རྒྱ་ནག་གིས་ཨ་རིར་རྒྱལ་ཁྲལ་ཡ་ལན་སློག་གི་ཡིན་ཟེར།

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་རྒྱ་ནག་གི་ཚོང་ཟོག་ཨ་སྒོར་ཐེར་འབུམ་ ༣༠༠ ལ་རྒྱལ་ཁྲལ་བརྒྱ་ཆ་ ༡༠ སྤར་འཆར་ཡོད་སྐོར་བསྒྲགས་པ་དེར་རྒྱ་ནག་གཞུང་གིས་ལན་འདེབས་རྒོལ་ལན་སློག་འདུགཉེ་སྔོན་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་དུ་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་གྲོས་མོལ་གྲུབ་རྗེས་ཕྱོགས་གཉིས་ནས་གྲོས་མོལ་ལེགས་པོ་བྱུང་ཡོད་སྐོར་བསྒྲགས་ཡོད་ཀྱང་། ཨ་རིའི་ཚོང་འབྲེལ་སྐུ་ཚབ་རྣམས་ཀྱིས་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་ཊོམ་ཕུ་མཆོག་ལ་ཐེངས་འདིའི་གྲོས་མོལ་གྱི་བསྐྱར་ཞིབ་གྲུབ་དོན་ཕུལ་རྗེས། སྲིད་འཛིན་ཊོམ་ཕུ་མཆོག་གིས་སྒེར་གྱི་ཊི་ཝི་ཊིར་དྲ་ལམ་དུ། ཨ་རིས་རྒྱ་ནག་གི་ཨ་སྒོར་ཐེར་འབུམ་ ༣༠༠ ཡི་ཚོང་ཟོག་ལ་རྒྱལ་ཁྲལ་བརྒྱ་ཆ་ ༡༠ སྤར་འཆར་ཡོད་སྐོར་གསུངས་ཡོད་སྟབས། ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲིན་ཡེན་གྱིས་ཨ་རིའི་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་དང་སྦྲགས། རྒྱ་ནག་ངོས་ནས་ཀྱང་ཨ་རིར་དེར་བསྟུན་གྱི་ཡ་ལན་སློག་རྒྱུ་ཡིན་སྐོར་བསྒྲགས་འདུག

ཁ་སང་རྒྱུན་ལྡན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲིན་ཡེན་གྱིས། གལ་ཏེ་ཨ་རིས་ཕྱི་ཟླ་ ༩ པའི་ཚེས་ ༡ ཉིན་རྒྱ་ནག་གི་ཨ་སྒོར་ཐེར་འབུམ་ ༣༠༠ ཡི་ཚོང་ཟོག་ལ་རྒྱལ་ཁྲལ་བརྒྱ་ཆ་ ༡༠ སྤར་བ་ཡིན་ན། ང་ཚོའི་ངོས་ནས་ཀྱང་རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་མང་གི་གཞི་རྩའི་ཁེ་ཕན་སྲུང་སྐྱོབ་ཆེད་དགོས་ངེས་ཀྱི་ཡ་ལན་སློག་པའི་ཐབས་བྱུས་ལག་བསྟར་བྱེད་དགོས་ཁེལ་བ་ཡིན་སྐོར་དང་། དེ་ནི་ཉི་ཧོང་དུ་ཚོགས་པའི་རྒྱལ་ཁབ་ ༢༠ ཡི་ཚོགས་འདུའི་ཐོག་སྲིད་འཛིན་གཉིས་མོས་མཐུན་བྱུང་བའི་གནད་དོན་དང་རྒྱབ་འགལ་དུ་གྱུར་བ་ཞིག་ཡིན་པ་མ་ཟད། དེས་གྲོས་མཐུན་ཡོང་རྒྱུར་ཕན་ཐོགས་ཡོང་བའི་ཚབ་ལ་གནོད་སྐྱེལ་ངེས་པས། རྒྱ་ནག་ངོས་ནས་བྱེད་སྟངས་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་དང་། རྒྱ་ནག་ལ་འཐབ་འཁྲུག་རྒྱག་འདོད་མེད་པ་ལས། དེ་ལྟར་བྱེད་རྒྱུའི་ཞེད་སྣང་སྐྱེ་ཡི་མེད་པ་དང་། རྒྱ་ནག་ངོས་ནས་ཚད་ལས་བརྒལ་བའི་གནོན་ཤུགས་དང་། མགོ་སྐོར་རིགས་ལ་ངོས་ལེན་རྩ་བ་ནས་བྱེད་ཐབས་མེད་སྐོར་བརྗོད་འདུགཕྱི་ཚེས་ ༡ ཉིན་ཊི་ཝི་ཊིར་ཐོག་སྲིད་འཛིན་ཊོམ་ཕུ་མཆོག་གིས། ང་ཚོས་ཟླ་གསུམ་སྔོན་དུ་རྒྱ་ནག་དང་གྲོས་མཐུན་བྱུང་སོང་བསམ་ཡོད། འོན་ཀྱང་བློ་ཕམ་པ་ཞིག་ལ་རྒྱ་ནག་གིས་གྲོས་མཐུན་ཡིག་ཆའི་ཐོག་མཚན་རྟགས་མ་བརྒྱབས་སྔོན་ཏག་ཏག་དེར་ཡང་བསྐྱར་གྲོས་མོལ་བྱེད་དགོས་སྐོར་བཤད་པ་རེད། ཉེ་ཆར་རང་རྒྱ་ནག་གིས་ཨ་རིའི་ས་ནས་ཞིང་ལས་ཐོན་རྫས་ཕོན་ཆེན་ཉོ་རྒྱུ་བྱས་པ་རེད་དེ། ཉོས་མེད་པ་རེད། དེ་བཞིན་ངའི་གྲོགས་པོ་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཨ་རིའི་ནང་(Fentanyl) ཞེས་པའི་ཟུག་བཅག་སྨན་མི་བཙོང་རྒྱུའི་ཁས་ལེན་བྱས་སོང་ཡང་། ད་དུང་འཚོང་མུས་རེད་འདུག ཅེས་དང་། འབྱུང་འགྱུར་ཕྱི་ཟླ་ ༩ ཚེས་ ༡ ཉིན་གྱི་ཚོང་དམག་གྲོས་མོལ་སྐབས། ཨ་རིས་རྒྱ་ནག་གི་ཨ་སྒོར་ཐེར་འབུམ་ ༣༠༠ ཡི་ཚོང་ཟོག་ཐོག་རྒྱལ་ཁྲལ་བརྒྱ་ཆ་ ༡༠ འཕར་སྣོན་བྱ་རྒྱུ་ཡིན། འདིའི་ནང་དེ་སྔོན་རྒྱལ་ཁྲལ་བརྒྱ་ཆ་ ༢༥ སྤར་ཟིན་པའི་ཨ་སྒོར་ཐེར་འབུམ་ ༢༥༠ ཡི་ཚོང་ཟོག་རྣམས་ཚུད་ཀྱི་མེད། ཅེས་གསུངས་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༥ པའི་ནང་སྲིད་འཛིན་ཊོམ་ཕུ་མཆོག་གིས་དེ་སྔོན་རྒྱལ་ཁྲལ་བརྒྱ་ཆ་ ༡༠ སྤར་ཟིན་པའི་རྒྱ་ནག་གི་ཨ་སྒོར་ཐེར་འབུམ་ ༢༠༠ ཡི་ཚོང་ཟོག་ལ་ཡང་བསྐྱར་བརྒྱ་ཆ་ ༢༥ སྤར་ཏེ་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཉག་ཕྲ་བར་གྱུར་ཡོད་ཀྱང་། ཕྱི་ཟླ་ ༦ པའི་ནང་ཉི་ཧོང་དུ་ཚོགས་པའི་རྒྱལ་ཁབ་ ༢༠ ཡི་ཚོགས་འདུའི་ཐོག་ཕྱོགས་གཉིས་བར་ཚོང་དམག་གྲོས་མོལ་བསྐྱར་གསོ་བྱ་རྒྱུའི་མོས་མཐུན་བྱུང་སྟེ། རྒྱལ་ཁྲལ་སྤར་ཆ་གནས་སྐབས་མཚམས་འཇོག་བྱས་ཡོད་པ་རེད། ད་ལན་གྱི་གྲོས་མོལ་སྟེང་རྒྱ་ནག་གིས་སྔར་བཞིན་ཨ་རིའི་ས་ནས་ཞིང་ལས་ཐོན་རྫས་ཕོན་ཆེན་ཉོ་རྒྱུའི་ཁས་ལེན་བྱས་ཡོད་འདུགཡིན་ན་ཡང་། སྲིད་འཛིན་ཊོམ་ཕུ་མཆོག་གིས་རྒྱུན་དུ་རྒྱ་ནག་གིས་གཡས་སྐོར་གཡོན་སྐོར་བྱས་ཏེ་དུས་ཚོད་འཕྲོ་བརླག་གཏོང་གི་ཡོད་སྐོར་དང་། ཁས་ལེན་བྱས་པ་གཞིར་བཟུང་ལག་བསྟར་བྱེད་ཀྱི་མེད་ལུགས་ཀྱི་སྐྱོན་བརྗོད་གནང་གི་ཡོད་ལ།  རྒྱ་ནག་ཕྱོགས་ནས་ཀྱང་ཨ་རིས་རྒྱུན་དུ་རྒྱ་ནག་ལ་རྒྱལ་ཁྲལ་སྤར་རྒྱུའི་ཉེན་བརྡ་དང་འཇིགས་སྐུལ་བྱེད་བཞིན་པ་དེས་འགྲིག་མཐུན་ཡོང་རྒྱུར་ཕན་ཐོགས་མེད་པ་མ་ཟད། རྒྱ་ནག་ངོས་ནས་དུས་ནམ་ཡང་གནོན་ཤུགས་སོགས་ལ་བརྟེན་ནས་དྲང་བདེན་མ་ཡིན་པའི་གྲོས་མཐུན་ཞིག་ངོས་ལེན་བྱེད་ཐབས་མེད་སྐོར་བརྗོད་ཀྱི་ཡོད་པ་དང་། ཉེ་སྔོན་སྲིད་འཛིན་ཊོམ་ཕུ་མཆོག་ནས་རྒྱ་ནག་གཞུང་གིས་ཀར་ཀོར་བྱས་ཏེ་ཕྱི་ལོ་ ༢༠༢༠ ལོར་ཁོང་གི་ལས་ཡུན་རྫོགས་པར་སྒུག་སྟེ་ཁེ་ཕན་ལེན་རྩིས་བྱེད་ཀྱི་ཡོད་སྲིད་ཀྱང་། རྒྱ་ནག་གཞུང་གི་རེ་འདོད་དེ་གཏན་ནས་འགྲུབ་རྒྱུ་མིན་སྐོར་གསུངས་ཡོད་པ་རེད།ཨ་རྒྱའི་ཚོང་དམག་བྱུང་ནས་ལོ་ ༡ དང་ཕྱེད་ལྷག་འགྲོ་བཞིན་ཡོད་ཀྱང་ད་བར་གྲོས་མཐུན་བཞག་ཐུབ་མེད་པར་གཅིག་གིས་གཅིག་ལ་ཁ་གཏད་ཀྱི་ཚུལ་དུ་རྒྱལ་ཁྲལ་སྤར་རེས་བྱེད་བཞིན་ཡོད་པ་དེས། ཨ་རི་དང་རྒྱ་ནག་ཙམ་དུ་མ་ཟད། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཡར་རྒྱས་ལ་དོ་ཕོག་ཐེབས་ཀྱི་ཡོད་སྟབས། རྒྱལ་སྤྱིའི་ཐེབས་རྩ་ཁང་(The International Monetary Fund) སོགས་ཀྱིས་སྲིད་འཛིན་ཊོམ་ཕུ་མཆོག་དང་ཞི་གཉིས་ལ་ཚོང་དམག་མཚམས་འཇོག་བྱེད་དགོས་པའི་རེ་སྐུལ་ཡང་ཞུས་ཡོད་པ་དང་། དེ་བཞིན་འདི་ལོའི་ཕྱི་ཟླ་ ༦ པའི་ནང་ཨ་རིའི་ནང་རྟེན་གཞི་བྱས་པའི་བཟོ་ཚོང་ཁང་ ༦༠༠ ལྷག་གིས་སྲིད་འཛིན་ཊོམ་ཕུ་མཆོག་ལ་ཨ་རྒྱའི་ཚོང་དམག་ཐག་གཅོད་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་དང་། ཚོང་དམག་གི་རྐྱེན་གྱིས་ཨ་རིའི་གྲོས་ཚོགས་ནང་དུའང་ཊོམ་ཕུ་མཆོག་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་ཡོད་འདུག

ཐེངས་འདིའི་གྲོས་མོལ་གྲུབ་རྗེས། ཐེངས་རྗེས་མའི་ཚོང་འབྲེལ་གྲོས་མོལ་དེ་འདི་ལོའི་ཕྱི་ཟླ་ ༩ པའི་ནང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཡང་བསྐྱར་གནང་འཆར་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༨/༠༣

Leave a Reply

2 thoughts on “རྒྱ་ནག་གིས་ཨ་རིར་རྒྱལ་ཁྲལ་ཡ་ལན་སློག་གི་ཡིན་ཟེར།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཨ་རྒྱའི་ཆབ་སྲིད་དུག་སྦྲུལ་དཀར་ནག་འདྲ།
    ཨ་རྒྱའི་ཆབ་སྲིད་ཁྱི་སྤྱང་ལག་སྦྲེལ་འདྲ།
    ཨ་རྒྱའི་ཆབ་སྲིད་རྐུན་ཇག་ཁ་མཐུན་འདྲ།
    ཨ་རྒྱའི་ཆབ་སྲིད་འོག་ཏུ་ཚུད་མི་ཉན།

  2. གཞུང་པ་ཚེ་དབང་བསོད་ནམས་

    ཨ་རི་དང་རྒྱ་ནག་གཉིས་གཅིག་ཕན་གཅིག་གྲོགས་རེད་ལ་
    ཨ་རྒྱ་གཉིས་ཀྱིས་ཚོང་འབྲེལ་ཆབ་སྲིད་འོག་འཛམ་གླིང་མི་
    མང་མགོ་བོ་འཁོར་མི་ཉན་ལ་ཨ་རྒྱའི་ཆབ་སྲིད་དུག་སྦྲུལ་
    དཀར་ནག་ལ་རྒྱུན་དུ་དཱོགས་གཟོན་གནང་རྒྱུ་མི་མང་འགན།