ནང་པའི་སངས་རྒྱས་བཅོ་ལྔ་ཡི་རྣམ་ཐར་རྙེད་ཡོད་སྐོར་བསྒྲགས་འདུག

ཨ་རིའི་གྲོས་ཚོགས་དཔེ་མཛོད་ཁང་གིས་གནའ་བོའི་གྷན་དྷ་ར་རྒྱལ་ཁམས་ནས་ལོ་ངོ་ ༢༠༠༠ གོང་དུ་ནང་པའི་སངས་རྒྱས་ ༡༥ ཡི་རྣམ་ཐར་བྲིས་པའི་དཔེ་རྙིང་ཞིག་རྙེད་སོན་བྱུང་ཡོད་སྐོར་བསྒྲགས་འདུག

ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་ཨ་རིའི་གྲོས་ཚོགས་དཔེ་མཛོད་ཁང་གིས་(The Library of Congress) གིས། ཕྱི་ལོ་ ༢༠༠༣ ལོར་དེང་སྐབས་ཀྱི་ཨབ་གྷན་དང་པཱ་ཀི་སི་ཐན་གྱི་ས་མཚམས་ཁུལ་དུ་ཆགས་པའི་ནང་བསྟན་དར་ཁྱབ་བྱུང་སའི་གནའ་བོའི་གྷན་དྷ་ར་རྒྱལ་ཁམས་(Gandhara Kingdom)ནས་གསར་རྙེད་བྱུང་ཞིང་། ལོ་ངོ་ ༢༠༠༠ གོང་དུ་བྲིས་པར་བརྗོད་པའི་ནང་པའི་སངས་རྒྱས་རིམ་བྱོན་བཅོ་ལྔ་ (fifteen buddhas)ཡི་རྣམ་ཐར་བཀོད་པའི་ཤོག་དྲིལ་དཔེ་རྙིང་ཞིག་ཕྱིར་བསྒྲགས་གནང་འདུག

ཨ་རིའི་གྲོས་ཚོགས་དཔེ་མཛོད་ཁང་གི་ཨེ་ཤ་ཡ་ཚན་པའི་དོ་དམ་པ་ཇོ་ན་ཐན་ལཱོར་(Jonathan Loar) ལགས་ཀྱིས། འདི་ནི་ཧ་ཅང་དམིགས་བསལ་བ་ཞིག་རེད། གང་ཡིན་ཟེར་ན། འདི་དང་མཚུངས་པའི་བྲིས་མའི་དཔེ་ཆ་གཞན་དང་བསྡུར་ན་ཤོག་དྲིལ་དཔེ་ཆ་འདི་ཧ་ཅང་རྙིང་པ་རེད། དེ་བཞིན་ལོ་རྒྱུས་ཀྱི་ངོས་ནས་བཤད་ན་ཡང་དཔེ་ཆ་འདི་བརྒྱུད་ནས་ང་ཚོས་སངས་རྒྱས་བཅོམ་ལྡན་གྱི་སྐུ་ཚེ་དང་ཅུང་ཉེ་བར་བཅར་ཐུབ་ཀྱི་ཡོད། ཅེས་བརྗོད་འདུག་པ་དང་། ཡང་ཁོང་གིས་སི་ཨན་ཨན་གསར་ཁང་ལ་གྷན་དྷ་རའི་ཤོག་དྲིལ་རྣམས་ད་བར་རྩ་ཡལ་མ་སོང་བར་གནས་ཐུབ་པའི་རྒྱུ་མཚན་གཅིག་ནི། གྷན་དྷ་རའི་དཔེ་ཆ་རྣམས་རྫ་མའི་སྣོད་ནང་བླུགས་ཏེ་ནང་བསྟན་གྱི་དཔེ་ཆ་དང་རིག་དངོས་འཇུག་སའི་མཆོད་རྟེན་གྱི་ནང་དུ་བཅུག་ཡོད་པས་ཡིན་པ་དང་། རྒྱུ་མཚན་གཞན་ཞིག་ནི་གྷན་དྷ་ར་ཁུལ་དེ་ས་མཐོ་སྐམ་ས་ཞིག་ཡིན་པའི་ཆ་ནས་ཤིང་སྟག་མའི་ཤུན་ལྤགས་ཐོག་བྲིས་པའི་དཔེ་ཆ་རྣམས་ཀྱང་ད་བར་གནས་ཐུབ་ཀྱི་ཡོད་སྐོར་བརྗོད་འདུག

ཨ་རིའི་གྲོས་ཚོགས་དཔེ་མཛོད་ཁང་གི་གཞུང་འབྲེལ་དྲ་རྒྱའི་ཐོག་བཏོན་པའི་གནས་ཚུལ་ལྟར་ན། ད་ཐེངས་ཕྱིར་བསྒྲགས་གནང་བའི་གྷན་དྷ་རའི་ཤོག་དྲིལ་(Gandhara Scroll) དེ་ཉིད་ཕྱི་ལོའི་སྔོན་གྱི་དུས་རབས་དང་པོ་དང་ཕྱི་ལོའི་དུས་རབས་དང་པོའི་བར་ལ་བྱུང་བ་དང་། རྒྱུ་ཆ་སྟག་ཤིང་གི་ཤུན་ལྤགས་ཀྱིས་བྱས་པའི་ཤོག་དྲིལ་གྱི་ངོས་གཉིས་ཀར་གྷན་དྷ་རའི་ཁ་རོ་ཤི་ཐིའི་(Kharoshthi)ཡི་གེའི་ནང་བྲིས་ཡོད་པ་དང་། ལག་སོན་བྱུང་སྐབས་དཔེ་ཆའི་མགོ་དང་མཇུག་གི་ཆ་ཤས་རེ་རྩ་མེད་དུ་སོང་བ་ལས་ཕལ་ཆེ་བ་ཉར་ཚགས་ཐུབ་ཡོད་སྐོར་དང་། གྷན་དྷ་ར་ནི་འཛམ་གླིང་སྟེང་གི་ནང་བསྟན་གྱི་དཔེ་ཆ་རྙིང་ཤོས་རྙེད་སའི་ས་ཁུལ་ཞིག་ཡིན་སྐོར་བཀོད་འདུག

ཡང་དྲ་རྒྱ་དེའི་ནང་ད་ལན་གྱི་གྷན་དྷ་རའི་དཔེ་རྙིང་དེ་ནི་སངས་རྒྱས་ཤཱཀྱ་ཐུབ་པས་ནང་པའི་སངས་རྒྱས་རིམ་བྱོན་ ༡༥ ཡི་མཛད་རྣམ་སྤྲོས་བརྗོད་མཛད་པའི་བཀའི་བསྟན་བཅོས་ཤིག་ཡིན་པ་དང་། དེའི་ནང་སྟོན་པ་ཤཱཀྱ་ཐུབ་པས་ཁོང་མ་བྱོན་གོང་གི་སངས་རྒྱས་ ༡༣ གྱི་མཛད་རྣམ་སྙིང་བསྡུས་དང་། ཁོང་རང་ཉིད་ཀྱི་རྣམ་ཐར། དེ་བཞིན་མ་འོངས་སངས་རྒྱས་བྱམས་པ་མགོན་པོའི་རྣམ་ཐར་ལུང་བསྟན་པ་བཅས་བཀོད་ཡོད་སྐོར་བརྗོད་འདུག

སྤྱིར་དཔེ་རྙིང་དེ་ནི་ཨ་རིའི་གྲོས་ཚོགས་དཔེ་མཛོད་ཁང་གིས་ཕྱི་ལོ་ ༢༠༠༣ ལོར་མི་སྒེར་ཞིག་གི་ལག་ནས་བླུས་པ་ཞིག་ཡིན་པ་དང་། གནའ་རྫས་རྟོག་ཞིབ་ཚན་རིག་པ་ཚོས་གནའ་དཔེ་དེ་ཉིད་སླར་གསོ་བྱེད་པར་ལོ་འགའ་ཤས་འགོར་ཡོད་འདུག དཔེ་རྙིང་དེ་འཕྲོ་བརླག་འགྲོ་ཉེན་ཆེ་བར་བརྟེན། གྲོས་ཚོགས་དཔེ་མཛོད་ཁང་གི་ངོས་ནས་གློག་རྡུལ་ཅན་དུ་བཟོས་ཏེ་ཉར་ཚགས་དང་འགྲེམས་སྤེལ་གནང་འཆར་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༧/༣༡

Leave a Reply

3 thoughts on “ནང་པའི་སངས་རྒྱས་བཅོ་ལྔ་ཡི་རྣམ་ཐར་རྙེད་ཡོད་སྐོར་བསྒྲགས་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་

    ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་ནང་སླེབས་ཡོད་ན་དད་པའི་
    རྗེས་འབྲང་ནས་རིག་པའི་རྗེས་འབྲང་ལ་ཁ་ཕྱོགས་ཡོད་ན་ཡིག་
    ཆ་འདི་ཀློག་མཁན་གྱི་མིང་དང་ཡིག་ཆ་འདི་རྒྱལ་ཁབ་གང་གི་
    ཡིག་གེ་ཡིན་གསལ་པོ་བཀོད་དགོས་པ་ལས་ཕྲུ་གུའི་རི་མོ་འདྲ་
    ་བོ་བྲིས་ནས་སངས་རྒྱས་བཅོ་ལྔའི་ལོ་རྒྱུས་ཡིན་རབས་
    བཤད་ཐུབ་པ་ཙམ་གྱིས་སུས་ཡིད་ཆེས་ཞུ་གི་ཧཧཧ

  2. གཞུང་པ་ཚེ་དབང་བསོད་ནམས་

    ཧཧཧའཛམ་གླིང་མི་མང་ལྐུག་པ་མ་བཟོ་རོགས་མི་གཞན་གྱི་
    ལག་ནས་སླུས་པ་ཡིན་ཟེར་བ་ནས་མི་གཞན་སུ་ཡིན་དང་མིང་
    དང་ལོ་རྒྱུས་སོགས་དགོས་པ་དང་ཡིག་ཆ་དེ་ལ་ཞིབ་ཏུ་བལྟ་
    སྐབས་བོད་ཡིག་མིན་པ་ཝུར་ཏུ་མིན་པ་ཞང་ཞུང་གི་དམར་
    ཡིག་མིན་པ་ཕྲུ་གུའི་རྩེད་མོའི་རི་མོ་འདྲ་བོ་དེ་སུའི་ཀློག་གི་ཡོད་
    རེད་ཧཧ་བགད་མོ་ཤོར་ཡག་རང་རེད་དེང་སང་དངུལ་དང་མིང་གྲགས་
    ཆེད་ཡིག་ཆ་རྫུན་མ་བཟོ་མཁན་དང་ཚོང་མཁན་མང་པོ་ཡོད་པ་
    དེ་ཚོའི་ལོ་རྒྱུས་མ་ཤེས་ན་འཛམ་གླིང་མི་མང་ལྐུག་པ་བཟོ་སྲིད་པ་བཅས་
    གྷན་རྡོ་རའི་ཡིག་ཆ་ལ་ནམ་ཡང་ཡིད་ཆེས་མེད་དོ།