེད་རྒྱ་རིགས་ཕོན་ཆེན་བོད་དུ་གཞིས་སྤོ་རུ་འཇུག་བཞིན་པ་སོགས་ཀྱི་གནད་དོན་ཐད་ཚོགས་ཆེན་ཐོག་གྲོས་བསྡུར་བྱས་པ་ཡིན། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་ཆུ་མཛོད་དང་གཏེར་ཁ་སྔོག་འདོན་ཤུགས་ཆེན་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་རང་བྱུང་གི་གོད་ཆག་སོགས་བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་འཚེ་ཆེན་པོ་གཏོང་བཞིན་ཡོད་པ་དང་། ད་བར་དུ་བོད་ནང་ཁྱོན་བོད་མི་ ༡༥༠ ལྷག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་སྐོར་ལ་གླེང་མོལ་བྱས་པ་ཡིན། ཞེས་གསུངས་འདུག

རྒྱ་ནག་གཞུང་གིས་ཕྱི་མི་བོད་ནང་འགྲོ་སྐྱོད་ལ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པའི་ཐད་ལ་ཁོང་གིས། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་། རིག་གནས་ཀྱི་གུ་ཡངས། ཁོར་ཡུག་བཅས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པའི་རྐྱེན་གྱིས་ཕྱི་མི་ཚོར་གནས་ཚུལ་དེ་ཤེས་འཇུག་འདོད་མེད་པ་རེད། དབྱིན་ཡུལ་དང་ཡུ་རོབ། ཨ་རི་ཚུད་པའི་ཕྱིའི་མི་སེར་རྣམས་བོད་རང་སྐྱོང་ལྗོངས་ནང་འགྲོ་བར་ཐོངས་མཆན་གྱི་ཐོག་ལ་ད་དུང་ཆོག་མཆན་སྣོན་མ་ཞུ་དགོས་ཀྱི་ཡོད་པ་རེད། གལ་ཏེ་བོད་ཁུལ་དུ་བསྐྱོད་ཐུབ་པའི་དབང་དུ་བཏང་ན་ཡང་རྒྱ་ནག་གཞུང་གིས་བསྐོས་པའི་སྣེ་ཤན་པ་དང་མཉམ་དུ་བསྐྱོད་དགོས་པ་དང་། ཆབ་སྲིད་ཀྱི་ཚོར་ཤུགས་སྐྱེན་པའི་དུས་སྐབས་སུ་ཕྱི་མི་སུ་འདྲ་ཞིག་ཡིན་ཡང་བོད་ཁུལ་དུ་གཏོང་གི་མེད་པ་རེད། རྒྱ་ནག་གཞུང་གི་ལྟ་རྟོག་ནན་པོའི་འོག་ནས་སྐབས་རེར་མ་གཏོགས། ཕྱིའི་རྒྱལ་ཁབ་ཁག་གི་སྐུ་ཚབ་དང་། གྲོས་ཚོགས་འཐུས་མི། གསར་འགོད་པ། ཐ་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་འབྲེལ་མི་སྣ་རྣམས་ལ་ཡང་བོད་རང་སྐྱོང་ལྗོངས་ཁུལ་དུ་བསྐྱོད་རྒྱུའི་ཆོག་མཆན་སྤྲོད་ཀྱི་མེད། དེའི་ཐོག་བོད་ནང་གི་བོད་མི་ཚོ་ཡང་ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲོ་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་པ་མ་ཟད། ནང་གི་གནས་ཚུལ་ཕྱི་ལ་གྱར་མཁན་ཚོར་ཉེས་ཆད་དྲག་པོ་གཏོང་གི་ཡོད་པ་རེད། དེའི་དཔེ་མཚོན་ཞིག་ནི་སྐད་ཡིག་ཐོབ་ཐང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་ལྟ་བུ་རེད། ཁོང་གིས་ནེའུ་ཡོག་དུས་བབ་ལ་ཕ་སྐད་སྲུང་སྐྱོབ་བྱེད་དགོས་པའི་སྐོར་གྱི་བཅར་འདྲི་ཞིག་སྤྲད་པའི་རྐྱེན་གྱིས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། དེ་བཞིན་པེ་ཅིན་དུ་ཡོད་པའི་དབྱིན་ཡུལ་གྱི་གཞུང་ཚབ་པ་ཡང་ཕྱི་ལོ་ ༢༠༡༧ ནས་བཟུང་བོད་རང་སྐྱོང་ལྗོངས་ནང་བསྐྱོད་ཐུབ་མེད་ལ། ད་དུང་ཡང་ཁུལ་དེར་བསྐྱོད་རྒྱུའི་ཆོག་མཆན་ལ་སྒུག་བསྡད་ཡོད། ཅེས་དང་། རྒྱ་ནག་གཞུང་གིས་ཡུ་རོབ་ཀྱི་མི་སེར་ཡིན་པའི་བོད་མི་རྣམས་ལ་གཞན་དང་མི་འདྲ་བར་བཀག་འགོག་ཤུགས་ཆེན་བྱེད་ཀྱི་ཡོད་ལ། ཁོ་ཚོ་རྒྱ་ནག་གཞུང་ཚབ་ཁང་དུ་བོད་ནང་འགྲོ་སྐྱོད་ཆོག་པའི་ཡིག་ཆ་ལེན་དུ་འགྲོ་སྐབས་མཐོང་ཆུང་སོགས་བྱེད་ཀྱི་ཡོད་པ་རེད།  ཅེས་གསུངས་འདུག
མཇུག་ཏུ་ཁོང་གིས། ད་ལྟ་ང་ཚོས་སྣང་མེད་བྱས་ནས་སྡོད་རྒྱུ་མེད། རྒྱ་ནག་གི་མགོ་འཁྲིད་ཚོས་ནུབ་གླིང་གི་རང་དབང་སྤྱད་དེ་ས་ཆ་གང་སར་སྐྱོད་པ་དང་རང་ཉིད་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་། ཕྱི་མི་རྒྱ་ནག་ནང་འདྲ་མཉམ་གྱིས་བསྐྱོད་དུ་འཇུག་གི་མེད། འདས་ལོའི་ཕྱི་ཟླ་ ༡༢ ནང་ཨ་རིའི་བོད་ནང་འགྲོ་སྐྱོད་འདྲ་མཉམ་གྱི་ཁྲིམས་ཡིག་གཏན་འབེབ་བྱས་ཡོད་པ་དང་། དེས་རྒྱ་ནག་གི་མི་སེར་ཨ་རིར་ཡོང་ཆོག་པ་ལྟར། ཨ་རིའི་གཞུང་འབྲེལ་སྐུ་ཚབ་དང་གསར་འགོད་པ། མི་སེར་དཀྱུས་མ་རྣམས་ཀྱང་བོད་ནང་འགྲོ་སྐྱོད་ཆོག་པར་སྐུལ་འདེད་བཏང་ཡོད། རྒྱ་ནག་གིས་ཨ་རིའི་ཁྲིམས་ཡིག་དེར་བརྩི་སྲུང་བྱས་མིན་ལ་མ་ལྟོས་པར། ཁྲིམས་ཡིག་དེས་ཁྱད་པར་ཞིག་བཟོ་ཐུབ་ཀྱི་ཡོད་པ་མངོན་གསལ་རེད། དེང་སྐབས་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་དག་གིས་པེ་ཅིན་གཞུང་ནས་ཕྱི་མི་བོད་ནང་བསྐྱོད་རྒྱུའི་ཆོག་མཆན་ཞུ་ཕྱོགས་ཀྱི་བརྒྱུད་རིམ་མྱུར་དུ་བཏང་ཡོད་སྐོར་གྱི་གནས་ཚུལ་སྤེལ་ཡོད། ཅེས་དང་། ད་ལྟ་ཡུ་རོབ་དང་དབྱིན་ཡུལ་ངོས་ནས་ཨ་རི་བཞིན་རྒྱ་ནག་གིས་བོད་མིའི་ཐོག་དྲག་གནོན་བྱེད་བཞིན་པ་དེ་ཤེས་མེད་ཚོར་མེད་ངང་འཇོག་རྒྱུ་མིན་པ་དང་། ང་ཚོས་རྒྱ་ནག་གཞུང་གི་བྱེད་ཕྱོགས་དེར་བཟོད་སྒོམ་བྱེད་ཐབས་མེད་པའི་ལངས་ཕྱོགས་ཤིག་འཛིན་རྒྱུའི་དུས་ལ་བབས་ཡོད་པ་དང་། མཐའ་མཇུག་དེར་རྒྱ་ནག་གིས་བོད་དང་བོད་མིའི་ཐོག་དྲག་གནོན་བྱེད་བཞིན་པ་དེར་ངོ་རྒོལ་ཤུགས་དྲག་མཚོན་ཆེད་ཁྲིམས་འཆར་འདི་བཏོན་པ་ཡིན། ཞེས་གསུངས་འདུག

ཁྲིམས་འཆར་དེའི་དགོངས་དོན་གཞིར་བཟུང་དབྱིན་གཞུང་གི་འཛིན་སྐྱོང་ལྷན་ཁང་ངོས་ནས་ལོ་རེར་གྲོས་ཚོགས་ལ་དབྱིན་ཡུལ་གྱི་མི་སེར་རྣམས་བོད་ནང་འགྲོ་སྐྱོད་ཀྱི་གནས་སྟངས་དང་། རྒྱ་ནག་གི་ས་ཁུལ་གཞན་དང་བསྡུར་ན་བོད་ནང་འགྲོ་སྐྱོད་ཀྱི་གྲངས་ཀ་ག་ཚོད་ཡིན་པ།  ལོ་སྔ་རྗེས་གཉིས་ཀྱི་བོད་ནང་འགྲོ་སྐྱོད་ཀྱི་གནས་སྟངས་གཤིབ་བསྡུར་བྱས་ཏེ། རྒྱ་ནག་གཞུང་ངོས་ནས་བོད་ཁུལ་དུ་དབྱིན་ཡུལ་གྱི་མི་སེར་འགྲོ་སྐྱོད་བཀག་སྡོམ་སྲིད་བྱུས་ཇི་ལྟར་ཡིན་པ་བཅས་ཀྱི་སྙན་ཐོ་ཞིག་འབུལ་དགོས་ཀྱི་ཡོད་པ་དང་། གལ་སྲིད་ཁྲིམས་འཆར་དེ་གཏན་འབེབ་བྱུང་རྗེས། དབྱིན་ཡུལ་གྱི་མི་སེར་ཞིག་མཚོ་སྔོན་དང་། ཡུན་ནན། ཀན་སུའུ་ཚུད་པའི་བོད་ཁུལ་དུ་འགྲོ་སྐྱོད་བྱེད་རྒྱུར་བཀག་འགོག་བྱས་ཚེ། འབྲེལ་ཡོད་དཔོན་རིགས་དབྱིན་ཡུལ་ནང་ཡོང་མི་ཆོག་པ་བཟོ་འཆར་ཡོད་འདུག

དེ་ཡང་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་གྲོས་ཚོགས་གོང་འོག་གཉིས་མང་མོས་ཐོག་གཏན་འབེབ་གནང་བའི་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་གཞིར་མཚན་རྟགས་བསྐྱོན་ཏེ་གཏན་འབེབ་གནང་རྗེས། ཡུ་རོབ་དང་ཁ་ན་ཌའི་གྲོས་ཚོགས་སོགས་ཀྱི་ནང་དུའང་དེ་ལྟ་བུའི་ཁྲིམས་ཡིག་གཏན་འབེབ་དགོས་པའི་བསམ་ཚུལ་དང་གླེང་སློང་ཡོང་གི་ཡོད་པ་རེད། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་ ༡༠ དང་། ཡུ་རོབ་ཀྱི་སྟོབས་ཆེན་རྒྱལ་ཁབ་ཁག་ ༥ ཡི་གྲོས་ཚོགས་འཐུས་མི་བཅས་ཁྱོན་འཐུས་མི་ ༢༥ ཡིས། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་ཚོང་འབྲེལ་ཁོ་ན་ཙམ་མིན་པར། བོད་ནང་འགྲོ་འོང་འདྲ་མཉམ་དགོས་པ་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ནས་འབྲེལ་ལམ་བསྐྱར་ཞིབ་དགོས་པའི་དགོངས་ཚུལ་བཏོན་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༧/༢༥

Leave a Reply