ཨོ་གླིང་ནང་ཁུང་ཙི་ལྟེ་གནས་ཁང་ལ་ངོ་རྒོལ་བྱས།

རྒྱ་ནག་གཞུང་གིས་བོད་དང་ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་མ་བྱས་ཚེ་ཨོ་གླིང་གི་གཙུག་ལག་སློབ་གཉེར་ཁང་དག་གི་ནང་ཁུང་ཙི་ལྟེ་གནས་ཁང་ཟེར་བ་འཛུགས་མི་ཆོག་པའི་ཆ་རྐྱེན་འདོན་དགོས་པའི་འབོད་སྐུལ་ཞུས།ཁ་སང་ཕྱི་ཚེས་ ༣༡ ཉིན། ཨོ་སི་ཊོ་ལི་ཡའི་ཁེན་སི་ལན་ཌི་གཙུག་ལག་སློབ་གཉེར་ཁང་ (Queensland university) གི་གནམ་བདེ་སྒོ་མོ་ཆེ་དྲན་རྟེན་ཐང་ཆེན་དུ། བོད་རིགས་དང་ཧོང་ཀོང་བ། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སློབ་མ་སོགས་རྒྱལ་སྤྱིའི་སློབ་མ་ ༡༥༠ ལྷག་འདུ་འཛོམས་ཀྱིས། གཙུག་ལག་ཁང་དེ་དང་རྒྱ་ནག་གི་ཁུང་ཙི་ལྟེ་གནས་ཁང་བར་གྱི་གན་རྒྱ་ཕྱི་གསལ་ནང་གསལ་བཟོ་དགོས་པ་དང་། སློབ་རའི་ཤེས་ཡོན་དང་འབྲེལ་བའི་ལས་གཞི་ཁག་ལ་རྒྱ་ནག་གིས་ཤུགས་རྐྱེན་སྤྲོད་བཞིན་པར་ངོ་རྒོལ་བྱས་ཡོད་པ་མ་ཟད། བོད་མི་དང་ཧོང་ཀོང་བ་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་མ་བྱས་ཚེ། སློབ་གྲྭ་ཁག་གི་ནང་ཁུང་ཙི་ལྟེ་གནས་ཁང་འཛུགས་མི་ཆོག་པའི་ཆ་རྐྱེན་འདོན་དགོས་སྐོར་གྱི་འབོད་སྐུལ་ཞུས་ཡོད་འདུག་ལ། དེ་བཞིན་ཨོ་སི་ཊོ་ལི་ཡའི་བོད་དོན་ལྷན་ཁང་ (Australia Tibet Council)ནས་ཁུང་ཙི་ལྟེ་གནས་ཁང་སྒོ་རྒྱག་དགོས་པའི་སྙན་ཞུ་འབུལ་བར་རྒྱབ་སྐྱོར་གྱི་མཚན་རྟགས་བསྡུ་རུབ་བྱེད་བཞིན་འདུག

ཁ་སང་ངོ་རྒོལ་བྱེད་སྐབས་བོད་རིགས་སློབ་མ་འགའ་ཤས་ཀྱིས་བོད་ཀྱི་རྒྱལ་དར་འཕྱར་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་ཤུགས་རྐྱེན་ཨོ་སི་ཊོ་ལི་ཡའི་ནང་དང་ལྷག་པར་དུ་གཙུག་ལག་སློབ་གྲྭའི་ནང་མཚམས་འཇོག་དགོས་ཞེས་པའི་འཕྲེད་དར་སོགས་བཟུང་སྟེ། བོད་ལ་རང་དབང་དགོས་པའི་སྐད་འབོད་བྱས་ཡོད་པ་དང་། སློབ་མ་ཁ་ཤས་ཤིག་གིས་གཏམ་བཤད་སྤེལ་སྐབས། བོད་ནང་སྐྱེས་པའི་བསྟན་འཛིན་ཕུན་ཚོགས་ཞེས་པའི་སློབ་མ་ཞིག་གིས། ང་ནི་རྒྱ་ནག་གཞུང་གི་བོད་ཐོག་བཙན་གནོན་བྱེད་བཞིན་པའི་དཔང་པོ་ཡིན། ཁུང་ཙི་ལྟེ་གནས་ཁང་གིས་ཨོ་སི་ཊོ་ལི་ཡའི་གཙུག་ལག་སློབ་གྲྭ་ཁག་གི་ནང་ཆ་རྐྱེན་འདོན་གྱི་ཡོད་ནའང་། སློབ་གྲྭ་ཁག་གིས་ཅིའི་ཕྱིར་ཕར་ཆ་རྐྱེན་འདོན་གྱི་མེད་པ་རེད་དམ། གལ་སྲིད་རྒྱ་ནག་གཞུང་གིས་བོད་མི་དང་ཧོང་ཀོང་བ། ཡུ་གུར་བ་དང་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་མི་ཐུབ་ཚེ། ཡུལ་འདིའི་གཙུག་ལག་སློབ་གྲྭ་ཁག་གི་ནང་ཁུང་ཙི་ལྟེ་གནས་ཁང་འཛུགས་མི་ཆོག་པའི་ཆ་རྐྱེན་འདོན་དགོས་པ་རེད། ཅེས་བརྗོད་འདུག

ཡང་ཁོང་གིས། ཨོ་སི་ཊོ་ལི་ཡའི་བོད་དོན་ལྷན་ཁང་ (Australia Tibet Council) ནས་ལོ་དུ་མའི་རིང་། རྒྱ་ནག་གི་ཁུ་ཙི་ལྟེ་གནས་ཁང་ཨོ་སི་ཊོ་ལི་ཡའི་གཙུག་ལག་སློབ་གྲྭ་ཁག་ ༡༣ ཙམ་གྱི་ནང་ཡོད་པར་བློ་འཚབ་ཡོང་གི་ཡོད་སྐོར་གྱི་བསྒྲགས་གཏམ་ཞིག་སྒྲོགས་སྦྱང་བྱས་པའི་ནང་། ཨོ་སི་ཊོ་ལི་ཡའི་ནང་རྒྱ་ནག་སྐོར་ལ་མཁས་དབང་མང་པོ་ཡོད་ནའང་། རེ་འགའ་ཙམ་མ་གཏོགས་བོད་དོན་དང་འབྲེལ་བའི་སྐོར་ལ་བགྲོ་གླེང་བྱེད་འདོད་ཡོང་གི་མེད་པ་དང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཐད་ཞིབ་འཇུག་བྱེད་སྐབས་གཙུག་ལག་སློབ་དཔོན་རྣམས་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

ཕྱི་ལོ་ ༢༠༠༩ ལོར་ཐོག་མར་གཙུག་ལག་སློབ་གཉེར་ཁང་དེས་རྒྱ་ནག་གི་ཁུང་ཙི་ལྟེ་གནས་ཁང་དང་མཉམ་འབྲེལ་གན་རྒྱ་བཞག་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་གན་རྒྱ་དུས་འགྱངས་བྱས་ཡོད་འདུག འདི་ལོའི་ཕྱི་ ༤ ནང་གན་རྒྱའི་དུས་ཡུན་རྫོགས་ཡོད་པས། གཙུག་ལག་སློབ་གྲྭ་དེ་དང་ཁུང་ཙི་ལྟེ་གནས་ཁང་གཉིས་ནས་ལྟེ་གནས་ཁང་དང་འབྲེལ་ཡོད་ཀྱི་སློབ་འཇུག་དང་ཡིག་རྒྱུགས། ལས་བྱེད་དང་སློབ་དེབ་ཀྱི་ནང་དོན་འདེམས་ཕྱོགས། དེ་བཞིན་ལྟེ་གནས་ཁང་དང་འབྲེལ་ཡོད་ཀྱི་ལས་གཞི་ཆ་ཚང་ཐད་འགྱུར་བ་གཏོང་བའི་གྲོས་མོལ་བྱེད་བཞིན་ཡོད་སྟབས། གཙུག་ལག་སློབ་ཁང་དེར་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་མང་པོ་ཞིག་ལ་བློ་འཚབ་བསླངས་ཡོད་འདུག ཡིན་ནའང་། ཉེ་སྔོན་གཙུག་ལག་སློབ་གྲྭ་དེས་གསལ་བསྒྲགས་ཤིག་སྤེལ་ཏེ། འགྱུར་བ་གསར་པ་དེས་གཙུག་ལག་སློབ་གྲྭ་སྤྱིའི་རང་སྐྱོང་ལ་ཚད་འཛིན་ཐེབས་ཀྱི་མེད་སྐོར་བརྗོད་ཡོད་འདུག

གཙུག་ལག་སློབ་གྲྭ་དེའི་ཉེ་བའི་རིགས་བདག་ཕེ་ཊིར་ཧོ་ཇི་ (Peter Hoj) ནི་རྒྱ་ནག་ཁུང་ཙི་ལྟེ་གནས་ཁང་གི་ལམ་སྟོན་པ་ཞིག་ཡིན་འདུག་ལ། ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གཞུང་ནས་ཁོང་གིས་ཁུང་ཙི་ལྟེ་གནས་ཁང་ལ་ཞབས་ཞུ་ཞུས་པར་བརྟེན། ལོ་དེའི་ཕུལ་བྱུང་མི་སྣའི་གཟེངས་རྟགས་ (2015 Outstanding Individual of the Year Award) སྤྲད་ཡོད་འདུག་ལ། ཨོ་སི་ཊོ་ལི་ཡའི་བོད་དོན་ལྷན་ཁང་གིས། གཙུག་ལག་སློབ་གྲྭ་དེའི་ཉེ་བའི་རིགས་བདག་ཕེ་ཊིར་ཧོ་ཇི་ (Peter Hoj) ཡི་མཚན་ཐོག་ཏུ་གཙུག་ལག་སློབ་གྲྭ་དེ་དང་ཁུང་ཙི་ལྟེ་གནས་ཁང་གཉིས་ཀྱིས་གན་རྒྱ་དུས་འགྱངས་བྱེད་བཞིན་པ་ནི་བློ་འཚབ་རང་བཞིན་ཅན་ཞིག་ཡིན་པ་དང་། ལྟེ་གནས་ཁང་དེ་སྒོ་རྒྱག་དགོས་པའི་སྙན་ཞུ་འབུལ་བར་དྲ་ཐོག་བརྒྱུད་མཚན་རྟགས་བསྡུ་རུབ་བྱེད་བཞིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༨/༠༡

Leave a Reply