ཡུ་གུར་བུད་མེད་ཅིག་ཕོ་བྲང་དཀར་པོའི་རྒྱ་ནག་སྲིད་བྱུས་ཀྱི་འགན་འཛིན་དུ་བསྐོས།

ཨེལ་ནེ་གྷར་ཨེལ་ཊི་བྷིར་ཞེས་པའི་ཡུ་གུར་གྱི་བུད་མེད་ཅིག་ཨ་རིའི་བདེ་སྲུང་ལྷན་ཁང་གི་རྒྱ་ནག་སྲིད་བྱུས་སྡེ་ཚན་གྱི་འགན་འཛིན་དུ་བསྐོས་ཡོད་པས་ཊོམ་ཕུ་གཞུང་ནས་རྒྱ་ནག་ལ་བཟུང་བའི་མཁྲེགས་པོའི་རྣམ་འགྱུར་ཞིག་མཚོན་ཡོད་སྐོར་བརྗོད་ཀྱི་འདུགཁ་སང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཡུ་གུར་མི་རིགས་ཡིན་པའི་ཨ་རི་བ་ཨེལ་ནེ་གྷར་ཨེལ་ཊི་བྷིར(Elnigar Iltebir)ཞེས་པའི་བུད་མེད་ཅིག ཨ་རིའི་བདེ་སྲུང་ལྷན་ཁང་གི་རྒྱ་ནག་སྲིད་བྱུས་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་གནང་ཡོད་པ་དང་། རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས་གནད་དོན་དེ་ནི་ཨ་རིའི་སྲིད་འཛིན་ཊོམ་ཕུ་གཞུང་གིས་ཕོ་བྲང་དཀར་པོས་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་ཐུགས་སྣང་ཆེ་རུ་གཏོང་བའི་རྣམ་པ་ཞིག་མཚོན་གྱི་ཡོད་ཀྱང་། གནད་དོན་དེས་ཨ་རྒྱའི་འབྲེལ་ལམ་ཐད་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

ཨ་རིའི་གཞུང་ངོས་ནས་གནས་ཚུལ་དེའི་ཐད་གསལ་བསྒྲགས་སོགས་གང་ཡང་སྤེལ་མེད་ནའང་། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་དུས་དེབ་ཀྱིས། ཨ་རིའི་ཧ་ཝར་ཊི་གཙུག་ལག་སློབ་གཉེར་ཁང་ནས་ཐོན་ཞིང་། དུས་ཡུན་རིང་བོར་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་མཁན་གསར་འགོད་པ་ཞིག་གི་བུ་མོ་ཨེལ་ནེ་གྷར་ཨེལ་ཊི་བྷིར་ལགས། ཨ་རིའི་བདེ་སྲུང་ལྷན་ཁང་གི་རྒྱ་ནག་སྲིད་བྱུས་སྡེ་ཚན་གྱི་འགན་འཛིན་དུ་བསྐོས་ཡོད་སྐོར་གྱི་གནས་ཚུལ་སྤེལ་འདུག་ལ། མ་འོངས་པར་མོའི་ལས་འགན་ནི་ཨ་རིའི་སྲིད་འཛིན་དང་ཕོ་བྲང་དཀར་པོའི་མཐོ་རིམ་ལས་བྱེད་ཚོར་ཨ་རིའི་རྒྱ་ནག་ཕྱོགས་ལ་སྲིད་བྱུས་འཛིན་ཕྱོགས་སློབ་སྟོན་དང་། ཨ་རིའི་ལྷན་ཁང་ཁག་དང་སྐུ་ཚབ་དོན་གཅོད་ཁང་དག་ལ་སྲིད་བྱུས་ལག་བསྟར་ཐད་འབྲེལ་མཐུད་སོགས་ཀྱི་ལས་དོན་གནང་དགོས་ཀྱི་ཡོད་འདུག

ཡང་ཨོ་སི་ཊོ་ལི་ཡའི་སིད་ནི་གཙུག་ལག་སློབ་གཉེར་ཁང་གི་ཨ་རི་ཞིབ་འཇུག་སྡེ་ཚན་གྱི་སློབ་སྟོན་པ་རྒན་པ་རྗེར་དྷི་མོན་ཆན(Jared Mondschein)ལགས་ཀྱིས། དེ་སྔོན་གྱི་རྒྱ་ནག་སློབ་སྟོན་པ་ཚོས་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཐད་འགན་ཆེན་པོ་བླངས་ཡོད་པ་དང་། ཁོ་ཚོས་ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྐུ་ཚབ་བཅས་ལ་ཐུག་འཕྲད་བྱེད་དགོས་པ་དང་། ཐེངས་འདིར་ཨེལ་ནེ་གྷར་ཨེལ་ཊི་བྷིར་འགན་འཛིན་དུ་བསྐོས་པ་དེ་དོན་གནད་གལ་ཆེན་ཞིག་ཡིན་པ་དང་། དམིགས་བསལ་ད་ལྟའི་འཛིན་སྐྱོང་དེ་ལ་གལ་ཆེན་པོ་དང་རྒྱ་ནག་གཞུང་དེ་ཨ་རིའི་དམིགས་གཏད་གཙོ་བོ་ཞིག་ཡིན་པ་བསྟན་ཡོད་སྐོར་སོགས་བརྗོད་འདུག

ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་སེན་སི་ཊར་སི་(Sean Starrs)ཞེས་པ་ཞིག་གིས། ལྕམ་ཨེལ་ནེ་གྷར་ཨེལ་ཊི་བྷིར་ལགས་ཨ་རིའི་བདེ་སྲུང་ལྷན་ཁང་གི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་བྱས་པ་ནི་ཨ་རིའི་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་གཏོང་བ་ཞིག་དང་། ཨ་རིའི་རྒྱ་ནག་ཕྱོགས་ལ་འཛིན་བཞིན་པའི་སྲིད་བྱུས་ལ་འགྱུར་བ་འགྲོ་བཞིན་པའི་རྟགས་མཚན་ཞིག་ཡིན་པ་དང་། ཊོམ་ཕུ་མཆོག་ནས་ཨ་རིའི་སྲིད་འཛིན་སྔོན་མ་རྣམས་ནི་རྒྱ་ནག་ལ་བསྟུན་མཁས་བྱེད་མཁན་རྐྱང་རྐྱང་ཡིན་སྐོར་གསུངས་ཡོད་པ་ལྟར། བྱེད་སྟངས་འདི་ནི་ཊོམ་ཕུ་འཛིན་སྐྱོང་གིས་རྒྱ་ནག་ཕྱོགས་ལ་ལངས་ཕྱོགས་མཁྲེགས་པོ་དང་རྒོལ་བ་རྩོམ་སྟངས་ཤིག་ཡིན་སྐོར་བརྗོད་འདུག

ཨ་རིའི་གཞུང་ནས་རྒྱ་ནག་གི་བཀག་སྐྱིལ་འོག་ཡོད་པའི་ཡུ་གུར་བ་ཚོའི་ཆེད་རྒྱ་ནག་ལ་གནོན་ཤུགས་རིམ་པར་སྤྲད་ཡོད་པ་མ་ཟད། ཨ་རིའི་སྲིན་འཛིན་གཞོན་པ་མེག་པིན་སི་ལགས་ཀྱིས་རྒྱའི་བཙན་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་ཁག་གི་ཆོས་དད་རང་དབང་དང་། ལྷག་པར་དུ་བཀག་སྐྱིལ་འོག་ཡོད་པའི་ཡུ་གུར་བ་ཚོ་ཀློད་གྲོལ་ཡོང་ཆེད་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཐེངས་འགར་གནང་ཡོད་པ་དང་། ཟླ་སྔོན་མའི་ནང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚོགས་ཆེན་དང་བསྟུན་སྲིད་འཛིན་ཊོམ་ཕུ་མཆོག་ནས་བོད་དང་ཡུ་གུར་བ་གཙོའི་ཆོས་དད་རང་དབང་ཐད་སྡུག་སྦྱོང་མྱོང་མཁན་ཚོར་དངོས་སུ་ཐུག་འཕྲད་གནང་སྟེ། ཁོང་ཚོའི་དཀའ་སྡུག་ལ་གསན་བཞེས་གནང་ཡོད་པ་རེད།

རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས་ཨ་རྒྱའི་ཚོང་ཚོང་དམག་འགྲོ་བཞིན་པ་དང་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར། ཨ་རིའི་གཞུང་གིས་ཡུ་གུར་བ་ཞིག་རྒྱ་ནག་སྲིད་བྱུས་སྡེ་ཚན་གྱི་འགན་འཛིན་དུ་བསྐོས་པ་ནི་ཨ་རིའི་ཕྱོགས་ནས་རྒྱ་ནག་མཉམ་དུ་ཚོང་དམག་མཚམས་འཇོག་དང་། ཨ་རྒྱའི་འབྲེལ་ལམ་བཟང་ཕྱོགས་སུ་ཁ་བསྒྱུར་བར་ཤུགས་སྣོན་རྒྱག་འདོད་མེད་པའི་རྣམ་འགྱུར་ཞིག་ཡིན་པ་མ་ཟད། ཨ་རིས་རྒྱ་ནག་གཞུང་ནས་ཡུ་གུར་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་དང་། ཡུ་གུར་བ་ས་ཡ་གཅིག་ཙམ་བཀག་སྐྱིལ་ཁང་དུ་བཅུག་ཡོད་པའི་གནད་དོན་ལ་གནོན་ཤུགས་དང་ཁ་གཏད་གཅོག་ཐབས་ཤིག་ཡིན་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༨/༡༧

Leave a Reply

One thought on “ཡུ་གུར་བུད་མེད་ཅིག་ཕོ་བྲང་དཀར་པོའི་རྒྱ་ནག་སྲིད་བྱུས་ཀྱི་འགན་འཛིན་དུ་བསྐོས།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཨ་རི་རྒྱལ་ཁབ་དེ་མི་རིགས་འདྲ་མཉམ་དང་ཕོ་མོ་འདྲ་མཉམ་རིགས་རུས་འདྲ་མཉམ་
    གྱིས་ཁྲིམས་ཡིག་དང་སྲིད་ཇུས་ལ་འགན་སྲུང་བྱེད་མཁན་གྱིས་རྒྱལ་ཁབ་ཞིག་ལ་སོང་
    ཡ་གུར་མི་རིགས་ཨ་རིའི་མི་སེར་ཡིན་པའི་བུད་མེད་རྣམ་པ་ཡག་པོ་ཡོད་མཁན་ལོ་ཆུང་
    ཞིག་ཨ་རིའི་མཐོ་རིམ་ལས་བྱེད་དུ་བཞག་པ་ཙམ་གྱིས་ཨ་རྒྱའི་འབྲེལ་ལམ་ལ་འགྱུར་
    བ་འགྲོ་བའི་རེ་བ་འཆང་མཁན་ཡོད་ན་སྲིད་དོན་ཚན་རིག་ལ་རྒྱུས་མངའ་སྤུ་ཙམ་
    ཡང་མེད་པའི་བླུན་རྒན་ཡར་བལྟས་ཀྱིས་གནམ་ལས་མ་མཐོང་མར་བལྟས་ཀྱིས་
    ས་ལས་མ་མཐོང་བའི་ཆབ་སྲིད་མིང་གི་བླུན་རྒན་ལ་ངོས་འཛིན་བྱས་ཆོག།