རྒྱལ་ཚོགས་ཀྱིས་ཇཱ་མུ་ཀཱ་ཤི་མིར་གྱི་གནད་དོན་ཐོག་ནང་གྲོས་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉེ་སྔོན་རྒྱ་གར་གཞུང་གིས་ཇ་མུ་ཀཱ་ཤི་མིར་གྱི་དམིགས་བསལ་གནས་བབ་ཕྱིར་བསྡུ་དང་འབྲེལ་བའི་གནད་དོན་ཐོག་ནང་ཁུལ་གྲོས་བསྡུར་བྱས་ཏེ་བློ་འཚབ་དང་སྐྱོན་བརྗོད་བྱས་ཡོད་སྐོར་བརྗོད་འདུགཨལ་ཇེ་ཛི་ར་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཁ་སང་པཱ་ཀི་སི་ཐན་གྱི་རེ་སྐུལ་དང་རྒྱ་ནག་གི་རྒྱབ་སྐྱོར་འོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ནང་། རྒྱ་གར་དང་པཱ་ཀི་སི་ཐན་གྱི་འཐུས་མི་ཕུད་པའི་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མི་ལྔ་དང་། གཏན་འཇགས་མ་ཡིན་པའི་རྒྱལ་ཁབ་ ༡༠ ཡི་སྐུ་ཚབ་ལྷན་འཛོགས་ཀྱིས་སྐར་མ་ ༩༠ ཡི་རིང་། ཉེ་ཆར་རྒྱ་གར་གཞུང་གིས་ཇ་མུ་ཀཱ་ཤི་མིར་གྱི་དམིགས་བསལ་གནས་བབ་ཕྱིར་བསྡུ་དང་འབྲེལ་བའི་གནད་དོན་ཐོག་ནང་ཁུལ་གྱི་གྲོས་མོལ་ཞིག་གནང་རྗེས།རྒྱལ་ཚོགས་ཀྱིས་གཞུང་འབྲེལ་བསྒྲགས་གཏམ་སོགས་སྤེལ་མེད་ཀྱང་། པཱ་ཀི་སི་ཐན་དང་རྒྱ་ནག་གི་རྒྱལ་ཚོགས་སྐུ་ཚབ་གཉིས་ནས་རྒྱ་གར་གིས་ཀཱ་ཤི་མིར་ནང་དྲག་གནོན་བྱེད་བཞིན་པར་བློ་འཚབ་ཡོད་སྐོར་གྱི་སྐྱོན་བརྗོད་བྱས་ཡོད་འདུག

དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་ཁུལ་གྲོས་མོལ་གྲུབ་མཚམས་པཱ་ཀི་སི་ཐན་གྱི་རྒྱལ་ཚོགས་སྐུ་ཚབ་མཱ་ལི་ཧ་ལོ་དྷི་ (Maleeha Lodhi)ཡིས་གསར་འགོད་པར། འདས་པའི་ལོ་ངོ་ ༥༠ རིང་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ནང་ཀཱ་ཤི་མིར་གྱི་གནད་དོན་ཐད་ཚོགས་འདུ་ཐེངས་དང་པོ་ཚོགས་ཐུབ་པ་དེ། པཱ་ཀི་སི་ཐན་གྱིས་ཀཱ་ཤི་མིར་མི་མང་ལ་རྒྱབ་སྐྱོར་མཚོན་ཆེད་ཀྱི་གོམ་སྟབས་དང་པོ་དེ་ཡིན། ཞེས་དང་། ད་ཐེངས་ཀྱི་ཚོགས་འདུ་འདིས་ཀཱ་ཤི་མིར་གྱི་གནད་དོན་དེ་རྒྱ་གར་གྱི་ནང་སྲིད་ཙམ་ཞིག་མིན་པ་ར་སྤྲོད་བྱས་ཡོད་ལ། ད་ལྟ་བཙན་བཟུང་འོག་ཡོད་པའི་ཀཱ་ཤི་མིར་དང་དེའི་གནས་སྟངས་སྐོར་ལ་འཛམ་གླིང་ཡོངས་ནས་གྲོས་བསྡུར་བྱེད་བཞིན་ཡོད། ཅེས་དང་། གཅིག་བྱས་ན་ཇ་མུ་དང་ཀཱ་ཤི་མིར་གྱི་མི་མང་རྣམས་དམ་དྲག་འོག་ཏུ་གནས་ཡོད་པ་དང་། ཡང་ན་ཁོ་ཚོའི་འབོད་སྒྲ་དག་རང་ཁྱིམ་དང་རང་གི་ཕ་ས་ནས་ཀྱང་ཐོས་ཐུབ་ཀྱི་མེད་ཀྱང་། དེ་རིང་ཁོང་ཚོའི་འབོད་སྒྲ་རྣམས་རྒྱལ་ཚོགས་ནང་ཐོས་ཐུབ་ཡོད་ལ། པཱ་ཀི་སི་ཐན་ནམ་ཡང་ཁོང་ཚོའི་རྒྱབ་ལ་ལང་ངེས་ཡིན་པས། ཁོང་ཚོའི་འབོད་སྒྲ་ནམ་ཡང་ཐོས་ངེས་རེད། ཅེས་བརྗོད་འདུགརྒྱ་གར་གྱི་རྒྱལ་ཚོགས་སྐུ་ཚབ་སི་ཡ་ཌི་ཨག་བྷར་རུ་ཌིན་གྱིས་གསར་འགོད་པར། ཀཱ་ཤི་མིར་གྱི་གནད་དོན་དེ་རྒྱ་གར་གྱི་ནང་སྲིད་ཅིག་ཡིན་པ་དང་། ད་ལྟ་ཁུལ་དེར་དམ་དྲག་བཀག་སྡོམ་བྱེད་ཀྱི་ཡོད་པ་དེ་དག་རིམ་པས་ལྷོད་དེ་རྒྱུན་ལྡན་ལྟར་འགྲོ་ཡི་རེད། ཅེས་དང་། བློ་འཚབ་ཅན་གྱི་གནད་དོན་ངོ་མ་ནི་རྒྱལ་ཁབ་ཅིག་དང་དེའི་མགོ་འཁྲིད་ཚོས་རྒྱ་གར་ནང་ཇི་ཧཌ་ (Jihad) ཅེས་པ་ལོག་སྤྱོད་དང་འཚེ་བའི་བྱ་སྤྱོད་སྤེལ་གྱི་ཡོད་པ་དང་། མི་འགའ་ཤས་ཀྱིས་ཇི་ཧཌ་ཞེས་པའི་ཐ་སྙད་བསྒྲགས་ཏེ་འཇིགས་སྐུལ་དྲག་སྤྱོད་སློང་བཞིན་པ་དེར་ང་ཚོ་བློ་ཕམ་བྱུང་། ཞེས་བརྗོད་ཡོད་འདུག

ཐེངས་འདིའི་ཚོགས་འདུའི་ནང་ཞུགས་པའི་རྒྱལ་ཁབ་གཞན་གྱི་སྐུ་ཚབ་ཚོས་ནང་ཁུལ་གྱི་ཚོགས་འདུ་ཞིག་ཡིན་པར་བརྗོད་དེ་འགྲེལ་བརྗོད་རིགས་བྱས་མེད་ཀྱང་། རྒྱ་ནག་གི་རྒྱལ་ཚོགས་སྐུ་ཚབ་ཀྲང་ཅུན་ (Zhang Jun)གྱིས་གསར་འགོད་པར། རྒྱལ་ཚོགས་ཀྱི་བདེ་ལྷན་ཚོགས་མི་རྣམས་ལ་ཀཱ་ཤི་མིར་གྱི་གནད་དོན་ཐད་སེམས་འཚབ་ཆེན་པོ་ཡོད་པ་དང་། རྒྱ་གར་དང་པཱ་ཀི་སི་ཐན་གཉིས་ཀས་ཉེན་ཁ་དང་བློ་འཚབ་ཆེ་བའི་གནས་སྟངས་དེ་སྡུག་ཏུ་འགྲོ་རྒྱུའི་གནས་སུ་གྱར་རྒྱུ་མེད། ཅེས་བརྗོད་འདུག དེ་བཞིན་ཨུ་རུ་སུའི་སྐུ་ཚབ་ཌེ་མི་ཊི་རི་པོ་ལིན་སི་ཀི་ (Dmitry Polyanskiy)ཟེར་བ་དེས་ཀྱང་། ཨུ་རུ་སུས་ཀཱ་ཤི་མིར་གྱི་གནས་སྟངས་ལ་བློ་འཚབ་བྱེད་ཀྱི་ཡོད་ཀྱང་། དེ་ནི་རྒྱ་གར་དང་པཱ་ཀི་སི་ཐན་གཉིས་བར་ནས་ཐག་གཅོད་བྱེད་རྒྱུའི་དོན་དག་ཅིག་ཡིན་སྐོར་བརྗོད་འདུགརྒྱ་གར་གཞུང་གིས་ཟླ་འདིའི་ཕྱི་ཚེས་ ༤ ཉིན་ནས་བཟུང་ད་བར་ཀཱ་ཤི་མིར་ཁུལ་དུ་མི་མང་འདུ་འཛོམས་རང་དབང་ཕྱིར་བསྡུ་དང་། ཁ་པར་དང་དྲ་རྒྱའི་འབྲེལ་མཐུད་བཅད་པ། སློབ་གྲྭ་སོགས་སྒོ་བརྒྱབས་ཡོད་པ་མ་ཟད། དྲག་ཆས་དམག་མི་ཕོན་ཆེན་འགྲེམ་འཇོག་བྱས་ཡོད་པ་དང་། རྒྱལ་ཚོགས་ནས་ཀཱ་ཤི་མིར་གྱི་ད་ལྟའི་གནས་སྟངས་སྐོར་ནང་ཁུལ་ཚོགས་འདུ་བསྐོང་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་པ་དང་བསྟུན། ཁ་སང་རྒྱལ་སྤྱིའི་ཉེ་ཡངས་ཚོགས་པའི་ (Amnesty International) སྤྱི་ཁྱབ་དྲུང་ཆེ་ཀུ་མི་ནའེ་དྷུ་ (Kumi Naidoo) ཡིས། ཆབ་སྲིད་ཀྱི་རྙོག་དྲའི་ནང་ཇ་མུ་ཀཱ་ཤི་མིར་གྱི་མི་མང་རྣམས་ལག་ཆར་བེད་སྤྱོད་བྱེད་རྒྱུ་མེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ནས་མཉམ་འབྲེལ་གྱི་ཐོག་ནས་ཁོང་ཚོའི་ཐོབ་ཐང་ལ་བརྩི་སྲུང་བྱ་རྒྱུར་སྐུལ་མ་བྱེད་དགོས། ཞེས་དང་། ང་ཚོས་རྒྱ་གར་གཞུང་ལ་བཙོན་འཇུག་བྱས་པའི་ཆབ་སྲིད་ཁ་གཏད་མི་སྣ་ཚུད་པའི་ཇ་མུ་ཀཱ་ཤི་མིར་ནང་གནས་སྡོད་མི་མང་ཐོག་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་དང་། དེ་བཞིན་ཁོང་ཚོའི་རང་དབང་གི་ཐོབ་ཐང་དང་འདུ་འཛོམས་ཀྱི་རང་དབང་རྣམས་གཞིར་བཞག་ཐོག་ཐག་གཅོད་གནང་དགོས་པའི་སྐུལ་འདེད་བསྐྱར་དུ་བྱེད་ཀྱི་ཡོད།  ཅེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་གར་གཞུང་གིས་ཇ་མུ་ཀཱ་ཤི་མིར་མངའ་སྡེར་དམིགས་བསལ་གནས་བབ་སྤྲད་པའི་རྩ་ཁྲིམས་དོན་ཚན་ ༣༧༠ ཕྱིར་བསྡུ་བྱས་པའི་སྲིད་འཛིན་གྱི་བཀའ་ཁྱབ་ཅིག་བསྒྲགས་ཡོད་པ་མ་ཟད། མངའ་སྡེ་དེ་དབུས་ཀྱི་སྟངས་འཛིན་ས་ཁུལ་གཉིས་སུ་ཆ་བགོས་བྱ་རྒྱུའི་ཁྲིམས་འཆར་བཏོན་པ་དང་། གྲོས་ཚོགས་ངོས་ནས་མང་མོས་ཀྱི་ཐོག་ནས་དེ་ལྟར་ཐག་གཅོད་བྱས་ཡོད་པར་བརྟེན། ད་བར་ཀཱ་ཤི་མིར་ཁུལ་དུ་གཞུང་གི་ཐག་གཅོད་དེའི་རྐྱེན་པས་ཟིང་འཁྲུག་དང་ངོ་རྒོལ་གྱི་ལས་འགུལ་མི་ཡོང་བའི་ཆེད་དུ། དྲ་རྒྱ་དང་མི་མང་འདུ་འཛོམས་བཀག་སྡོམ་བྱེད་ཀྱི་ཡོད་པ་སོགས་དམ་དྲག་ཤུགས་ཆེན་བྱེད་མུས་ཡིན་པ་དང་། གསར་ལམ་ཁག་གི་གནས་ཚུལ་ལྟར་ན། རྒྱ་གར་དང་པཱ་ཀི་སི་ཐན་གྱི་དམག་མཚམས་ (Line of Control) ཁུལ་དུ་ཕན་ཚུན་བར་མེ་མདའ་གཞུས་རེས་བྱུང་སྟེ། ཕྱོགས་གཉིས་ཀའི་དམག་མི་རེ་ཟུང་ལ་ཤི་རྨས་ཐེབས་ཡོད་འདུག་པ་དང་། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྱི་རྒྱ་གར་རང་བཙན་ཉིན་མོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་པཱ་ཀི་སི་ཐན་གྱི་མི་གྲངས་སྟོང་ཕྲག་འགའ་ཤས་ཀྱིས་རྒྱ་གར་གཞུང་གི་ཐག་གཅོད་ལ་ངོ་རྒོལ་གྱི་སྐད་འབོད་ལས་འགུལ་སྤེལ་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༨/༡༧

Leave a Reply

2 thoughts on “རྒྱལ་ཚོགས་ཀྱིས་ཇཱ་མུ་ཀཱ་ཤི་མིར་གྱི་གནད་དོན་ཐོག་ནང་གྲོས་བྱས།

  1. རྒྱ་གར་ས་ཁུངས་གཏོགས་པའི་་ཀཱ་ཤི་ལིར་གནད་དོན་ཐོག་བོད་པ་ཚོས་ཁ་བདག་པོ་རྒྱབ་ན་བཟང་གི་རེད། ཉེ་དུས་ཡང་རྒྱ་གར་ཉེན་རྟོགས་པར་འཇིགས་སྐུལ་བས་འབར་རྫས་དབྱུག་སྐབས་རྡ་སའི་བོད་མི་གླད་སྟོང་བ་འགས་རྒྱ་གར་ཡུལ་མིའི་ངོ་རྒོལ་ནང་མཉམ་ཞུགས་བྱས་པ་དེ་ཚོས་༧གོང་ས་མཆོག་གི་བཞུགས་གནས་སུ་འཇིགས་སྐུལ་བར་ང་ཚོ་འདིར་བདེ་འཇགས་མི་དགོས་གཏོར་བརླགས་བྱེད་ཀར་ཤོགས་ཅེས་མགྲོན་འབོད་ལྟ་བུ་ཡོང་སྲིད་པས་དང་བོ་སོ་སོ་གནས་སྡོད་བྱེད་སའི་བོད་པའི་སྤྱི་ཚོགས་ལ་ཕན་གནོད་ཅི་འབྱུང་ཐུགས་བསམ་ནས་ཁ་གདེང་དེ་སྐད་ཆ་བཤད་རོགས་གནང་།

  2. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་གར་དང་པ་ཀི་སི་ཏན་ས་འབྲེལ་ཅན་གྱིས་ཁྱིམ་ཚེས་རྒྱལ་ཁབ་གཉིས་བར་ཞི་བདེ་དང་ལྷིངས་
    འཇག་དགོས་པ་དེ་འཛམ་གླིང་ཞི་བདེ་དང་འབྲེལ་བ་གཏིང་ཟབ་ཡོད་པ་ནས་ནང་པ་སངས་རྒྱས་
    པའི་ཆོས་ཐེག་པོ་ཆེན་པོ་རྒྱུད་ལ་ཡོད་པའི་ནང་པ་ཞིག་ཡིན་པ་དང་ལྷག་པར་དུ་གནས་ཡུལ་རྒྱབ་
    འདིར་དཀའ་སྡུག་ག་འདྲ་ཞིག་བྱུང་ཀྱང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དེ་ང་ཚོ་བོད་མི་ཚང་མས་
    ལས་ཞིག་ཡིན་པའི་ངོས་འཛིན་དང་བཅས་གོ་མཚོན་ནུས་ལྡན་ཡོད་པའི་ཁྱིམ་ཚེས་རྒྱལ་ཁབ་གཉིས་
    མན་ཡང་གདོང་ཐུག་མ་ཡོང་བའི་སྨོན་ལམ་ཞུ་གི་ཡོད།