ནག་སེལ་གཤེད་བཅོམ་དང་ཁ་བྲལ་ངོ་རྒོལ་ཟུང་འབྲེལ་བྱོས།

རྒྱ་ནག་ནག་སེལ་གཤེད་བཅོམ་ལྟ་སྐུལ་ཚོགས་པས་བོད་རང་སྐྱོང་ལྗོངས་ཀྱིས་ནག་སེལ་གཤེད་བཅོམ་འཐབ་རྩོད་ཁྲོད་མ་འདང་བའི་དག་ཐེར་བསམ་འཆར་དོན་ཚན་དྲུག་བཏོན་འདུགཁ་སང་ཕྱི་ཚེས་ ༧ ཉིན། རྒྱ་ནག་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་ཚགས་པར་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་རྒྱལ་ཡོངས་ནག་སེལ་གཤེད་བཅོམ་འཐབ་རྩོད་ཚོགས་པའི་ལྟ་སྐུལ་ཚོགས་པ་ ༡༣ པས། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ནག་སེལ་གཤེད་བཅོམ་འཐབ་རྩོད་ཀྱི་ལས་དོན་ཐད་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ཚོགས་འདུའི་སྟེང་བོད་རང་སྐྱོང་ལྗོངས་ཀྱི་མགོ་འཁྲིད་ཆེ་དགྲ་ལྷ་དང་། རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་ཡེན་ཅེ་དང་ནག་སེལ་གཤེད་བཅོམ་ལྟ་སྐུལ་ཚོགས་ཆུང་གི་ཚོགས་གཙོ་ཀྲུའུ་ཝེ་ཆིན། ཚོགས་གཙོ་གཞོན་པ་ཀྲང་ཀྲི་ཅེ་ཟེར་བ་སོགས་ཀྱིས་གཏམ་བཤད་བྱས་ཡོད་པ་དང་། ཀྲུའུ་ཝེ་ཆིན་གྱིས་བོད་རང་སྐྱོང་ལྗོངས་ནག་སེལ་གཤེད་བཅོམ་གྱི་ལས་དོན་ཐད་མ་འདང་བ་དག་ཐེར་བསམ་འཆར་ཞེས་པའི་དོན་ཚན་ ༦ ཅན་ཞིག་བསྒྲགས་ཡོད་འདུག

ཚོགས་འདུའི་སྟེང་ཀྲུའུ་ཝེ་ཆིན་ཟེར་བ་དེས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤྱི་ཡོངས་རྒྱུན་མཐུད་དང་བརྟན་ལྷིང་། སྤྱི་ཚོགས་ལྷིང་འཇགས་སྒྲིག་ལམ་ལྡན་པ། མི་སེར་བདེ་སྡོད་ལས་བརྩོན་ཐུབ་པའི་རྣམ་པ་བཟང་པོ་མངོན་ཡོད་ན་ཡང་། ནག་སེལ་གཤེད་བཅོམ་ཐད་ལ་མངོན་གསལ་དོད་པའི་གནད་དོན་ཁ་ཤས་སྔར་བཞིན་ཚད་འདང་གི་མེད་པ་དང་། དེ་དག་ནི་གཙོ་བོ་ཞི་ཅིན་ཕིན་གྱི་མཛུབ་སྟོན་གལ་ཆེན་ཁག་ལ་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་མི་འདང་བ་དང་། ནག་སེལ་གཤེད་བཅོམ་འཐབ་རྩོད་བཀོད་སྒྲིག་གི་དོན་སྙིང་གལ་ཆེན་དང་ནང་དོན་ཟབ་མོར་གོ་བ་ལེན་ཚད་མི་འདང་བ། ནག་སེལ་འཐབ་རྩོད་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་རྒྱུ་གནད་ལ་མི་འཁེལ་བ། ས་གནས་ཁག་དང་སྡེ་ཚན་ཁག་གི་ནག་སེལ་གཤེད་བཅོམ་ལས་དོན་སྤེལ་རྒྱུ་དོ་སྙོམས་མེད་པ། ཁྲིམས་བཞིན་ཆད་པ་ནན་པོ་གཅོད་པ་དང་རྒྱབ་ལོགས་ཀྱི་གནས་ཚུལ་བསྔོག་བཤེར་ཐད་སྔར་བཞིན་ལས་དོན་སྤེལ་ཤུགས་ཀྱིས་མ་འདང་བའི་གནད་དོན་ཡོད་པ།  ནག་སེལ་གཤེད་བཅོམ་འཐབ་རྩོད་དང་ཁ་བྲལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཟུང་འབྲེལ་དམ་ཟབ་བྱེད་ཤུགས་ཀྱིས་འདང་གི་མེད་སྐོར་བརྗོད་འདུག

ཡང་ཁོས་ནག་སེལ་གཤེད་བཅོམ་འཐབ་རྩོད་ཐད་མ་འདང་བའི་སྐོར་ལ་བཏོན་པའི་དག་ཐེར་བསམ་འཆར་དོན་ཚན་ ༦ ཞེས་པའི་ནང་། གཅིག ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་མཐོ་རུ་བཏང་སྟེ་རང་སྐྱོང་ལྗོངས་སུ་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་ཚ་རླབས་གསར་པ་འཕྱུར་བར་བྱེད་དགོས་པ་དང་། གཉིས། སྒྲིག་འཛུགས་ཀྱི་འཐབ་རྩོད་བྱེད་ཤུགས་ཆེ་རུ་བཏང་ནས་ནག་གཤེད་ཀྱི་ཕྱོགས་གཏོགས་དང་སྤྱི་ཚོགས་ཟང་ཟིང་གི་སྣང་ཚུལ་ལ་མཐའ་གཅིག་ཏུ་བཅོས་སྒྲིག་བྱེད་དགོས་པ། གསུམ། གྲོང་ཚོའི་མགོ་འཁྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་སྲིད་དབང་རྨང་གཞི་བརྟན་དུ་གཏོང་དགོས་པ། བཞི། བོད་རང་སྐྱོང་ལྗོངས་ཀྱི་དམིགས་བསལ་གནས་བབ་དང་བསྟུན་ནས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་རྒྱུ་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ། ལྔ། ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས་པ། དྲུག  ནག་སེལ་གཤེད་བཅོམ་ཚོགས་ཆུང་གི་ལྟ་སྐུལ་ལ་མཐོང་ཆེན་པོ་བྱས་ནས་དག་ཐེར་གྱི་ལས་དོན་དོན་འཁྱོལ་ནན་ཏན་བྱེད་དགོས། ཞེས་བཀོད་འདུག

དེའི་རྗེས་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་ཡེན་ཅེ་ཟེར་བས། ལྟ་སྐུལ་ཚོགས་ཆུང་གི་ཚོགས་གཙོའི་བཏོན་པའི་བསམ་འཆར་ཁག་དྭང་ལེན་དང་རྗེས་ཕྱོགས་མ་འདང་བའི་ལས་དོན་ཁག་ཧུར་ཐག་གིས་བསྒྲུབ་རྒྱུ་ཡིན་སྐོར་དང་། རྗེས་ཕྱོགས་ནག་སེལ་གཤེད་བཅོམ་ནི་བརྟན་ལྷིང་སྲུང་སྐྱོང་བྱེད་པ་ཞིག་ཡིན་པའི་འདུ་ཤེས་ཟབ་ཏུ་གཏོང་བ། གནད་དོན་ཆེན་པོ་མ་ཐོན་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། འགན་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་བྱེད་རྒྱུ་ཚད་གཞིར་བཟུང་སྟེ་ལས་བྱེད་པར་དོ་དམ་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ནས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུ་གཙོ་གནད་དུ་འཛིན་པ། ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་མི་དམངས་དམག་འཁྲུག་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། སྤྱི་ཚོགས་བརྟན་ལྷིང་དང་བོད་རང་སྐྱོང་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

རྒྱ་ནག་གཞུང་གིས་བཏང་བའི་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ ༡༣ པ་ཟེར་བ་དེས། བོད་རང་སྐྱོང་ལྗོངས་སུ་ནག་སེལ་གཤེད་བཅོམ་ཐད་ཚོགས་འདུ་རིམ་པ་ ༥ ཚོགས་ཡོད་པ་དང་། ཉེ་སྔོན་ཕྱི་ཟླ ༧ ནང་ཚོགས་སྐབས་བོད་རང་སྐྱོང་ལྗོངས་ནང་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་དང་དྲིལ་བསྒྲགས་ཡག་པོ་བྱས་ཡོད་སྐོར་བརྗོད་ཡོད་པ་དང་། སྐབས་དེར་ལྟ་སྐུལ་ཚོགས་ཆུང་གི་མགོ་གཙོ་ཀྲུའུ་ཝེ་ཆིན་ཟེར་བ་དེས། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གྱི་འགན་འཁྲི་ནན་དུ་གཏང་ནས་ནག་གཤེད་ཕྱོགས་གཏོགས་ཐོན་ཡུལ་རྩ་མེད་བཟོ་དགོས་པ་དང་། མི་མང་གི་ཆབ་སྲིད་ཀྱི་གནས་ཚད་མཐོ་རུ་གཏོང་སྟེ་ཆབ་སྲིད་ཀྱི་ངོས་ནས་ནག་སེལ་གཤེད་བཅོམ་གྱི་འགན་འཁྲི་ནན་དུ་གཏོང་དགོས་པ། གཞུང་ངོས་ནས་རྩ་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་ནག་སེལ་གཤེད་བཅོམ་དམག་འཐབ་མཁར་རྫོང་བརྟན་དུ་གཏོང་དགོས་ཚུལ་སོགས་བརྗོད་ཡོད་འདུག

ཡང་རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ནང་། ནག་སེལ་གཤེད་བཅོམ་ལྟ་སྐུལ་ཚོགས་པ་དེས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༧ ནས་ད་བར་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་གྲོང་ཁྱེར་དང་རྫོང་ ༡༠༧ དང་། ཤང་གྲོང་སོགས་ ༥༧། གྲོང་གསེབ་ཀྱི་སྡེ་ཁུལ་ ༦༡ བཅས་སུ་སྐོར་སྐྱོད་ཀྱིས་ཐེངས་ ༦༣  ཚོགས་པ་དང་། མི་གྲངས་ ༢༢༤ ལ་དངོས་སུ་འདྲི་རྩད་དང་གནད་དོན་ཅན་ ༤༠ ཐེར་འདོན་དང་།  གཙོ་གནད་གྱོད་གཞི་ཅན་ ༢༣༠༠༠ ལྷག་ལ་ཞིབ་བཤེར་དང་། མི་མང་ཁྲོད་བརྟག་དཔྱད་འདྲི་ཤོག་ ༥༤༠ བཀྲམས་པ་དང་། མི་གྲངས་ ༡༠༤༤ ལྷག་ལ་དྲ་ཐོག་ནས་བརྟག་དཔྱད་འདྲི་ཤོག་འབྲི་བཅུག་སྟེ་ཞིབ་བཤེར་བྱས་ཡོད་ལུགས་བསྒྲགས་འདུག

འདས་ལོར་རྒྱ་ནག་གཞུང་གིས་ནག་སེལ་གཤེད་བཅོམ་ལས་འགུལ་ཁྲོད་ནག་ཚོགས་ངོས་འཛིན་ཐབས་དོན་ཚན་ ༡༢ ཅན་གྱི་ཡི་གེ་ཞིག་བཀྲམས་ཡོད་པའི་ནང་།  གཅིག ཆབ་སྲིད་ཀྱི་བདེ་འཇགས་དང་ལྷག་པར་དུ་ལམ་ལུགས་ཀྱི་བདེ་འཇགས། སྲིད་དབང་གི་བདེ་འཇགས་ལ་གནོད་པ་དང་། དེ་མིན་ཆབ་སྲིད་ཀྱི་ཁྱབ་ཁོངས་སུ་སིམ་འཛུལ་བྱེད་པའི་ནག་ཚོགས་དང་ངན་པའི་སྟོབས་ཤུགས། གཉིས། གཞི་རིམ་གྱི་སྲིད་དབང་བཟུང་ཞིང་། གཞི་རིམ་གྱི་སྐབས་བརྗེའི་འདེམས་བསྐོ་ལ་བཀོད་པ་དང་གཏོར་བཤིག་བཏང་བ། ཞིང་སྡེའི་ཐོན་ཁུངས་སྒེར་སྡོམ་བྱས་པ། ཐུན་མོང་གི་རྒྱུ་ནོར་ཧམ་ཟ་བྱས་པ་བཅས་ཀྱི་ནག་ཚོགས་དང་ངན་པའི་སྟོབས་ཤུགས།  གསུམ། ཁྱིམ་རྒྱུད་དང་ཆོས་ལུགས་ཀྱི་དྲག་ཤུགས་བེད་སྤྱད་བཏང་ནས་ཡུལ་ཚོར་ཁྲིམས་འགལ་ལུགས་དཀྲུག་དང་ཧམ་ཤེད་ཁུར་བ། མི་སེར་ལ་ཞན་ཐུབ་དང་གནོད་འཚེ་བཅས་བཏང་བའི་གྲོང་སྡེའི་དཔོན་ངན་སོགས་ནག་ཚོགས་དང་ངན་པའི་སྟོབས་ཤུགས།

བཞི། ས་ཞིང་གཞུང་བསྡུ་དང་བོགས་གླ་གཏོང་བ། གནས་སྤོ་བ། ཨར་ལས་ལས་གཞི་བསྐྲུན་པ་སོགས་ཀྱི་བརྒྱུད་རིམ་དུ་ཟིང་འཁྲུག་བསླངས་པའི་ནག་ཚོགས་དང་ངན་པའི་སྟོབས་ཤུགས། ལྔ། འཛུགས་སྐྲུན་ཨར་ལས་དང་འགྲིམ་འགྲུལ་སྐྱེལ་འདྲེན། གཏེར་ལས་ཐོན་ཁུངས། ཉ་ལས་འཛིན་བཟུང་སོགས་ཀྱི་ལས་རིགས་དང་ཁྱབ་ཁོངས་སུ། ཨར་ལས་བཙན་འགུགས་དང་བསམ་ངན་གྱིས་སུས་འཇོན་དེ་འགུགས་བྱས་པ། ཁྲིམས་འགལ་གྱིས་ས་བཟུང་བ། སྔོག་འདོན་གང་མོས་བཅས་བྱས་པའི་ནག་ཚོགས་དང་ངན་པའི་སྟོབས་ཤུགས། དྲུག ཚོང་ཁྲོམ་དང་སྡེབ་འཚོང་ཁྲོམ་ར། རླངས་འཁོར་འབབ་ཚུགས་དང་གྲུ་ཁ། ཡུལ་སྐོར་ལྗོངས་ཁུལ་སོགས་སུ་བརྙས་ལས་ཁྲོམ་སྡེམ་དང་བཙན་དབང་ཉོ་ཚོང་། སྲུང་སྐྱོབ་བཙན་དངུལ་བསྡུས་པའི་ཁྲོམ་དཔོན་དང་ལས་རིགས་ཀྱི་དཔོན་ངན་སོགས་ནག་ཚོགས་དང་ངན་པའི་སྟོབས་ཤུགས།

བདུན། ཆགས་སྲེད་དང་རྒྱན་འགྱེད། དུག་བཅས་ཁྲིམས་འགལ་ཉེས་བསགས་བྱེད་སྒོ་ལ་བཀོད་པ་དང་ཚོང་གཉེར་བྱས་པའི་ནག་ཚོགས་དང་ངན་པའི་སྟོབས་ཤུགས། བརྒྱད། ཁྲིམས་འགལ་གྱིས་སྐྱེད་ཀ་མཐོ་བའི་དངུལ་བུན་བཏང་བ་དང་དྲག་སྤྱོད་ཀྱིས་བུ་ལོན་དེད་པ་སོགས་ཀྱི་ནག་ཚོགས་དང་ངན་པའི་སྟོབས་ཤུགས། དགུ། དམངས་ཁྲོད་ཀྱི་འགལ་བར་ཞུགས་ཤིང་ལྐོག་ཏུ་ཁྲིམས་འཛིན་རུ་ཁག་རྫུན་མར་བྱས་པའི་ནག་ཚོགས་དང་ངན་པའི་སྟོབས་ཤུགས། བཅུ། དྲ་བའི་འཕྲིན་གཏོང་དཔུང་ཚོགས་སྒྲིག་འཛུགས་དང་གླས་ནས་དྲྭ་ཐོག་འཇིགས་སྐུལ་དང་སྡིགས་མོ། དམའ་འབེབས། སྐུར་འདེབས། སུན་བཟོ་བཅས་བྱས་པའི་ནག་ཚོགས་དང་ངན་པའི་སྟོབས་ཤུགས། བཅུ་གཅིག ཕྱི་ཕྱོགས་ཀྱི་ནག་ཚོགས་རྒྱལ་ནང་དུ་འཕེལ་རྒྱས་སིམ་འཛུལ་དང་རྒྱལ་ཁོངས་དང་ས་མཚམས་བརྒལ་བའི་ནག་ཚོགས་དང་ངན་པའི་སྟོབས་ཤུགས།  བཅུ་གཉིས། དུས་མཉམ་དུ་ནག་ཚོགས་དང་ངན་པའི་སྟོབས་ཤུགས་ལ་སྲུང་སྐྱོབ་བྱེད་མཁན་སེམས་ཐག་གཙང་བཅད་ཀྱིས་རྩད་ཆོད་པར་བྱ་རྒྱུ་བཅས་བཀོད་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༨/༠༨

Leave a Reply

One thought on “ནག་སེལ་གཤེད་བཅོམ་དང་ཁ་བྲལ་ངོ་རྒོལ་ཟུང་འབྲེལ་བྱོས།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཧཧཧ་རྒྱ་རོ་ད་ག་རེ་བཤད་ཀྱིས་ཡོད་རེད་ནག་སེལ་བཤེད་བཅོམ་རེད་དམ་
    དཀར་འདོན་ནག་བཅོམ་རེད་ཧཧཧ་འདས་པའི་མི་ལོ་དྲུག་བཅུའི་རིང་བོད་ཀྱིས་
    ཕྱི་ནང་སྣོད་བཅུད་ཡོངས་རྫོགས་སྟོང་པ་སྟོང་ཀྱང་བཟོས་ནས་ད་དུང་རི་བོ་
    བཟོས་ནས་མ་འབྲང་རྒྱ་ཐུང་ནས་མ་ངོམ་པ་ད་དུང་ནག་སེལ་བཤེད་བཅོམ་
    གྱིས་ལས་འགུལ་སྤེལ་རྒྱུ་དེ་རྒྱ་ནག་རྒྱལ་ཁབ་དེ་འཛམ་གླིང་མི་མང་མདུན་
    རང་ཤི་རྒྱག་འདོད་མ་རེད་དམ་ཧཧཧ