བཙན་བྱོལ་གྱི་བོད་མི་མང་པོར་ལས་ཀ་དང་སྡོད་གནས་ཡོད་ཀྱང་། ང་ཚོའི་མིག་མདུན་གྱི་གདོང་ལེན་གཙོ་བོ་བོད་མིའི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་དེ་རེད།

དེང་སང་མི་རྣམས་ཀྱིས་འཛམ་གླིང་གཉིས་ཀྱི་ནང་འཚོ་བ་སྐྱེལ་དགོས་པ་ལྟར་མི་ཚེ་མང་ཤོས་སྤྱི་ཚོགས་དྲ་ལམ་ནས་སྐྱེལ་བཞིན་ཡོད་པ་དེ་དག་བོད་ཀྱི་གནད་དོན་ཐད་བེད་སྤྱོད་གཏོང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པ་དང་འབྱུང་འགྱུར་བོད་ཀྱི་མདུན་ལམ་ཞེས་པའི་ཚོགས་ཆེན་གྱི་ཉིན་གཉིས་པའི་ཐོག གཏམ་བཤད་པ་གཙོ་བོ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་དང་། ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་ཟུར་པ་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས། དེ་བཞིན་གཏམ་བཤད་པ་གཞན་རྣམས་བཅས་བོད་རྒྱ་འབྲེལ་མོལ་དང་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་ཉར་ཐབས། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ། དེ་བཞིན་རྒྱལ་སྤྱིའི་ཐོག་བོད་དོན་ཁྱབ་སྤེལ་དང་། རྒྱལ་སྤྱིའི་འབྲེལ་ལམ་དང་ཞུ་གཏུག་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་གཏམ་བཤད་དང་། ཚོགས་བཅར་བ་དང་མཉམ་དུ་དྲི་བ་དྲིས་ལན་གནང་སོང་།

དྲུང་ཆེ་ཚེ་རྒྱམ་ལགས་ཀྱིས་བོད་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབར་འབྲེལ་ལམ་སྲ་བརྟན་དང་དོན་ཕན་ལྡན་པའི་གྲོས་མོལ་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་སྟེང་གཏམ་བཤད་གནང་སྐབས། དེ་རིང་འདིར་འཛོམས་པའི་ང་ཚོ་ཚང་མ་སྐྱབས་བཅོལ་བ་དང་ཡུལ་གྱལ་བ་སོགས་ག་རེ་ཡིན་ན་ཡང་ང་ཚོ་རང་ཉིད་ཀྱི་རྒྱལ་ཁབ་ཡོད་པའི་མི་རབས་ཤིག་མིན་ན་ཡང་། ང་ཚོར་བླ་ན་མེད་པའི་དབུ་འཁྲིད་ཅིག་དང་བཙན་བྱོལ་གྱི་སྒྲིག་འཛུགས་ཤིག་ཡོད་པའི་དགེ་མཚན་ལ་བརྟེན་ནས་མ་འོངས་པའི་ང་ཚོའི་མདུན་ལམ་དང་དཀའ་རྙོག་སེལ་ཐབས་ཐད་མཉམ་དུ་འཛོམས་ནས་བཀའ་མོལ་བྱེད་བཞིན་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཟེར་བ་ཞིག་མེད་པ་དང་དེ་ནི་ཕྱི་ལོ་ ༡༩༥༠ སྔོན་ནུབ་ཕྱོགས་པའི་བཙན་རྒྱལ་རིང་ལུགས་ཀྱི་རྒྱལ་ཁབ་ཁག་གིས་བཟོས་བཞག་པ་ལས། རྒྱ་ནག་གིས་བོད་ལ་བཅིངས་གྲོལ་བཏང་བ་ནས་བོད་ཀྱི་གནད་དོན་ཟེར་བ་གཙང་སེལ་བཟོས་ཡོད་སྐོར་བརྗོད་བཞིན་ཡོད་ན་ཡང་། རྒྱ་ནག་གིས་གཞུང་འབྲེལ་གྱི་གནད་འགག་ཆེ་བའི་གཏམ་བཤད་དང་གསར་འགོད་ལྷན་ཚོགས་སོགས་ཀྱི་སྐབས་ལ་བོད་ཀྱི་གནད་དོན་ཡོད་པ་མ་ཟད། བོད་ཀྱི་གནད་དོན་དེ་རྒྱ་ནག་གི་རྩ་བའི་ཁེ་ཕན་ཡིན་ཟེར་བཞིན་ཡོད་པ་རེད། འོན་ཀྱང་། ཕྱི་ལོ་ ༡༩༨༠ ནང་བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་ཐེངས་མང་ལ་ཚོགས་ཡོད་པ་དང་། རྒྱ་ནག་ནང་དུ་གྲངས་ཉུང་མི་རིགས་ ༥༥ ཡོད་པ་སུ་གང་གི་ཆེད་དུ་ཚོགས་འདུ་དེ་འདྲ་ཚོགས་མེད་སྟབས། རྒྱ་ནག་ལ་མཚོན་ན་བོད་ཀྱི་གནད་དོན་དེ་གནད་དོན་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་སྐོར་གསུངས་སོང་།ཡང་བོད་རྒྱ་འབྲེལ་མོལ་ཐད་ནས་རྒྱ་གཞུང་མཉམ་དུ་འབྲེལ་མོལ་བྱེད་ཐབས་དང་རྒྱ་ནག་མི་མང་མཉམ་དུ་འབྲེལ་མོལ་བྱེད་ཐབས་གཉིས་ཡོད་པའི་སྐོར་ལ་ཁོང་གིས། ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་ནང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ངོས་རང་རྒྱ་ནག་གཞུང་ལ་ཡིད་ཆེས་ཆུང་དུ་འགྲོ་བཞིན་ཡོད་ན་ཡང་། རྒྱ་ནག་མི་མང་མཉམ་དུ་ཡིད་ཆེས་ནམ་ཡང་བརླག་གི་མེད་ཅེས་གསུངས་ཡོད་པ་དང་། གསུངས་དེ་ལས་གསལ་བོ་ཞིག་ག་རེ་མཐོང་ཐུབ་པ་རེད་ཟེར་ན། ང་ཚོས་འབྲེལ་མོལ་བྱེད་ས་དེ་རྒྱ་ནག་གཞུང་མཉམ་དུ་གཅིག་དང་། རྒྱ་ནག་མི་མང་མཉམ་དུ་འབྲེལ་མོལ་བྱེད་ཐབས་གཉིས་ཡོད་པ་གསལ་བོ་ཡིན་པ་དང་། རྒྱ་ནག་གཞུང་མཉམ་དུ་འབྲེལ་མོལ་བྱེད་པར་ང་ཚོ་གཞན་དབང་སྟབས་བསྟུན་ཡིན་པ་དང་རྒྱ་ནག་གཞུང་ལ་འདོད་པ་མེད་ན་གཞུང་མཉམ་དུ་སྐད་ཆ་བཤད་མི་ཐུབ་པ་རེད། རྒྱ་ནག་མི་མང་མཉམ་དུ་སྐད་ཆ་བཤད་པར་ང་ཚོར་གོ་སྐབས་མང་པོ་ཡོད་སྐོར་དང་། བོད་པའི་སྐུ་ཚབ་ཚོགས་པ་ཐེངས་ ༡༠ ལ་རྒྱ་ནག་ཏུ་ཕྱིན་ཡོད་ན་ཡང་གྲུབ་འབྲས་མ་ཐོན་པ་དང་། གྲུབ་འབྲས་མ་ཐོན་པ་དེ་རྒྱ་ནག་གི་ཀླད་པ་མཁྲེགས་འཛིན་ཅན་ཚོས་བོད་དོན་སེལ་འདོད་མེད་པས་ཡིན་པ་དང་། གཉིས་ནས་༧རྒྱལ་བ་རིན་པོ་ཆེས་རང་བཙན་རྩོད་ཀྱི་མེད་ཅེས་གསུང་གི་ཡོད་ནའང་། རྒྱ་ནག་ནང་གི་ཁེ་ཕན་ཚོགས་པ་དེ་དག་གིས་༧རྒྱལ་བ་རིན་པོ་ཆེ་ཁ་བྲལ་བ་དང་རང་བཙན་རྩོད་མཁན་རེད་ཅེས་བོད་ནང་གི་བོད་མི་ཚོར་རྡུང་རྡེག་དང་དྲག་གནོན་བྱེད་ཀྱི་ཡོད་པ་རེད། བོད་ནང་ལ་རྡུང་རྡེག་དྲག་གནོན་བྱེད་རྒྱུར་འགྲོ་སོང་ཕོན་ཆེན་གཏོང་གི་ཡོད་པ་དང་། འགྲོ་སོང་དེ་དག་བེད་སྤྱོད་གཏོང་མཁན་ཚོའི་མིང་ལ་ཁེ་ཕན་ཚོགས་པ་ཟེར་བཞིན་ཡོད་ལ། དེར་མི་གྲངས་ས་ཡ་ ༢ ཡོད་པ་རེད་ཅེས་བཤད་བཞིན་ཡོད་པ་རེད། བོད་ཀྱི་གནད་དོན་སེལ་མ་ཐུབ་པའི་རྒྱུ་རྐྱེན་གཅིག་ནི་ང་རང་ཚོར་ཐུག་ཡོད་པས་དེ་དག་ཐད་བསམ་བློ་གཏོང་དགོས་པ་རེད། ད་ལྟ་བར་དུ་སྐུ་ཚབ་ཚོགས་པ་ཐེངས་ ༡༠ ལ་ཕྱིན་ནས་འབྲེལ་མོལ་ཡར་རྒྱས་གཏོང་མ་ཐུབ་པ་དེ་ང་ཚོའི་ངོས་ནས་དམ་བཅའ་གཉིས་བརྟན་པོ་བཟུང་ཡོད་པ་དང་། རྒྱ་ནག་གཞུང་གིས་ངེས་པར་དུ་བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་ལེན་དགོས་པར་བརྗོད་ཡོད་ན་ཡང་། ང་ཚོས་ལོ་རྒྱུས་སྟེང་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་ལེན་ནམ་ཡང་བྱས་མེད་པ་རེད་ལ། དེ་ང་ཚོའི་འདོར་དུ་མེད་པའི་དམ་བཅའ་གཅིག་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལོ་རྒྱུས་ལ་ངོས་ཀྱིས་བཟོ་བཅོས་རྒྱག་ཐུབ་པ་མ་རེད་ལ། དེས་ཕན་ཐོགས་གང་ཡང་མེད་པ་རེད་ཅེས་གསུང་བཞིན་ཡོད་པ་རེད། གཉིས་པ་དེ་བོད་ཆོལ་ཁ་གསུམ་དང་། ཡང་ན་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་གཅིག་གྱུར་དགོས་ཡོད་ཅེས་པའི་དམ་བཅའ་དེ་གཉིས་པ་ཡིན་པ་དང་། གནད་དོན་དེའི་ཐད་རྒྱ་ནག་གཞུང་གིས་ཁྱེད་རང་ཚོས་བོད་ཆེན་པོ་བཤད་ཡོང་གི་འདུག་ཅེས་ཁས་ལེན་བྱས་མེད་སྐོར་གསུངས་སོང་།

མཇུག་ཏུ་ཁོང་གིས་ང་ཚོས་རྒྱ་ནག་གི་གནས་སྟངས་གསལ་པོ་ཤེས་དགོས་པ་དང་མཉམ་དུ། ང་རང་ཚོའི་གནས་སྟངས་ཤེས་དགོས་པ། གཉིས་པ་ང་ཚོའི་བོད་མིའི་འཐབ་རྩོད་ཀྱི་ནུས་པ་མ་ཉམས་པ་དང་། ད་ལྟ་ཡོད་པའི་སྟོབས་ཤུགས་ཡར་རྒྱས་དགོས་པ། ནུས་པ་མཉམ་སྤུངས་དང་ཆིག་སྒྲིལ་ནུས་པ་མ་ཉམས་པ་བྱེད་དགོས་པ། གསུམ་པ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་དགོས་པ། བཞི་པ་རྒྱ་ནག་གཞུང་ལ་བོད་ཀྱི་དཀའ་ངལ་སེལ་དགོས་པ་ཛ་དྲག་ཡིན་པ་ཤེས་སུ་འཇུག་དགོས་པ། ལྔ་པ་རྒྱ་ནག་མི་མང་དང་འབྲེལ་བ་ཉར་དགོས་པ་བཅས་ཡིན་སྐོར་གསུངས་སོང་།འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ནས་རྒྱལ་སྤྱིའི་འབྲེལ་ལམ་དང་ཞུ་གཏུག་ཐོག་གཏམ་བཤད་གནང་སྐབས་ཁོང་གིས། ལོ་རྒྱུས་ཐོག་ནས་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་གསལ་བོ་ཡིན་པས། ང་ཚོས་རང་བཙན་རྩོད་ཀྱི་ཡོད་མེད་གང་ལྟར་ཀྱང་སྤོབས་པ་དང་སྙིང་སྟོབས་བྱ་ཡུལ་ཞིག་ཡིན་སྐོར་དང་། དེ་བཞིན་ང་ཚོའི་ལས་འགན་གཙོ་བོ་དེ་སོ་སོའི་མི་རིགས་ཀྱི་ངོ་བོ་དང་སྐད་ཡིག་རིག་གཞུང་སོགས་སྲུང་སྐྱོབ་དང་། རྩ་བརླག་མ་སོང་བའི་ཐོག་ནས་བོད་ཀྱི་བདེན་དོན་འཐབ་རྩོད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ད་ལྟ་ང་ཚོའི་ལས་འགན་གཙོ་བོ་དེ་བོད་སྐད་ཡིག་གཙོའི་བོད་ཀྱི་ནང་བསྟན་ཆོས་ལུགས་ལ་སྲུང་སྐྱོབ་བྱ་རྒྱུ་གནད་འགག་གཙོ་བོ་རེད། གཞན་རྒྱལ་སྤྱིའི་འབྲེལ་ལམ་དང་གོ་ལ་གཅིག་གྱུར་ཟེར་དུས་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ད་ལྟའི་ཆར་འཛམ་གླིང་གཅིག་གྱུར་ཟེར་དུས་འཛམ་གླིང་གང་དུ་གནད་དོན་ཞིག་བྱུང་བ་ཡིན་ནའང་ཚང་མས་བསམ་ཚུལ་ཞིག་མ་བཤད་ཐབས་མེད་ཆགས་བཞིན་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འཛམ་གླིང་ཁོར་ཡུག་གནད་དོན་སོགས་བཤད་དུས། བོད་དེ་རྒྱལ་སྤྱིའི་ཐོག་ནས་གླེང་སློང་དགོས་པའི་གནད་དོན་གལ་ཆེན་ཞིག་ཆགས་ཡོད་པ་རེད། དེ་བཞིན་ང་ཚོའི་ངོས་ནས་འཚེ་མེད་ཞི་བ་དང་དབུ་མའི་ལམ་ཐོག་ནས་བོད་དོན་བདེན་མཐའ་གསལ་རྒྱུ་ཡིན་ཟེར་བ་ལྟར། འབྲེལ་ལམ་ཟེར་དུས་ངེས་པར་དུ་གཞུང་ཞིག་ལ་ཞུ་གཏུག་མི་དགོས་པར་མི་མང་དང་མི་མང་མཉམ་དུ་དང་། དེ་བཞིན་ཤེས་ཡོན་པ་དང་ཤེས་ཡོན་པའི་བར་ལ་འབྲེལ་མོལ་དང་ཞུ་གཏུག་བྱེད་ཐབས་ཡོད་སྐོར་དང་། ཞུ་གཏུག་ལས་འགུལ་ཁྲོད་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་གིས་ཀྱང་ཞུས་ཆོག་པ་དང་། དེང་སང་འཛམ་གླིང་གཉིས་ཀྱི་ནང་འཚོ་བ་སྐྱེལ་དགོས་པ་དང། མི་ཚེ་མང་ཤོས་སྤྱི་ཚོགས་དྲ་ལམ་ནས་སྐྱེལ་བཞིན་ཡོད་སྟབས། དེ་དག་བོད་ཀྱི་གནད་དོན་ཐད་བེད་སྤྱོད་གཏོང་རྒྱུ་གལ་ཆེན་པོ་རེད། གཞན་བོད་དོན་བདེན་མཐའ་གསལ་ཐབས་ཐད་ལྟ་སྟངས་ལ་ཕྱོགས་ཡོངས་ནས་ལྟ་ཐུབ་པ་དགོས་པ་དང་། རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་ལྟ་བ་དང་། ལྟ་བ་དང་བསམ་བློ་མི་འདྲ་བའི་ངོས་ནས་ལྟ་བ། རིག་གནས་སྣ་མང་རང་བཞིན་གྱི་ངོས་ནས་ལྟ་དགོས་པ་སོགས་རྒྱ་ཆེ་ས་ནས་ལྟ་དགོས་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།དེ་བཞིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་ཟུར་པ་བཀྲ་ཤིས་ལམ་བཟང་ལགས་ཀྱིས། བོད་མི་གཞོན་སྐྱེས་རྣམས་ལ་བོད་ཅེས་པའི་འཆར་སྣང་ཞིག་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་འཐབ་རྩོད་བྱེད་སྐབས་བོད་ཀྱི་ལོ་རྒྱུས་ལ་ཇི་ཙམ་གྱིས་རྒྱབ་འདེད་བྱེད་ཐུབ་ན་བཟང་བ་ཡོད་སྐོར་བརྗོད་དེ། སྔོན་གླེང་གི་ཚུལ་དུ་བོད་ཀྱི་བཙན་པོའི་དུས་སྐབས་ཀྱི་བོད་ཀྱི་ས་ཁྱོན་དང་། མི་འབོར། དམག་གི་སྟོབས་ཤུགས་སྐོར་ནས་གཏམ་བཤད་གནང་སོང་བ་དང་། དེ་ནས་ཁོང་གིས་བཙན་བྱོལ་བོད་མིའི་ནོར་འཁྲུལ་ཅན་གྱི་བསམ་བློ་གསུམ་བཏོན་ཏེ། བོད་མིའི་ཁྲོད་དུ་རྒྱ་ནག་དེ་ཆབ་སྲིད་དང་། དཔལ་འབྱོར། དམག་དོན་བཅས་ཀྱི་ཐོག་ནས་ཧ་ཅང་སྟོབས་ཆེན་ཡིན་པར་བརྟེན། བོད་དོན་ལ་རེ་བ་མེད་སྐོར་གྱི་བསམ་བློ་ཞིག་སྤྱི་ཚོགས་ནང་ནད་ཡམས་ལྟར་ཁྱབ་སྤེལ་བྱེད་བཞིན་པའི་རྐྱེན་གྱིས། རང་ཤུགས་ཀྱིས་བོད་དོན་འཐབ་རྩོད་ལ་གྱོང་གུད་ཐེབས་ཀྱི་ཡོད་པ་དང་། ཡང་བོད་མིའི་ཁྲོད་༧གོང་ས་མཆོག་དགོངས་པ་རྫོགས་ན། བོད་དོན་བརླག་པ་ལྟ་བུའི་བསམ་བློ་ནོར་འཁྲུལ་ཅན་ཞིག་ཡོང་གི་ཡོད་ལ། སྤྱིར་༧གོང་ས་མཆོག་ལས་བཀའ་དྲིན་ཆེ་བ་ཞིག་མེད་པ་དང་། ཁོང་གི་བཀའ་དྲིན་ལ་བརྟེན་ནས་བོད་མི་རྣམས་ད་ལྟའི་གནས་སྟངས་ལ་བསླེབས་ཡོད་ཀྱང་། ༧གོང་ས་མཆོག་གི་དགོངས་བཞེས་ནི་བོད་མི་ཚོས་ཁོང་བཞུགས་མིན་ལ་མ་ལྟོས་པར་བོད་དོན་རྒྱུན་མཐུད་ནས་རྩོད་དགོས་པ་དེ་ཡིན་པ་དང་། དེ་ལྟ་བུའི་བསམ་བློ་ནོར་འཁྲུལ་ཅན་ནི་༧གོང་ས་མཆོག་གི་དགོངས་བཞེས་དང་འགལ་ཞིང་། རྒྱ་ནག་གི་འདོད་དོན་སྒྲུབ་ཀྱི་ཡོད་པ་ཞིག་ཡིན་པ་དང་། མཐའ་མར་དེར་བོད་མིའི་ནང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ལ་དོན་ཕན་ལྡན་པའི་རྒྱབ་སྐྱོར་གནང་གི་མེད་པའི་བསམ་བློ་འཆང་བ་དེ་ཡང་ནོར་འཁྲུལ་ཞིག་ཡིན་སྐོར་དང་། བོད་མི་རྣམས་ཀྱིས་ངེས་པར་དུ་སེམས་ལ་འཛིན་དགོས་པའི་གནད་དོན་གསུམ་སྟེ། སེམས་ཤུགས་མི་ཆགས་རྒྱུ་དང་། གོ་སྐབས་དམ་འཛིན། བོད་དོན་འཐབ་རྩོད་རྒྱུན་སྐྱོང་བྱེད་དགོས་སྐོར་སོགས་བརྗོད་སོང་།

སུད་སིའི་དོན་གཅོད་དུ་དམིགས་བསལ་བསྐོ་བཞག་བྱས་པའི་ལས་བྱེད་ཟུར་པ་དཀོན་མཆོག་སྒྲོལ་མ་ལགས་ནས་བོད་མིའི་རང་དབང་འཐབ་རྩོད་ཐོག་ན་གཞོན་རྣམས་ཀྱི་ལས་འགན། ཡིག་ངག་གཉིས་ཐོག་འབྲེལ་ལམ། དེ་བཞིན་ཞུ་གཏུག་དང་རྒྱལ་སྤྱིའི་འབྲེལ་ལམ་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་སྐབས། རྒྱལ་སྤྱིའི་སྙན་གྲགས་དང་ཡར་རྒྱས་ཆེན་པོ་ཕྱིན་པའི་གྱོན་ཆས་དང་རླངས་འཁོར་བཟོ་འཚོང་ཁང་། མགྲོན་ཁང་སོགས་ནས་རྒྱ་ནག་གི་མངའ་ཁོངས་དང་འབྲེལ་བའི་ས་མཚམས་ལ་ཐུག་དུས་ཚང་མས་རྒྱ་ནག་མི་མང་གི་སེམས་ཁམས་ལ་དོ་ཕོག་འགྲོ་བར་དོགས་ཀྱི་ཡོད་པ་དང་། དགོས་གལ་བྱུང་ཚེ་གནོན་ཤུགས་འོག་རྒྱ་ནག་གཞུང་དང་མི་མང་ལ་དགོངས་སེལ་ཡང་ཞུ་ཡི་ཡོད་པ་རེད།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ཁག་གི་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་ཡོད་པ་ལ་བརྟེན་ནས། ད་ལྟ་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་འགྲེལ་དོན་ཡང་རྒྱ་ནག་གི་འདོད་མོས་བཞིན་ཕྱིའི་འཛུགས་སྐྲུན་སོགས་ཀྱི་ངོ་བོར་བསྒྱུར་བཞིན་ཡོད་པ་དང་། དེ་བཞིན་འདི་ལོར་ཚོགས་པའི་ལོ་ ༥ རེའི་རྒྱལ་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སུད་སིའི་དོན་གཅོད་ནས་སྙན་ཞུ་ཡི་གེ་ཞིག་ཕུལ་ཡོད་པ་དང་། སྙན་ཞུ་ཡི་གེ་དེ་ཐོག་མའི་ཆར་རྒྱལ་ཚོགས་ཀྱི་དྲ་ཐོག་ཏུ་བཀོད་ཡོད་ནའང་། ཕྱིས་སུ་བསུབས་ཡོད་པ་དེར་རྒྱུས་ལོན་བྱས་སྐབས་འཕྲུལ་ཆས་ལ་དཀའ་ངལ་བྱུང་བ་དང་། ཚོགས་མིའི་རྒྱལ་ཁབ་ཀྱི་མངའ་ཁོངས་ལ་བརྩི་བཀུར་བྱེད་དགོས་པ་སོགས་འགྲེལ་བརྗོད་གནང་སོང་བས། དེ་ནི་རྒྱ་ནག་གཞུང་གིས་ང་ཚོའི་མངོན་འདོད་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གོ་མེད་ཚོར་མེད་དུ་གཏོང་བར་འབད་བརྩོན་བྱེད་ཀྱི་ཡོད་པའི་དཔེ་མཚོན་ཞིག་ཡིན་པས། བཙན་བྱོལ་དུ་ཡོད་པའི་བོད་མི་མང་པོ་ཞིག་ལ་ལས་ཀ་དང་སྡོད་གནས་སོགས་ཡོད་ནའང་། ང་ཚོའི་མིག་མདུན་གྱི་གདོང་ལེན་བྱེད་དགོས་པ་གཙོ་བོ་ནི་བོད་མིའི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པས་གཞོན་སྐྱེས་ཚོས་ནུས་པ་མཉམ་སྤུངས་ཀྱིས་འཐབ་བྱུས་གསར་པར་ཞུགས་དགོས་སྐོར་བཤད་སོང་།ཨ་རིའི་པེན་སལ་ཝི་ནའི་མཐོ་སློབ་ནང་འབུམ་རམས་པའི་སློབ་གཉེར་གནང་བཞིན་པའི་འཇམ་དབྱངས་ཕུན་ཚོགས་ཀྱིས། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཐུན་མོང་ནས་བོད་ཀྱི་གནད་དོན་ཐོག་མཉམ་ཞུགས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། ད་ལྟའི་ཆར་བཙན་བྱོལ་ནང་གི་བོད་ཀྱི་འཆར་སྣང་དེ་དངོས་ཡོད་དང་ག་ཚོད་ཀྱིས་མཐུན་གྱི་ཡོད་མེད་ཐོག་བོད་མིའི་སྒྲིག་འཛུགས་དང་། བོད་མི་རྣམས་ཀྱིས་བསམ་བློ་གཏོང་རྒྱུ་གལ་ཆེན་ཡིན་པ་དང་། དཔེར་ན་བཙན་བྱོལ་བའི་ཁྲོད་བོད་ནང་གི་རྩྭ་ཐང་དང་གངས་རི་སོགས་ཀྱི་ཐད་ལ་མ་གཏོགས་བོད་མིའི་དངོས་ཡོད་འཚོ་བའི་ནང་གི་གནས་ཚུལ་ཐད་དོ་སྣང་མེད་པའི་ཚོར་བ་ཞིག་བྱུང་ཡོད་སྐོར་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་ཆོལ་ཁ་དང་ཆོས་བརྒྱུད། ལུང་ཚན་སོགས་ཀྱི་ལྟ་བ་ཤུགས་ཆེན་པོ་ཡོད་པ་དེས་དམངས་གཙོའི་འགྲོ་སྟངས་ལ་བརྡབ་གསིག་ཆེན་པོ་གཏོང་གི་ཡོད་པར་བརྟེན། མི་མང་རྣམས་ལ་དམངས་གཙོའི་སྤྱི་ཚོགས་ཀྱི་མི་སེར་ཡང་དག་པ་ཞིག་ཇི་ལྟར་བྱེད་དགོས་མིན་གྱི་ཐད་ལ་ཟབ་སྦྱོང་ལྟ་བུ་འཚོག་ཐུབ་ན་ཡག་པོ་ཡོད་སྐོར་བརྗོད་སོང་།

དེ་བཞིན་དེ་རིང་གི་ཚོགས་འདུའི་སྟེང་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་ཀྱིས། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཐུན་མོང་ནས་བོད་ཀྱི་གནད་དོན་ཐོག་མཉམ་ཞུགས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་། ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་རྒྱལ་སྤྱིའི་ཁྲིམས་ལུགས་འོག་ཏུ་ད་ལྟའི་བོད་ཀྱི་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བྱས་སོང་བ་དང་།  དེ་མིན་གཏམ་བཤད་མཁན་གཙོ་བོ་དང་ན་གཞོན་གཏམ་བཤད་པ་སོགས་མི་གྲངས་ ༢༠ ལྷག་གིས་བོད་དོན་གཙོའི་བཙན་བྱོལ་སྤྱི་ཚོགས་ཡར་རྒྱས་གཏོང་ཐབས་དང་། བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་བྱེད་ཐབས། དེ་བཞིན་རྒྱལ་སྤྱིའི་འབྲེལ་ལམ་དང་བོད་དོན་ཞུ་གཏུག་བྱེད་ཐབས་སོགས་བརྗོད་གཞི་འདྲ་མིན་སྟེང་གཏམ་བཤད་མུ་མཐུད་བྱས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག་དང་པ་སངས་ཚེ་རིང་། ཀླུ་མགོན་ཐར།

པར་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བཏུས།

བསྐྱར་བཅོས།: ༢༠༡༩/༠༨/༡༧

Leave a Reply

One thought on “བཙན་བྱོལ་གྱི་བོད་མི་མང་པོར་ལས་ཀ་དང་སྡོད་གནས་ཡོད་ཀྱང་། ང་ཚོའི་མིག་མདུན་གྱི་གདོང་ལེན་གཙོ་བོ་བོད་མིའི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་དེ་རེད།

  1. གཞུང་པ་ཚེ་དབང་བསོད་ནམས་

    ང་ཚོའི་འཐབ་རྩོད་དེ་རྒྱལ་ཁབ་གཅིག་དང་མི་རིགས་ཅིག་གི་འཐབ་རྩོད་ལ་སོང་དུས་ཚོད་ལ་རྒྱས་བཅད་མེད་པའི་ཐོག་ནས་
    ང་ཚོའི་འཐབ་རྩོད་འགྲོ་དགོས་པ་ལས་ལོ་ལྔ་ནང་བོད་དོན་བདེན་མཐའ་མ་གསལ་ན་ལོ་ལྔ་བཅུ་ལ་རྒྱང་གཏད་བྱ་རྒྱུ་དེ་འཛུགས་
    བསྐྲུན་གྱིས་འཆར་གཞི་ཙན་ལས་ཆབ་སྲིད་ཀྱིས་འཆར་གཞི་ཞིག་ལ་ནམ་ཡང་ངོས་འཛིན་ཞུ་ཐུབ་མ་སོང་ལ་ང་ཚོའི་འཐབ་རྩོད་
    དེ་མི་ཐོག་ནས་མི་ཐོག་རྒྱུད་ནས་གཅིག་འགྱེལ་གཉིས་ལངས་བྱས་ནས་འགྲོ་དགོས་པ་ལས་མི་ཐོག་གཅིག་དང་ལོ་བརྒྱ་ཕྲག་གཅིག་
    གི་ནང་བོད་དོན་བདེན་མཐའ་གསལ་ཐུབ་མིན་དེ་ང་ཚོའི་ཁ་གཏད་ཀྱིས་མི་འབོར་དང་སྟོབས་ཤུགས་སོགས་ནས་ང་ཚོའི་ཤེས་ཐུབ་
    པ་ཞིག་མ་རེད་དམ།