དགེ་འདུན་པ་ཞིག་གཉའ་ལམ་རྫོང་ནས་བལ་ཡུལ་ནང་ཕྱིར་ལོག་བཏང་།

རྒྱ་གར་ལྷོ་ཕྱོགས་སེར་བྱེས་བྱ་བྲལ་ཁང་ཚན་གྱི་དགེ་འདུན་པ་ཞིག་བོད་གཉའ་ལམ་རྫོང་ཁོངས་ཀྱི་བོད་ལྗོངས་ཉལ་ཁང་ཞེས་པའི་བཙོན་ཁང་དུ་བདུན་ཕྲག་གཅིག་རིང་བཀག་ཉར་འདྲི་རྩད་བྱས་རྗེས་བལ་ཡུལ་ནང་ཕྱིར་ལོག་བཏང་འདུག
འདི་ལོའི་ཕྱི་ཟླ་ ༧ པའི་ཟླ་མགོ་ཙམ་ལ་རྒྱ་གར་ལྷོ་ཕྱོགས་སེར་བྱེས་བྱ་བྲལ་ཁང་ཚན་གྱི་དགེ་འདུན་པ་བསོད་ནམས་ཚེ་རིང་དོན་གྲུབ་ཞུ་བ་ཞིག  རྒྱ་ནག་གཞུང་གི་ཐོངས་མཆན་ཡི་གེ་མེད་པར་ཛ་དྲག་ངང་གཉའ་ལམ་རྫོང་བརྒྱུད་དེ་བོད་ལ་གཉེན་འཕྲད་དུ་སྐྱོད་སྐབས། ཉེན་རྟོག་པས་འཛིན་བཟུང་བྱས་ཏེ།  “བོད་ལྗོངས་ཉལ་ཁང་” ཞེས་པའི་བཙོན་ཁང་ཞིག་ཏུ་ཉིན་ ༧ རིང་བཀག་ཉར་འདྲི་རྩད་བྱས་རྗེས། བལ་ཡུལ་ནང་ཕྱིར་ལོག་བཏང་སྟེ་ད་ལྟ་རྒྱ་གར་ལྷོ་ཕྱོགས་ཀྱི་རང་དགོན་དུ་འབྱོར་འདུག

དགེ་འདུན་པ་བསོད་ནམས་ཚེ་རིང་དོན་གྲུབ་ལགས་ཀྱིས་འདི་གའི་གསར་འགོད་པར། ང་རང་འཛིན་ས་དེ་གཉའ་ལམ་རྫོང་ནས་མར་འགྲོ་སའི་ལམ་བར་ཞིག་ཏུ་རེད། ས་ཆ་དེ་ཤེས་མ་སོང་། འཇུ་བཟུང་བྱེད་མཁན་དེ་དམག་ལྭ་གྱོན་པའི་ཉེན་རྟོག་པ་རེད། ཁོ་ཚོས་ས་ཚིགས་སུ་འགྲིམ་འགྲུལ་ཞིབ་བཤེར་བྱེད་བཞིན་འདུག ཐོག་མར་ཉེན་རྟོག་པ་ ༥ འདུག ང་འཛིན་བཟུང་བྱས་རྗེས་ཁ་པར་བཏང་ནས་ཉེན་རྟོག་པ་གཞན་མང་པོ་ཞིག་བསླེབས་སོང་། དང་པོར་འཛིན་བཟུང་བྱེད་སྐབས་ང་ལ་ལག་ལྕགས་བརྒྱབས་ནས་རྡོག་ཐོ་ཐེངས་འགར་གཞུས་སོང་མ་གཏོགས་རྗེས་སུ་གཅར་རྡུང་བྱས་མ་སོང་།  ང་འཛིན་བཟུང་བྱས་ནས་ “བོད་ལྗོངས་ཉལ་ཁང་” ཟེར་བའི་བཙོན་ཁང་ཆེན་པོ་ཞིག་ཏུ་ཁྲིད་སོང་། ཞེས་བརྗོད་བྱུང་།

བོད་ལྗོངས་ཉལ་ཁང་ཟེར་བའི་བཙོན་ཁང་དེའི་སྐོར་ལ་ཁོང་གིས། ང་རང་དེ་གར་ཉིན་གྲངས་ ༧ ལ་བཀག་ཉར་བྱས་སོང་། བཙོན་པ་ཧ་ཅང་མང་པོ་ཡོད་པ་མ་ཟད། ཕར་བལྟས་ཚོད་ལ་ཚང་མ་བོད་རིགས་ཤ་སྟག་རེད་འདུག ང་གཅིག་པུ་ཁང་པ་ཞིག་གི་ནང་དུ་བཅུག་སྟེ་བཙོན་པ་གཞན་ལ་ཐུག་འཕྲད་བྱེད་དུ་འཇུག་གི་མི་འདུག བཙོན་པ་དེ་ཚོར་བཙོན་ར་རྙིང་པ་ཞིག་ལ་ཞིག་གསོ་བྱེད་དུ་འཇུག་གིན་འདུག་པས་ཨར་ལས་དང་འདམ་ལས་སོགས་བྱེད་ཀྱི་འདུག སྤྱིར་བཙོན་ཁང་དེར་མེ་མདའ་འཁུར་བའི་དམག་མི་དང་ཉེན་རྟོག་པ་ལྟ་བུ་མི་འདུག་ཀྱང་། གང་སར་དོགས་ཟོན་མྱུལ་ཞིབ་ཀྱི་པར་ཆས་བཞག་ཡོད་པ་དང་། བཙོན་རའི་ནང་མི་བཞི་རེ་འདུག་སའི་ཁང་མིག་ཆུང་ཆུང་རེ་ཡོད་སྐོར་སོགས་བརྗོད་བྱུང་།

རྒྱ་ནག་ཉེན་རྟོག་པས་ཁོང་ལ་བཙན་བྱོལ་ནང་གི་གནས་ཚུལ་མང་པོའི་ཐད་འདྲི་རྩད་བྱས་པའི་སྐོར་ལ་ཁོང་གིས། ང་ལ་གཙོ་བོ་ག་དུས་རྒྱ་གར་ལ་སོང་བ་དང་། ཅིའི་ཕྱིར་སོང་བ། ད་ལྟ་གང་དུ་འགྲོ་ཡི་ཡོད་པ། དེ་ནས་༸སྐྱབས་མགོན་རིན་པོ་ཆེའི་གསུང་ཆོས་ཐེངས་ག་ཚོད་ལ་ཞུས་མིན། བཙན་བྱོལ་བོད་གཞུང་དང་བོད་མིའི་གནས་སྟངས། ལས་འགུལ་ནང་ཞུགས་མྱོང་ཡོད་མེད་སོགས་དྲིས་སོང་། ངས་༸སྐྱབས་མགོན་རིན་པོ་ཆེའི་གསུང་ཆོས་ཞུས་ཡིན། དུས་དབང་ཐེངས་གསུམ་ལ་ཞུས་ཡིན། ཡིན་ན་ཡང་ལས་འགུལ་ནང་ཞུགས་མེད། རྒྱུ་མཚན་ང་རྒྱ་གར་ལྷོ་ཕྱོགས་ན་ཡོད་པ་དང་། འགྲིམ་འགྲུལ་གྱི་དབང་གིས་ལས་འགུལ་ནང་ཞུགས་མྱོང་མེད་ཅེས་བཤད་པ་ཡིན་ཟེར།

གཉའ་ལམ་གྱི་བོད་ལྗོངས་ཉལ་ཁང་ཟེར་བའི་བཙོན་ཁང་ནང་དུ་བདུན་ཕྲག་གཅིག་རིང་བཀག་ཉར་འདྲི་རྩད་བྱས་རྗེས། དགེ་འདུན་པ་ཁོང་བལ་ཡུལ་ནང་ཕྱིར་ལོག་བཏང་ཡོད་པ་དང་། ཁོང་གིས་བརྗོད་པ་ལྟར་ན། བལ་ཡུལ་གྱི་བཙོན་ཁང་ཞིག་ནང་ཉིན་གྲངས་ ༥ རིང་བཀག་ཉར་བྱས་རྗེས། བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གི་རོགས་སྐྱོར་འོག་ཀློད་གྲོལ་བཏང་ཡོད་པ་དང་། བལ་ཡུལ་དང་རྒྱ་གར་ས་མཚམས་བྷིར་གྷན་ཇི་(Birganj)ཟེར་བ་བརྒྱུད་རྒྱ་གར་ལ་བཏང་ཡོད་འདུག

དགེ་འདུན་པ་ཁོང་ནི་ལི་ཐང་རྫོང་གི་གཡོན་རུ་ཧོར་རྙིང་སྡེ་བ་ནས་ཡིན་པ་དང་། རྒྱ་གར་དུ་མ་ཡོང་གོང་ལི་ཐང་དགོན་ཆེན་གྱི་གྲྭ་པ་ཡིན་འདུག་ལ། ཁོང་གིས་བརྗོད་པ་ལྟར་ན།  ཕྱི་ལོ་ ༢༠༡༨ ལོར་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ནས་འགྲིམ་འགྲུལ་ལག་འཁྱེར་ཞུས་ཏེ་ཕ་ཡུལ་ལ་བསྐྱོད་ཐུབ་ཡོད་ཀྱང་། ཟླ་གསུམ་ལས་སྡོད་ཆོག་གི་མེད་པས་ཕྱིར་རྒྱ་གར་དུ་ལོག་ཡོད་སྐོར་དང་། འདས་ལོར་ཁོང་གི་ཨ་མ་ལགས་གྲོངས་ནས་ཤུལ་དུ་སྲིང་མོ་གཅིག་པུ་ལུས་ཡོད་པ་དང་། སྲིང་མོར་བྱིས་པ་གཉིས་ཡོད་པའང་སློབ་གྲྭར་འགྲོ་ཡི་ཡོད་པ་དང་། སྲིང་མོར་ལོ་གཉིས་སྔོན་གློ་ནད་ཕོག་སྟེ་རྒྱ་སྨན་མང་པོ་བསྟེན་དགོས་བྱུང་བའི་རྐྱེན་གྱིས། ད་ལྟ་པུས་མོ་གཉིས་ཀར་ཚོར་བ་མེད་པ་ལྟ་བུ་ཆགས་ཏེ་འགྲོ་འདུག་ལ་དཀའ་ངལ་ཡོད་པ་མ་ཟད། ནང་ལ་རོགས་བྱེད་མཁན་གཞན་མེད་སྟབས། ཁོང་ཕ་ཡུལ་དུ་བསྐྱོད་རྒྱུ་བྱས་ཏེ་འདི་ལོར་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་ལ་ཡིག་ཆ་ཞུས་ཡོད་ཀྱང་མ་སྤྲད་པར་བརྟེན། ཡིག་ཆ་མེད་པའི་ཐོག་ནས་ཕ་ཡུལ་དུ་ལོག་སྐབས་གཉའ་ལམ་ནས་འཛིན་བཟུང་བྱས་ཏེ་ཕྱིར་ལོག་བཏང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༧/༢༩

Leave a Reply