བཙན་བྱོལ་བོད་རིགས་གཞོན་སྐྱེས་ཚོར་འཕྲད་བཞིན་པའི་དཀའ་ངལ་གླེང་བ།

གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ།

ལོན་ཊོན་ལ་ཡོད་པའི་ལྦེ་སི་མིན་སི་ཊར་གཙུག་ལག་སློབ་གྲྭ་ཆེན་མོའི་མང་གཙོ་ཉམས་ཞིབ་ཚན་པ་(University of Westminster, Centre for the Study of Democracy) དང་ནེ་རུ་བོད་དོན་གླེང་སྟེགས་(Tibet Forum,JNU) གཉིས་མཉམ་འབྲེལ་བྱས་ཏེ། ཟླ་འདིའི་ཚེས་༡༩ ནས་ ༢༠ བར་ཉིན་གཉིས་རིང་ལྡི་ལིའི་ནེ་རུ་སློབ་ཆེན་གྱི་སྤྱི་ཚོགས་ཚན་རིག་གི་ཚོགས་ཁང་ནང་དུ། “ བཙན་བྱོལ་ནང་བོད་རིགས་གཞོན་སྐྱེས་ཚོར་འཕྲད་བཞིན་པའི་དཀའ་ངལ་” ཞེས་པའི་བརྗོད་གཞི་དང་འབྲེལ་ཏེ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་དཀའ་ངལ། ཤེས་ཡོན་ཅན་དང་ལས་འགུལ་བ་གཉིས་ཀྱི་མཐུན་མཚམས་དང་བར་ཁྱད། བཙན་བྱོལ་བོད་མིའི་ཁྲིམས་ཀྱི་གནས་བབ། སྤྱི་དམངས་ཚོགས་པའི་དཀའ་ངལ་དང་རེ་བ། ད་དུང་ལས་འགུལ་སྤེལ་སྟངས་སོགས་བརྗོད་གཞི་སྣ་མང་ཞིག་གི་ཐོག་གྲོས་བསྡུར་བྱས་པ་དང་། དེ་ནས་ཚེས་ ༢༢ ཉིན་(India Habitat Centre ) ལ་བོད་དང་རྒྱ་གར། རྒྱ་ནག་གསུམ་གྱི་ཕྱོགས་ཡོངས་ཀྱི་འབྲེལ་ལམ་(Centrality of the Marginalized: Tibet, China and India ) ཞེས་པའི་བརྗོད་གཞི་དང་འབྲེལ་ནས་བོད་རིགས་དང་རྒྱ་གར་ཉམས་ཞིབ་པ་བཅུ་བཞི་ཡིས། རྒྱ་བོད་མཐའ་མཚམས་ས་ཁུལ་དང་བཙན་བྱོལ་གྱི་གནས་སྟངས། བོད་དང་རྒྱ་གར། རྒྱ་ནག་གསུམ་གྱི་འབྲེལ་བའི་ཐོག་གཏམ་བཤད་དང་གྲོས་བསྡུར་བྱས་སོང་།

ད་དུང་སློབ་ཕྲུག་སོགས་ཁྱོན་བསྡོམས་མི་བདུན་བཅུ་ལྷག་འཛོམས་པའི་ཟབ་སྦྱོང་འདི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག ནེ་རུ་བོད་དོན་གླེང་སྟེགས་ཀྱི་མདོ་འཛིན་པ་འཆི་མེད་གཡུ་སྒྲོན་ལགས་ཀྱིས།“ང་ཚོས་འདི་ལྟ་བུའི་ཟབ་སྦྱོང་ཞིག་གོ་སྒྲིག་བྱེད་དགོས་པའི་དམིགས་ཡུལ་ནི། འཛམ་གླིང་གི་ས་ཕྱོགས་གང་སར་གྱར་ནས་སྡོད་ཡོད་པའི་བོད་རིགས་ཉམས་ཞིབ་པ་དང་ལས་འགུལ་བ། གཞོན་སྐྱེས་སློབ་ཕྲུག་རྣམས་མཉམ་འཛོམས་ཐོག་ད་ལྟ་བཙན་བྱོལ་ནང་བོད་རིགས་གཞོན་སྐྱེས་ཚོར་འཕྲད་བཞིན་པའི་འཚོ་བ་དང་ཁྲིམས་དོན། སོ་སོའི་ངོ་བོ། ད་དུང་སློབ་སྦྱོང་སོགས་ཀྱི་དཀའ་ངལ་རྣམས་ལ་ངོས་འཛིན་དང་། གྲོས་བསྡུར་བྱ་རྒྱུ་དེ་ཡིན། ཞེས་བརྗོད་སོང་།

དེ་ནས་ལོན་ཊོན་ལྦེ་སི་མིན་སི་ཊར་གཙུག་ལག་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་སློབ་གཉེར་ཁང་གི་འགན་འཛིན་དགེ་རྒན་ཆེན་མོ་སྡི་སྦེ་ཤི་ཨ་ནན་ (Prof. Dibyesh Anand ) མཆོག་གིས་ཟབ་སྦྱོང་གི་དམིགས་ཡུལ་དང་སྦྲགས་ནས་ཁོང་གིས། “ རྒྱ་ནག་གིས་བོད་ས་བཙན་བཟུང་དང་བཙན་བྱོལ་ནང་ངེས་གཏན་མེད་པའི་འཚོ་བའི་གནས་སྟངས་འདི། ད་ལྟའི་གཞིས་བྱེས་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་ཆེ་ཤོས་གཉིས་ཡིན་པ་དང་། རྒྱ་ནག་གི་སྟོབས་ཤུགས་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་པ་དང་ལྷན་དུ། ད་ལྟ་དཀའ་ངལ་དེ་དག་ཆེ་རུ་འགྲོ་བཞིན་ཡོད་ལ། རྒྱ་གཞུང་གིས། ༧གོང་ས་མཆོག་གི་དབུ་འཁྲིད་འོག་ཤར་བསྐྱོད་བྱེད་བཞིན་པའི་བོད་པའི་འཐབ་རྩོད་འདིར་རྒྱལ་འབྲེལ་ཐབས་བྱུས་ཀྱི་འཇམ་རྩུབ་གཉིས་ཀ་བཀོལ་ནས་མེད་པ་བཟོ་ཐབས་བྱེད་བཞིན་ཡོད། ང་ཚོ་གོང་གི་གནས་སྟངས་དེ་འདྲ་ཞིག་ཀླད་པར་ཉར་ནས་བོད་རིག་པར་ཞིབ་འཇུག་བྱེད་བཞིན་པའི་ཕྱི་རྒྱལ་བ་ཚོས་(བོད་རིགས་མ་ཡིན་པ་རྣམས་ལ་གོ།) བོད་དོན་འཐབ་རྩོད་ཐོག་ཁོ་ཚོའི་ཆ་ཤས་དང་ནུས་པ་གང་འདྲ་ཞིག་སྟོན་གྱིན་ཡོད་མེད་འདྲི་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། ཞིབ་འཇུག་པ་འདི་དག་གིས། ཁོ་ཚོར་བོད་རིག་པའི་ཐོག་ཕྱོགས་ལྷུང་བྲལ་བའི་ཞིབ་འཇུག་གི་གྲུབ་འབྲས་ཤིག་འདོན་ཐབས་བྱ་རྒྱུའི་འགན་ཡོད་ཅེས་བརྗོད་དེ། གང་དེའི་ཆབ་སྲིད་ཀྱི་གནས་སྟངས་ལ་རྒྱབ་སྐྱོར་དང་མཉམ་ཞུགས་མ་བྱེད་ན་འགྲིག་གི་ཡོད་དམ། ཡང་ན་དྲང་བདེན་མ་ཡིན་པའི་ཛ་དྲག་གི་གནས་སྟངས་ཤིག་དང་ཕྱོགས་གཉིས་(འདིར་བོད་རྒྱ་གཉིས་ལ་གོ། )ཕན་ཚུན་འདྲ་མཉམ་གྱི་ནུས་སྟོབས་མེད་པའི་རྒྱུ་རྐྱེན་དེ་འདྲ་ཞིག་གི་འོག་ཏུ་གཟུར་གནས་འདུག་རྒྱུར་རྨང་གཞི་གང་ཡང་མེད་པས། ཁོ་ཚོས་གཡོ་རྫུའི་རང་བཞིན་ལྡན་པའི་དངོས་དོན་གྱི་ཤེས་བྱ་(Objective Knowledge)ཞེས་པ་དེ་སྣང་མེད་གཏང་ཐུབ་བམ།

འོན་ཀྱང་བློ་ཕམ་དགོས་པ་ཞིག་ལ། ད་ལྟ་བོད་དང་འབྲེལ་བའི་ཞིབ་འཇུག་བྱེད་མཁན་མང་ཆེ་བ་ཞིག་རྒྱ་ནག་དང་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་བོད་རིགས་མ་ཡིན་པ་དེ་དག་ཆགས་ཡོད་པ་མ་ཟད། དེའི་ཁོངས་ནས་བོད་ལ་རྒྱུས་མངའ་ཟབ་པའི་ནུབ་ཕྱོགས་པའི་ཉམས་ཞིབ་པ་མང་པོ་ཞིག་གིས། བོད་པ་རྣམས་དམའ་བར་འཛིན་ནས་ཁོ་ཚོ་ནམ་ཡང་བོད་དང་འབྲེལ་བའི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱི་ཞབས་ཞུ་བ་ལྟ་བུ་ཞིག་ལ་བརྩི་གིན་ཡོད། དེར་བརྟེན་དེ་རིང་ཟབ་སྦྱོང་འདི་འདྲ་ཞིག་ཚོགས་དགོས་པའི་དམིགས་ཡུལ་ཡང་གོང་གི་དཀའ་ངལ་དེ་དག་ལ་གདོན་ལེན་བྱ་རྒྱུ་དང་། བོད་རིགས་གཞོན་སྐྱེས་རྣམས་ཀྱིས་བོད་དང་འབྲེལ་བའི་གནས་ཚུལ་གང་འདྲ་ཞིག་ལའང་གོ་བབ་གཅིག་མཚུངས་ཀྱིས་ཞིབ་འཇུག་བྱེད་པའི་དབང་ཆ་དེར་ངོས་འཛིན་དང་རྒྱབ་སྐྱོར་བྱ་རྒྱུ་དེ་ཡིན་པ་རེད།” ཅེས་དང་། ཁོ་རང་ཕལ་ཆེར་ལོ་སུམ་བཅུ་ཙམ་རིང་བོད་དང་འབྲེལ་བའི་གནས་ཚུལ་ཐོག་ལས་ཀ་བྱེད་མྱོང་མཁན་བོད་རིགས་མ་ཡིན་པའི་ཞིབ་འཇུག་པ་ཞིག་ཡིན་པའི་ཆ་ནས། ད་ལན་གཏམ་བཤད་བྱེད་པའི་ཆེད་དུ་ཡོང་བ་མིན་པར་བོད་རིགས་གཞོན་སྐྱེས་ཚོའི་སྐད་ཆར་ཉན་ནས་བོད་དོན་ཐོག་མཉམ་རུབ་ཀྱིས་བགྲོ་གླེང་བྱེད་པར་ཡོང་བ་ཡིན་སྐོར་བརྗོད་སོང་།

ཡང་ཤེས་ཡོན་ཅན་དང་ལས་འགུལ་བ་གཉིས་ཀྱི་མཐུན་མཚམས་དང་བར་ཁྱད་ཞེས་པའི་ཐོག་གཏམ་བཤད་གནང་མཁན་བོད་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། “ངས་ཐོག་མར་ད་ལྟ་འཛམ་གླིང་འདིའི་ནང་བོད་དང་བོད་མི་ལབ་དུས། རྣམ་པ་གང་འདྲ་ཞིག་ཆགས་ཡོད་མེད་ཐོག་ལབ་པ་ཡིན། དཔེར་ན་དེང་སང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་དང་ཡང་ན། རྒྱལ་ཁབ་ཕྱི་ནང་གི་གཙུག་ལག་སློབ་གྲྭ་ཆེན་མོ་མང་པོ་ཞིག་གི་ནང་། བོད་ལབ་དུས། བོད་རང་སྐྱོང་ལྗོངས་ཀྱི་ས་ཁྲ་ཞིག་སྟོན་སྲོལ་ཡོད་ཅིང་། དེའི་ཁུངས་ནི་སྔོན་མ་དབྱིན་གཞུང་གིས་བོད་ནང་མ་དང་ཕྱི་མ་ཞེས་པ་ཞིག་འགྲེལ་བཤད་རྒྱག་སྲོལ་ཡོད་པ་དེ་ད་ལྟ་མུ་མཐུད་གནས་ཡོད་པས། དེ་ལ་དང་པོ་ང་ཚོ་ལས་འགུལ་བ་དང་ཤེས་ཡོན་ཅན་གཉིས་ཆ་ནས། བོད་པ་རང་གི་ངོས་འཛིན་ཡོད་པའི་བོད་ཀྱི་ས་ཁྲ་ཞིག་སླེབས་ཐུབ་མེད་པའི་རྒྱུ་རྐྱེན་གང་ཡིན་མིན་སྐོར་དྲི་བ་གཏང་རྒྱུ་དེ་གལ་ཆེན་པོ་འདུག་ཅེས་ཞུས་འདོད་བྱུང་། དེ་དང་མཉམ་དུ། སྤྱིར་བཏང་ནས་ལས་འགུལ་བ་དང་ཤེས་ཡོན་ཅན་གཉིས་བར་གཞི་རྩའི་ཁྱད་པར་ཡོད་ནའང་། ཕྱོགས་གཞན་ཞིག་ནས་ཕན་ཚུན་མཉམ་ལས་བྱེད་ཐུབ་པའི་ཆ་ཡང་མང་པོ་ཡོད་རེད་བསམ་གྱིན་འདུག དཔེར་ན། ངས་ད་ཅི་གོང་དུ་ལབ་པ་ནང་བཞིན་ཤེས་ཡོན་ཅན་ཞིག་ཡིན་ན། བོད་དང་འབྲེལ་བའི་གནས་ཚུལ་གང་འདྲ་ཞིག་ཡིན་ནའང་། དེ་ལ་རྟོག་ཞིབ་བྱས། ལོ་རྒྱུས་བཙལ། རྩོམ་འབྲི་བ་སོགས་བྱེད་རྒྱུ་ཡོད་རེད་ལ། ལས་འགུལ་བ་ཞིག་ཡིན་ནའང་། ཁོས་ཁྲོམ་གཞུང་དུ་རྒྱལ་དར་དང་པར། བོད་ཀྱི་ས་ཁྲ་སོགས་ལོ་རྒྱུས་ཁུངས་ལྡན་ཡོད་པའི་གནས་ཚུལ་འགྲེམས་སྟོན་བྱེད་པ་སོགས་མདོར་ན། ཤེས་ཡོན་ཅན་དང་ལས་འགུལ་བ་གཉིས་ཆར་བོད་དང་འབྲེལ་བའི་གནས་ཚུལ་གང་འདྲ་ཞིག་ཡིན་ནའང་། ཕན་ཚུན་མཉམ་ལས་བྱེད་ཐུབ་པའི་ཆ་མང་པོ་ཡོད་རེད་དྲན་གྱིན་འདུག ”ཅེས་བརྗོད་སོང་།

ཟབ་སྦྱོང་ལ་མཉམ་ཞུགས་གནང་མཁན་གུ་ཇུ་ར་ཏ་གཙུག་ལག་སློབ་གྲྭ་ཆེན་མོའི་(Central University of Gujarat ) རྒྱལ་སྤྱིའི་འབྲེལ་ལམ་གྱི་བདེ་སྲུང་ཉམས་ཞིབ་ཚན་པའི་(Centre For Security Studies)ནང་འབུམ་རམས་པའི་སློབ་གཉེར་གནང་བཞིན་པའི་སྤེན་པ་དོན་གྲུབ་ལགས་ཀྱིས།  “ སྤྱིར་བཏང་ནས་ད་རེས་ཟབ་སྦྱོང་སྐབས། གྲོས་བསྡུར་བྱེད་པའི་བརྗོད་གཞི་མང་ཆེ་བ་ཞིག་གལ་ཆེན་པོ་མཐོང་སོང་ལ། དེའི་ནང་ནས་ “ཤེས་ཡོན་ཅན་དང་ལས་འགུལ་བར་གྱི་མཐུན་མཚམས་དང་བར་ཁྱད་” ཞེས་པ་དེ། ང་རང་ངོས་ནས་ཡག་ཤོས་མཐོང་སོང་། ” ཞེས་དང་།  “ད་རེས་ཉིན་གཉིས་ཀྱི་ཟབ་སྦྱོང་འདིའི་ནང་། ང་ཚོས་དམིགས་བསལ་བཙན་བྱོལ་ནང་བོད་རིགས་གཞོན་སྐྱེས་ཚོར་འཕྲད་བཞིན་པའི་དཀའ་ངལ་ཐོག་གྲོས་བསྡུར་བྱས་ཡོད་ཙང་། སྐབས་འགར་མཉམ་ཞུགས་པ་ཚང་མ་ཆ་བགོས་ཀྱིས། སྡེ་ཚན་སོ་སོའི་མགྲིན་ཚབ་པས་བསམ་ཚུལ་སྒྲོགས་སྦྱང་བྱེད་སྟངས་དེས་བརྗོད་གཞི་མང་པོ་ཞིག་ལ་གྲོས་བསྡུར་ཞིབ་ཕྲ་བྱ་རྒྱུ་བྱུང་མ་སོང་བ་དང་། རྗེས་སོར་ཚོགས་འདུར་མཉམ་ཞུགས་གནང་མཁན་ཚང་མ་བརྗོད་གཞི་ཡི་ངོ་བོ་གཞིར་བཟུང་སྡེ་ཚན་ཆ་བགོས་ཀྱིས། བགྲོ་གླེང་བྱ་ཐུབ་ན་ཡག་པོ་འདུག་བསམ་སོང་།” ཞེས་བརྗོད་བྱུང་ལ། ད་ལན་གྱི་ཟབ་སྦྱོང་ཐོག་བཙན་བྱོལ་ནང་བོད་རིགས་གཞོན་སྐྱེས་ཚོར་འཕྲད་བཞིན་པའི་དཀའ་ངལ་དང་འབྲེལ་བའི་བསམ་འཆར་བྱུང་བ་རྣམས་དེབ་གཟུགས་བཟོས་ཏེ། མ་འོངས་པར་དབུས་བོད་མིའི་སྒྲིག་འཛུགས་དང་འབྲེལ་ཡོད་ལས་ཁུངས་ཁག དེ་བཞིན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ལ་འགྲེམ་སྤེལ་བྱ་རྒྱུ་ཡིན་པ་རེད།

བསྐྱར་བཅོས།: ༢༠༡༩/༠༧/༢༦

Leave a Reply

5 thoughts on “བཙན་བྱོལ་བོད་རིགས་གཞོན་སྐྱེས་ཚོར་འཕྲད་བཞིན་པའི་དཀའ་ངལ་གླེང་བ།

  1. ༄།སྤྱི་འཁོར་བ་ལས་མ་ཐར་པ་དུ་དཀའ་ངལ་རྫོགས་རྒྱུ་མེད།གཞོན་སྐྱེས་ཤེས་ཡོན་ཅན་ཞིག་ཡིན་ན་རང་ཉིད་ཀྱི་དཀའ་ངལ་སེལ་མ་ཐུབ་ན་སྤྱི་ཚོགས་ཀྱི་ལས་དོན་སྒྲུབ་ཐུབ་བམ།།