ང་ཚོས་གྲངས་ཉུང་མི་རིཊ་ཀྱི་ལས་མི་བསྡུ་ཡི་ཡོད་ཀྱང་བོད་རིགས་མི་དགོས་ཟེར།

རྒྱ་ནག་གི་འཕྲུལ་རིག་ཚན་རྩལ་བཟོ་ཚོང་ཁང་ཞིག་གི་ལས་མི་བསྡུ་བའི་བརྡ་ཐོའི་ནང་བོད་དང་སོག་པོ། ཡུ་གུར་བ་སོགས་ལས་མིའི་ནང་བསྡུ་རྒྱུ་མིན་པའི་སྔོན་བརྡ་བཏང་།

ཁ་སང་རྒྱ་ནག་ཁྲང་སཱ་ལན་སི་འཕྲུལ་རིག་ཚན་རྩལ་བཟོ་ཚོང་ཁང་(Lansi Technology)ཞེས་པ་དེས་ལས་མི་བསྡུ་བའི་བརྡ་ཐོ་དོན་ཚན་ ༨ ཅན་ཞིག་སྤེལ་བའི་ནང་། སྤྱིར་བཏང་གྲངས་ཉུང་མི་རིགས་ཀྱི་ལས་མི་ལེན་གྱི་ཡོད་ཀྱང་། ཡུ་གུར་དང་སོག་པོ། བོད་མི། དེ་བཞིན་སི་ཁྲོན་གྱི་དབྱིས་རིགས་ལས་མི་ལེན་གྱི་མེད་སྐོར་དང་། ལས་ཀ་གཙོ་བོ་ཁ་པར་གྱི་འཆར་ངོས་དང་འབྲེལ་བའི་རྒྱུ་ཆ་བཟོ་བསྐྲུན་བྱ་རྒྱུ་དེ་ཡིན་པ་དང་། ཕོ་མོ་དབྱེར་མེད་ཀྱི་རང་ལོ་ ༡༦ ནས་ ༥༠ བར་གྱི་འཕྲོད་བསྟེན་ཡག་པོ་ཅན་དང་། ཉེས་དོན་ལོ་རྒྱུས་མེད་པ། ལུས་པོའི་སྟེང་ཁབ་རྩེག་རི་མོ་མེད་པ་དང་ཐ་མག་མི་འཐེན་མཁན། ལས་ཀའི་སྐབས་མཛུབ་དཀྲིས་སོགས་རྒྱན་ཆ་འདོགས་མི་ཆོག་སྐོར་སོགས་བཀོད་འདུག

འདི་གའི་གསར་འགོད་པས་བོད་ནས་གསར་དུ་འབྱོར་བའི་བོད་མི་ཞིག་ལ་གནད་དོན་འདི་དང་འབྲེལ་ནས་བོད་མིའི་ལས་ཀའི་གོ་སྐབས་སྐོར་ལ་སྐད་ཆ་འདྲི་སྐབས། ལས་ཀའི་ཐོག་ཁྱད་པར་ཆེན་པོ་ཡོད་པ་རེད། དེང་སང་བོད་མི་ཞིག་ལ་མཚོན་ན། ཁྲིན་ཏུའུ་ལྟ་བུར་ཕྱིན་ན་ཉལ་ས་ཡག་པོ་སྤྲོད་ཀྱི་མེད་པ་དང་། རླངས་འཁོར་ཞིག་ཉོས་པ་ཡིན་ནའང་ཐོབ་ཐང་ལག་འཁྱེར་སྟེང་ནས་བོད་མི་ཡིན་པ་ཤེས་རྗེས་རླངས་འཁོར་བཙོང་གི་མེད་ལ། རྒྱ་ནག་ནང་ལོགས་སུ་ཕྱིན་ནས་ལས་ཀ་འཚོལ་སྐབས་བོད་པ་ཡིན་པ་ཙམ་གྱིས་ལས་ཀ་སྤྲོད་ཀྱི་མེད་པའི་གནས་སྟངས་མང་པོ་ཡོང་གི་ཡོད་པ་རེད། དམིགས་བསལ་བོད་མི་ཚོ་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་དང་ཧོང་ཀོང་ལྟ་བུའི་གྲོང་ཁྱེར་ཆེ་ཁག་ཏུ་འགྲོ་བར་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

སྤྱིར་བཏང་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ཞེ་གཉིས་པ་སྤྱི་མང་ཡོངས་ཀྱི་ངལ་རྩོལ་གྱི་ཐོབ་ཐང་དང་འོས་འགན་ཞེས་པའི་ནང་དུ་ངལ་རྩོལ་ནི་ངལ་རྩོལ་བྱེད་པའི་ནུས་པ་ལྡན་པའི་སྤྱི་མང་ཡོངས་ཀྱི་རླབས་ཆེ་བའི་ལས་འགན་ཞིག་ཡིན་ལ། རྒྱལ་ཁབ་ཀྱིས་མི་མང་ལ་ལས་དོན་ཐོག་རྒྱབ་སྐྱོར་དང་། ལས་སྣེར་མ་ཞུགས་གོང་ལ་ལས་རིགས་སྦྱོང་བརྡར་སྤྲོད་དགོས་པ་སོགས་བཀོད་ཡོད་པ་མ་ཟད། ངལ་རྩོལ་བཅའ་ཁྲིམས་ཀྱི་རྩ་དོན་ལྔའི་ནང་དུ། ངལ་རྩོལ་བར་ལས་རིགས་གཉེར་བའི་ཐོབ་ཐང་དང་གོ་སྐབས་འདྲ་མཉམ་ཡོད་པ་དང་། རྒྱུགས་སྤྲོད་ཀྱི་འགྲན་རྩོད་བརྒྱུད་ལས་མི་བསྡུ་དགོས་པ། ལས་དོན་ཐོག་དཀའ་ངལ་ཡོད་པའི་སྦྲུམ་མ་དང་དབང་པོ་སྐྱོན་ཅན། གྲངས་ཉུང་མི་རིགས་ཀྱི་ལས་མི་བཅས་ལ་དམིགས་བསལ་གཟིགས་སྐྱོང་དགོས་པའི་སྐུལ་འདེད་བྱས་འདུག་ཀྱང་། འདས་པའི་ལོ་ཤས་ནང་རྒྱ་ནག་ནང་ལོག་དང་བོད་ནང་ལས་རིགས་དང་འགྲུལ་སྤྱོད་སོགས་ཀྱི་ཁྲོད་ནས་མི་རིགས་དབྱེ་འབྱེད་བྱས་པའི་གནད་དོན་སྔར་ལས་མངོན་གསལ་དོད་པོ་ཆགས་ཡོད་པ་རེད།

ཕྱི་ལོ་ ༢༠༡༨ ཟླ་ ༣ པའི་ནང་ཚོགས་པའི་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་སྐབས་ ༡༣ པའི་གྲོས་ཚོགས་ཐེངས་དང་པོའི་བཞུགས་མོལ་ལྷན་ཚོགས་ཐོག མགོ་ལོག་རྨ་ཆེན་རྫོང་ནས་ཡིན་པའི་བོད་རིགས་གྲོས་ཚོགས་འཐུས་མི་གཞས་མ་རྒྱ་མོ་སྐྱིད་ལགས་ཀྱིས། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་བྱུང་རྗེས་བོད་གྲངས་ཉུང་མི་རིགས་ལ་ཡང་དག་མིན་པའི་ཕྱོགས་ལྷུང་གི་ལྟ་ཚུལ་ཞིག་བཟུང་ཡོད་པ་དང་། ཐེངས་ཤིག་མོ་རང་གིས་སྒྱུ་རྩལ་འཁྲབ་སྟོན་རུ་ཁག་ཅིག་འཁྲིད་དེ་པེ་ཅིང་དུ་ཕྱིན་སྐབས། གཞན་ཚང་མས་དཀའ་ངལ་མེད་པའི་ཐོག་ནས་མགྲོན་ཁང་ལ་ཐོ་འགོད་བྱས་ཡོད་ཀྱང་། མོ་རང་བོད་མི་ཞིག་ཡིན་པའི་རྐྱེན་གྱིས་ཐོ་འགོད་བྱེད་དུ་མ་བཅུག་པའི་དཀའ་ངལ་འཕྲད་ཡོད་པ་དང་། མི་རིགས་དབྱེ་འབྱེད་ཀྱི་བྱ་སྤྱོད་དེ་དག་གིས་རྒྱལ་ཁབ་ཀྱི་ཆིག་སྒྲིལ་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཆེན་པོ་བཟོ་ཡི་ཡོད་པས། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་བྱ་སྤྱོད་དེ་རིགས་ངེས་པར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༨/༡༣

Leave a Reply

2 thoughts on “ང་ཚོས་གྲངས་ཉུང་མི་རིཊ་ཀྱི་ལས་མི་བསྡུ་ཡི་ཡོད་ཀྱང་བོད་རིགས་མི་དགོས་ཟེར།

  1. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་ནག་གི་འཕྲུལ་རིག་བཟོ་ཚོང་ཕྱུག་བདག་ཚོའི་རང་ལོ་བཅོ་ལྔ་ནས་ལྔ་བཅུ་བར་
    ཟེར་དུས་ཕྲུ་གུ་རང་ལོ་བཅོ་བརྒྱད་མ་ལོན་སྔོན་ནས་ལོ་བཅོ་ལྔ་ལ་ལས་ཀ་གཡོག་
    བསྐུལ་བྱེད་པ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་གསལ་
    བསྒྲགས་གནང་བའི་འགྲོ་བ་མིའི་གཞི་རིམ་ཐོབ་ཐངས་དང་ཡོངས་སུ་འགལ་
    བར་ངོས་འཛིན་ཞུ་གི་ཡོད།

  2. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་ནག་གི་ཕྱུག་བདག་ཚོང་པ་ཚོའི་བོད་དང་སོག་པོ་ཡུ་གུར་བཅས་གྲངས་
    ཉུང་མི་རིགས་གསུམ་དེ་རྒྱ་ནག་གིས་མི་སེར་མ་ཡིན་པ་ཕྱི་མི་ལ་ངོས་འཛིན་
    ཞུས་པ་ནི་ལོ་རྒྱུུས་ཐོག་བོད་དང་སོག་པོ་ཡུ་གུར་བཅས་རྒྱ་ནག་དང་ཐ་དད་
    ཡིན་པ་གསལ་སྟོན་གནང་བ་འདི་དག་མ་འོངས་ལོ་རྒྱུས་ནང་ལྷག་རྒྱུའི་བོད་
    རྒྱའི་དཀའ་སྙོགས་སེལ་རྒྱུའི་ཆབ་སྲིད་ཀྱིས་ལྡེ་མིག་ཞིག་ཡིན་པའི་ངོས་འཛིན་
    བྱས་ཆོག།