སེ་ར་ཐེག་ཆེན་གླིང་དུ་དུས་ཆེན་གསུམ་འཛོམས་སྲུང་གཙི་གནང་།

༧ས་སྐྱ་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་གཉན་འཕྲང་གི་དུས་འདིར་ང་ཚོ་ཚང་མ་འཆམ་མཐུན་དང་ནུས་པ་གཅིག་ལ་སྤུངས་ནས་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་ཁྱབ་སྤེལ་གཏོང་དགོས་སྐོར་གསུངས་སོང་།
དེ་རིང་ཕྱི་དྲོར་སེར་བྱེས་ཏྲེ་ཧོར་ཁམས་ཚན་གྱི་གཙུག་ལག་ཁང་དུ། ཏྲེ་ཧོར་ཁམས་ཚན་དང་ལྔ་རིག་རོལ་མཚོ་གླིང་སློབ་གྲྭ་གཉིས་ཀྱི་གོ་སྒྲིག་འོག འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་དགོངས་པ་རྫོགས་ནས་མི་ལོ་ ༦༠༠ འཁོར་བ་དང་། རྗེ་བྱམས་ཆོས་རྗེ་ཤཱཀྱ་ཡེ་ཤེས་དཔལ་བཟང་པོ་མཆོག་གིས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་ཕྱག་བཏབ་ནས་མི་ལོ་ ༦༠༠ འཁོར་བའི་བཀའ་དྲིན་རྗེས་དྲན་དང་། སེ་ར་ཐེག་ཆེན་གླིང་སྦག་ས་ཆོས་སྒར་ནས་རྒྱ་གར་ལྷོ་ཕྱོགས་སུ་གནས་སྤོས་གནང་སྟེ་མི་ལོ་ ༥༠ འཁོར་བའི་དུས་ཆེན་གསུམ་འཛོམས་ཀྱི་རྟེན་འབྲེལ་སྲུང་གཙིའི་ལེགས་བཤད་གསེར་ཕྲེང་གི་བགྲོ་གླེང་ཆེན་མོ་གནང་སོང་བ་དང་། བགྲོ་གླེང་གི་སྐུ་མགྲོན་གཙོ་བོ་འཁོན་རིགས་བསྟན་པའི་མངའ་བདག་དཔལ་ས་སྐྱ་གོང་མ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་། 
དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དང་།  ཞྭ་སེར་བསྟན་པའི་སྲོག་ཤིང་སྐྱབས་རྗེ་ཤར་རྩེ་ཆོས་རྗེ་རྗེ་བཙུན་བློ་བཟང་རྡོ་རྗེ་མཆོག་དང་། བྱང་རྩེ་ཆོས་རྗེ་རྗེ་བཙུན་སྒོ་སོག་རིན་པོ་ཆེ་མཆོག་བཅས་ཕེབས་འདུག་ལ། མཛད་སྒོའི་ཐོག་རྒྱལ་བའི་བཀའ་དྲིན་རྗེས་དྲན་ཆེད་རྩོམ་སྒྲིག་གནང་བའི་ཁམས་ཚན་གྱི་ལོ་རྒྱུས་གནད་བསྡུས་ཀྱི་ཆེད་དེབ་(སེར་བྱེས་ཏྲེ་ཧོར་ངོ་སྤྲོད་བཻཌྰུརྱ་དཀར་པོ)ཞེས་པ་དང་། ཁམས་ཚན་རིན་པོ་ཆེའི་ལོ་འཁོར་དུས་དེབ་རོལ་མཚོའི་རྦ་རླབས་འདོན་ཐེངས་བཅུ་གཉིས་པ་བཅས་དབུ་འབྱེད་དང་། དཔེ་ཁྲིད་དགེ་རྒན་རྒན་པ་བཞི་དང་དཔེ་ཁྲིད་དགེ་རྒན་དྲུག་ལ་བཀའ་དྲིན་རྗེས་དྲན་གྱི་ཕྱག་ཁྱེར་གཟེངས་བསྟོད་འབུལ་བཞེས་གནང་སོང། དེའི་རྗེས་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ས་སྐྱ་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་གསུང་བཤད་གནང་གྲུབ་རྗེས་བགྲོ་གླེང་དངོས་སུ་དབུ་འཛུགས་གནང་སོང་།

རྒྱ་གར་ལྷོ་ཕྱོགས་ཀྱི་ས་སྐྱའི་དགོན་ཁག་གསུམ་གྱི་གོ་སྒྲིག་འོག ད་ལན་༧ས་སྐྱ་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀྱི་དགོན་སྡེ་ཁག་ཅིག་དང་སྦེལ་ཀོབ་གཞིས་ཆགས་སོགས་ཀྱི་ནང་ཉིན་གྲངས་ ༡༠ མ་ཟིན་ཙམ་རིང་མཛད་འཕྲིན་བསྐྱངས་ཡོད་པ་ལྟར། དེ་རིང་སྔ་དྲོར་རིན་པོ་ཆེ་མཆོག་ནས་འབྲི་གུང་བཀའ་བརྒྱུད་དང་ཀརྨ་བཀའ་བརྒྱུད། གདན་ས་བཀྲ་ཤིས་ལྷུན་པོ་བཅས་ཀྱི་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་ཡོད་པ་དང་། བཀྲ་ཤིས་ལྷན་པོ་དགོན་དུ་ཆོས་བརྒྱུད་ནང་ཕན་ཚུན་མཐུན་སྒྲིལ་དང་འཆམ་མཐུན་ཡོང་དགོས་པའི་སྐོར་ལ་བཀའ་སློབ་གནང་སྐབས།  ཆོས་ལུགས་དང་ཆོས་བརྒྱུད་ཕན་ཚུན་བར་འཆམ་མཐུན་བྱུང་བ་ཡིན་ན་དེའི་ཐོག་ནས་ང་ཚོའི་སྤྱི་ཚོགས་ནང་ཞི་བདེ་ཁྱད་པར་ཅན་བསྐྲུན་ཐུབ་པ་ཙམ་དུ་མ་ཟད། ཆོས་ཕྱོགས་ཀྱི་ཆ་ནས་ཀྱང་ཆོས་གྲོགས་ཕན་ཚུན་མཐུན་པོ་དགོས་པ་གལ་ཆེན་པོ་ཡིན་པ་དང་། ང་ཚོ་ཚང་མས་ཉམས་སུ་ལེན་པའི་སྙིང་པོ་དེ་སེམས་ཅན་ཐམས་ཅད་ལ་ཉེ་རིང་ཆགས་སྡང་མེད་པར་འདྲ་མཉམ་གྱི་ཐོག་ནས་བྱམས་པ་དང་སྙིང་རྗེ་ཚད་མེད་པ་སེམས་ལ་སྐྱེས་པ་དང་། དེ་བཞིན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་བཅིངས་ནས་ཉམས་ལེན་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ཕན་ཚུན་གཅིག་གིས་གཅིག་ལ་མཐུན་སྒྲིལ་དང་། ཆོས་ལུགས་དང་མི་རིགས་གང་ཡིན་ཡང་ཕན་ཚུན་ཚང་མར་མཐུན་སྒྲིལ་དམ་ཟབ་དགོས་པ་དེ་ཞེ་དྲག་གལ་གནད་ཆེན་པོ་ཡིན་པས་། ད་ལྟའི་གནས་བབ་བཟང་པོ་དང་ཁོར་ཡུག་བཟང་པོ་ཞིག་ཡོད་པ་དེར་ང་རང་ཞེ་དྲག་དགའ་བ་དང་སྤྲོ་བ་ཆེན་པོ་ཡོད། ད་དུང་ཡིན་ནའང་ང་ཚོ་ཚང་མ་འཆམ་མཐུན་དང་གཙོ་བོ་ནུས་པ་གཅིག་ལ་སྤུངས་ནས་དུས་གཉན་འཕྲང་ཅན་དང་དུས་ཀྱི་སྙིགས་མ་ལྔ་བདོའི་སྐབས་སུ། ང་ཚོ་ཚང་མས་མཉམ་རུབ་ཀྱི་ཐོག་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུངས་པའི་ཟབ་པ་དང་དང་རྒྱ་ཆེ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་སྒོ་ཀུན་ནས་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་གྱི་ཐོག་ནས། མི་མང་ལ་གོ་རྟོགས་དང་ཁྱབ་སྤེལ་བྱེད་པ་སོགས་ཀྱི་མཚོན་པའི་ཆོས་ཕྱོགས་ཀྱི་བྱ་བ་མཐའ་དག་རླབས་ཆེན་པོ་ཞིག་གི་ཐོག་ནས་ཏན་ཏན་སྒྲུབ་ཐུབ་པའི་རེ་བ་དང་ཡིད་ཆེས། སྨོན་འདུན་ཞུ་ཡི་ཡོད། ཅེས་གསུངས་སོང་།རིན་པོ་ཆེ་མཆོག་ནས་ཁྲི་འཛིན་གྱི་མཛད་འགན་བཞེས་རྗེས་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་པ་ད་ལན་ཐེངས་དང་པོ་ཆགས་ཡོད་པ་དང་། དེ་རིང་ཉིན་གུང་འདི་གའི་གསར་འགོད་པས་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཏེ། རིན་པོ་ཆེ་མཆོག་ད་ལན་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་དགོས་དོན་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ང་ཚོ་མི་ཐོག་གསར་པ་ཞིག་གི་མིང་ཐོག་ནས་འགན་འཁུར་པ་ཡིན་དུས་ངས་བསམ་པར་ང་ཡར་མར་བཅར་པ་དེ་གལ་ཆེན་པོ་ཞིག་ལ་བརྩི་ཡི་ཡོད། གང་ཡིན་ཟེར་ན། ང་ཚོ་མི་ཐོག་གཞོན་པ་ཚོས་སེམས་ཤུགས་སྐྱེད་ནས་བྱ་བ་རྒྱ་ཆེན་པོ་ཞིག་སྒྲུབ་པའི་དམིགས་ཡུལ་འཛིན་དགོས་ཀྱི་ཡོད་སྐོར་གསུངས་བྱུང་།

གསར་འགོད་པས་གཞིས་བྱེས་བོད་མི་རྣམས་ལ་ཐུགས་རེ་ཅི་ཡོད་བཀའ་འདྲི་ཞུས་པར་རིན་པོ་ཆེ་མཆོག་གིས། གཙོ་བོ་ང་ཚོ་ཚང་མས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་ཡ་རབས་སྤྱོད་བཟང་གི་གོམས་གཤིས་དེ་མི་ཉམས་རྒྱུན་འཛིན་ཡོང་བ་དང་། ང་ཚོ་ཚང་མས་དགེ་སྒྲུབ་སྡིག་སྤོངས་མུ་མཐུད་གང་ཐུབ་གནང་བར་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན། ཅེས་གསུངས་བྱུང་།

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༩/༠༨/༡༤

Leave a Reply