སའི་གོ་ལ་དང་འདྲ་བའི་རྒྱུ་སྐར་ཞིག་རྙེད་ཡོད་ཟེར།  

མཁའ་དབྱིངས་རྟོག་ཞིབ་ཚན་པ་ནཱ་སཱ་ཡིས་བརླན་དྲོད་འཛིན་པའི་ནུས་པ་ལྡན་ཞིང་སའི་གོ་ལ་དང་འདྲ་བའི་རྒྱུ་སྐར་ཞིག་གསར་དུ་རྙེད་ནས་དེའི་སྟེང་མི་འཚོ་གནས་ཐུབ་མིན་ཞིབ་འཇུག་བྱེད་ཀྱི་ཡོད་འདུགཁ་སང་ཨ་རིའི་ནཱ་སཱ་(NASA)མཁའ་དབྱིངས་རྟོག་ཞིབ་ཚན་པས་བསྒྲགས་པའི་གནས་ཚུལ་ལྟར་ན། ནཱ་སཱ་མཁའ་དབྱིངས་འཚོལ་ཞིབ་ཚན་རིག་པ་ཚོས་ཉི་མའི་ཁྱིམ་རྒྱུད་ཀྱི་ཕྱི་རོལ་དུ། སའི་གོ་ལ་དང་རྒྱང་ཐག་འོད་ལོ་༣༡ ཙམ་ལས་མེད་པའི་རྒྱུ་སྐར་ཞིག་གསར་རྙེད་བྱུང་ཡོད་པ་དང་། ཚན་རིག་པ་ཚོས་རྒྱུ་སྐར་དེར་བརླན་བཤེར་དང་དྲོད་ནུས་འཛིན་པའི་ནུས་པ་ཡོད་པ་དང་། མ་འོངས་པར་རྒྱུ་སྐར་དེའི་སྟེང་ཚེ་སྲོག་འཚོ་ཐུབ་པའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་། རྒྱུ་སྐར་དེའི་མིང་ལ་(GJ 357)ཞེས་གཏགས་ཡོད་འདུག

ཨ་རིའི་ནཱ་སཱ་མཁའ་དབྱིངས་རྟོབ་ཞིབ་ཚོགས་པའི་ཚོགས་མི་དང་ཨ་རིའི་ནེའུ་ཡོག་ཁཱར་ནེལ(Cornell University)གཙུག་ལག་སློབ་གྲྭའི་སློབ་དཔོན་ལྕམ་ལའེ་སཱ་ཁཱལ་ཊི་ནཱེགྷར(Lisa Kaltenegger)ལགས་ཀྱིས། ད་ལན་རྒྱུ་སྐར་གསར་རྙེད་བྱུང་བ་དེ་གཞན་དང་མ་འདྲ་བའི་སྤྲོ་སྣང་སྐྱེས་གཞི་ཞིག་ཡིན་པ་དང་། གསར་རྙེད་དེས་མ་འོངས་པར་ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་འཚོལ་ཞིབ་ཐད་རིན་ཐང་ཆེ་བའི་གནས་ཚུལ་མཁོ་འདོན་གནང་ཐུབ་ཀྱི་ཡོད་པ་དང་། ཁོ་ཚོས་རྒྱུ་སྐར་དེའི་སྟེང་ཚེ་སྲོག་འཚོ་གནས་ཐུབ་མིན་ལ་ཞིབ་འཇུག་བྱས་ཏེ་མགྱོགས་མྱུར་ངང་ཞིབ་འཇུག་གྲུབ་དོན་འདོན་རྒྱུ་ཡིན་སྐོར་བརྗོད་འདུག

ནཱ་སཱ་མཁའ་དབྱིངས་རྟོག་ཞིབ་ཚོགས་པས་བརྗོད་ན། རྒྱུ་སྐར་དེ་ཉི་མའི་ཁྱིམ་རྒྱུད་དང་རྒྱང་ཐག་རིང་བའི་དགུ་ཚིགས་ཕྱི་རོལ་གྱི་(Habitable zone)ཞེས་པའི་རྒྱུ་སྐར་གྱི་ཁྱིམ་རྒྱུད་ཅིག་ཏུ་ཡོད་པ་དང་། སའི་གོ་ལས་ཉི་མའི་ཁྱིམ་རྒྱུད་ལ་བསྐོར་བ་རྒྱག་པར་ཉིན་གྲངས་ ༣༦༥ འགོར་གྱི་ཡོད་པ་ལྟར། གོ་ལ་དེས་རང་གི་སྐར་མའི་ཁྱིམ་རྒྱུད་ལ་ཉིན་ ༥༥. ༧ ནང་སྐོར་བ་ཐེངས་གཅིག་བྱེད་བཞིན་ཡོད་པས། གོ་ལ་དེའི་སྟེང་ལོ་གཅིག་ལ་ཉིན་གྲངས་ ༥༥ .༧ ལས་མེད་པ་དང་། རྒྱུ་སྐར་དེའི་བོངས་ཚད་སའི་གོ་ལ་ལས་ལྡབ་ ༡༠ དང་ཉི་མ་ལས་ལྡབ་ ༣ ཆེ་བ་ཡོད་འདུགརྒྱུ་སྐར་དེ་རྙེད་མཁན་(TESS)མཁའ་དབྱིངས་རྟོག་ཞིབ་འཁོར་སྐར་ཡིན་པ་དང་། མཁའ་དབྱིངས་འཁོར་སྐར་དེ་ནི་ཆེད་གཉེར་མཁའ་དབྱིངས་ཚད་ལེན་རྒྱང་ཤེལ་མཁའ་འཕྲུལ་(Kepler space telescope)ཞིག་ཡིན་པ་དང་། འདས་པའི་ལོ་ངོ་ ༢༠ རིང་རྟོག་ཞིབ་འཁོར་སྐར་དེས་ཉི་མའི་ཁྱིམ་རྒྱུད་དུ་རྒྱུ་སྐར་ ༣༥༠༠ ལྷག་གསར་རྙེད་བྱུང་ཡོད་པ་དང་། ཨ་རིའི་ནཱ་སཱ་ཚན་རིག་རྟོག་ཞིབ་ཁང་གིས་ཉི་མའི་ཁྱིམ་རྒྱུད་དང་དགུ་ཚིགས་ཕྱི་རོལ་སོགས་ནས་རྒྱུ་སྐར་མང་པོ་གསར་རྙེད་བྱུང་ཡོད་ན་ཡང་། ཚེ་སྲོག་འཚོ་ཐུབ་པ་དང་བརླན་དྲོད་འཛིན་ཐུབ་པའི་སའི་གོ་ལ་ལྟ་བུའི་རྒྱུ་སྐར་རྙེད་སོན་བྱུང་བ་ཧ་ཅང་དཀོན་པོ་ཡིན་འདུག

རྒྱལ་སྤྱིའི་ཚན་རིག་རྟོག་ཞིབ་ཚོགས་པའི་ཚོགས་མི་དང་འཇར་མན་མཱེག་སི་མཁའ་དབྱིངས་རྟོག་ཞིབ(Max Planck Institute for Astronomy)སློབ་གླིང་གི་ཞིབ་འཇུག་པ་དྷེ་ནཱ་ཀོ་སཱ་ཀོ་སི་ཀེ(Diana Kossakowski)ལགས་ཀྱིས། རྒྱུ་སྐར་མིག་དམར་གྱིས་ཉི་མ་ནས་འོད་ནུས་ལེན་པ་ལྟར་རྒྱུ་སྐར་གསར་པ་དེས་རང་གི་སྐར་མའི་ཁྱིམ་རྒྱུད་ཀྱི་ནུས་ཤུགས་ལེན་སྟངས་གཅིག་པ་ཡིན་པ་དང་། གལ་ཏེ་རྒྱུ་སྐར་དེར་བརླན་དྲོད་འདང་ངེས་ཡོད་པ་ཡིན་ན། དེ་ཡི་ཕྱི་ངོས་སུ་ཆུ་དང་བརླན་བཤེར་འཛིན་ཐུབ་པའི་ནུས་པ་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༥ ལོར་ནཱ་སཱ་མཁའ་དབྱིངས་རྟོག་ཞིབ་ཁང་གིས་ཉི་མའི་ཁྱིམ་རྒྱུད་ཀྱི་ཕྱི་རོལ་དུ་སའི་གོ་ལ་དང་ཤིན་ཏུ་མཚུངས་བའི་ཀེབ་ལར་ ༤༥༢(Kepler-452b)ཞེས་པའི་ཚེ་སྲོག་འཚོ་གནས་ཐུབ་པའི་གོ་ལ་ཞིག་རྙེད་ཡོད་པ་ཡོངས་བསྒྲགས་བྱས་ཡོད་པ་དང་། གོ་ལ་དེར་ཕལ་ཆེར་རླུང་ཁམས་ཡོད་སྲིད་པ་ཞིག་ཡིན་པ་མ་ཟད། སའི་གོ་ལ་ལས་མཐུག་པའི་རླུང་ཁམས་དང་མེ་རི་མང་བ་ཡོད་སྲིད་པ་དང་། གོ་ལ་དེར་སྲོག་ཆགས་རིགས་འཚོ་གནས་ཐུབ་རྒྱུའི་དགོས་ངེས་ཆ་རྐྱེན་ཁག་ཚང་ཡོད་སྐོར་བརྗོད་ཡོད་ན་ཡང་།ཚན་རིག་པ་ཚོས་གོ་ལ་དེར་བརླན་དྲོད་སོགས་ཡོད་མེད་དང་ཚེ་སྲོག་འཚོ་ཐུབ་མིན་ལ་ད་དུང་ཞིབ་འཇུག་བྱེད་བཞིན་ཡོད་འདུགཕྱི་ལོ་ ༢༠༡༧ ལོར་ནཱ་སཱ་མཁའ་དབྱིངས་རྟོག་ཞིབ་ཚོགས་པས་སའི་གོ་ལའི་ཆེ་ཆུང་དང་མཉམ་པའི་གཟའ་སྐར་གསར་པ་ ༧ རྙེད་སོན་བྱུང་ཡོད་པ་དང་། གཟའ་སྐར་དེ་དག་གིས་ཉི་མར་སྐོར་བ་རྒྱག་གི་ཡོད་ཅིང་། དྲོད་ཚད་ཀྱང་སྙོམས་པོ་ཡོད་སྟབས། དེ་དག་ནང་རྒྱ་མཚོ་དང་ཚེ་སྲོག་ཡོད་སྲིད་པའི་ཚོད་དཔག་བྱས་ཏེ་མུ་མཐུད་ཞིབ་འཇུག་བྱེད་བཞིན་ཡོད་ཀྱང་།གསར་རྙེད་བྱུང་བའི་གཟའ་སྐར་བདུན་ལས་གསུམ་གྱི་སྟེང་དུ་ཆུ་ཡོད་པའི་ཚོད་དཔག་དང་། དེ་དག་གི་དྲོད་ཚད་ང་ཚོའི་སའི་གོ་ལ་ལས་ཅུང་གྲང་བ་ཡོད་ཀྱང་ཚེ་སྲོག་འཚོ་ཐུབ་པའི་གཟའ་སྐར་འཚམ་ཤོས་ཡིན་པར་བརྗོད་ཡོད་ན་ཡང་། ཚན་རིག་པ་ཚོས་མིའི་རིགས་གཟའ་སྐར་དེ་དག་ནང་སླེབ་པར་ལོ་ངོ་ས་ཡ་མང་པོ་དགོས་སྐོར་བརྗོད་བཞིན་ཡོད་འདུག་ལ། གནམ་རིག་པ་གྷིལ་ལཱོཎ་(Gillon)ལགས་ཀྱིས། གལ་སྲིད་ནམ་ཞིག་ལ་ང་ཚོའི་ཉི་མའི་ཁྱིམ་རྒྱུད་འདི་འཇིག་སྟེ་རྩ་སྟོང་ཆགས་ཀྱང་། ཉི་མའི་ཁྱིམ་རྒྱུད་ཀྲཔ་པཱིས་དང་པོ་དེ་མི་འཇིག་པར་ལོ་ངོ་ཐེར་འབུམ་ལ་གནས་ངེས་རེད་ཅེས་བཤད་ཡོད་འདུག་ལ། ང་ཚོའི་འཇིག་རྟེན་གྱི་ཚེ་སྲོག་མཇུག་རྫོགས་ཀྱང་ད་དུང་ཚེ་སྲོག་འཚོ་གནས་ཐུབ་པའི་རེ་བ་ཉག་གཅིག་ཡོད་པ་ནི། ཀྲཔ་པཱིས་དང་པོ་དེ་ཆགས་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་པ་རེད།

ད་ལྟའི་ཆར་འཛམ་གླིང་གི་ཚན་རིག་པ་ཚོས་མཁའ་དབྱིངས་རྟོག་ཞིབ་ཚད་ལེན་རྒྱང་ཤེལ་འཕྲུལ་ཆས་དག་གིས་ཚད་གཞི་ངེས་ཅན་ཞིག་ལས་ལྟ་ཐུབ་ཀྱི་མེད་པས།རྒྱང་ཤེལ་གསར་པ་ཇཱེམ་སའེ་བྷེ་ཨེབ་ཨིས་པཱེས་(James Webb Space Telescope)ཞེས་པ་འདོན་འཆར་ཡོད་པ་དང་། རྒྱང་ཤེལ་དེ་བཏོན་རྗེས་འཛམ་གླིང་ནས་རྒྱང་ཐག་ལེ་དབར་(miles)ས་ཡ་གཅིག་ལྷག་གི་ཕ་རོལ་ན་འཇིག་རྟེན་ག་འདྲ་ཡོད་མེད་གསལ་ཐིང་ཐིང་གིས་བལྟ་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༨/༠༦

Leave a Reply

One thought on “སའི་གོ་ལ་དང་འདྲ་བའི་རྒྱུ་སྐར་ཞིག་རྙེད་ཡོད་ཟེར།  

  1. གཞུང་པ་ཚེ་དབང་བསོད་ནམས་

    ཉི་ཁྱིམ་བཅུ་གཉིས་དང་རྒྱུ་སྐར་གསར་པ་ནམ་ཡང་ནོར་མི་
    ཉན་ནོ་ཚན་རིག་ཚོའི་ཉི་ཁྱིམ་བཅུ་གཉིས་ཀྱིས་གནས་སྟངས་གསལ་
    པོ་ཤེས་ནས་རྒྱུ་སྐར་གསར་པ་ངོས་འཛིན་དགོས་པ་དེ་ཚན་རྩལ་རིག་
    པས་ཆེ་མཐོང་དང་རིན་ཐང་ཞིག་ལ་ངོས་འཛིན་ཞུ་གི་ཡོད།