མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ལ་བདེན་པ་འདི་ཙམ་ཡོད།

བོད་ཀྱི་དུས་བབ།
༢༠༡༩/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

དྷཱི་ལྷ་ལྡན།

བདག་གིས་ཡང་བསྐྱར་(བསྟུན་རྒོལ་ཁྲིམས་གཏུགས)ཞེས་པའི་རྩོམ་དེབ་ཅིག་གི་བགྱི་བ་དང་དུ་བླངས་པ་ཡིན།  མ་གཞི་བདག་གི་མི་ཚེའི་ཆེད་སྦྱོང་ནི་རིག་གཞུང་ཡིན་པ་ལས་ཆབ་སྲིད་མ་ཡིན་ཞིང་།   སྲིད་ཀྱི་བྱུང་གནས་འགྲོ་གསུམ་ལ་སྦྱང་པ་སྔོན་དུ་སོང་བའི་ཆབ་སྲིད་ཆེད་མཁས་པ་ཞིག་ཀྱང་ལར་ནས་མིན་པས་ཁོ་བོས་ཆབ་སྲིད་ཕྱོགས་ནས་ཅི་ཡང་མི་ཤེས་ལ།  གང་ཡང་ཤོད་ཀྱིན་མེད།  འོན་ཀྱང་ཁོ་བོ་འདྲ་མཉམ་དང་།  རང་དབང་།   དྲང་བདེན་བཅས་ལ་དགའ་མཁན་གྱི་སྙུག་ཐོག་པ་ཞིག་ཡིན་པའི་ངོས་ནས་དེ་དག་གི་དོན་དུ་བརྩོན་གྱིན་ཡོད་ལ།   མི་རིགས་དང་རྒྱལ་ཁོངས་སུ་དེ་དག་འཛུགས་སླད་རང་ལ་ཤིག་ཙམ་སྒུལ་བའི་ནུས་པ་མེད་ནའང་ཡོད་ཚད་དེ་ལ་འབུལ་སྙིང་འདོད།   འདི་ནི་ང་ལ་མཚོན་ན་རླབས་ཆེ་བའི་དགེ་རྩ་ཞིག་ཏུའང་བརྩིས་ཏེ་ཡོད།

སྤྱིར་བདག་གིས་བཤད་པའི་སྐད་ཆ་དང་བྲིས་པའི་དཔེ་དེབ་ཡོད་དགུ་གཞུང་དམངས་གཉིས་ཀ་ཞི་འགྲིག་མཉམ་གནས་དང་།   འདྲ་མཉམ་གཉིས་སྨན།   རང་བདེ་གཞན་སྐྱིད་ཞིག་ཡོང་ཕྱིར་ལས་གཞན་གང་ཡང་མིན་མོད།   སྒེར་གཅོད་པ་ཞིག་ལ་མཚོན་ན་དེ་དག་ནི་ཁོངས་ནས་འཁྲུག་བྱེད་ཀྱི་ཉེ་རྒྱུ་ཞིག་ཏུ་གྱུར་ཡོད་པ་རེད།  དེ་བས་དུས་ཚོད་དང་ཁོར་ཡུག་གི་གནས་སྟངས་ལ་གཞིགས་ན་ཁོ་བོའི་སྐད་ཆ་དང་བྲིས་རྩོམ་དག་གི་ཉེ་རྒྱུ་ལས་ཁྲིམས་ལ་ལན་གཅིག་འགྲོ་དགོས་པ་གཏན་འཁེལ་ཡིན་པ་འདྲ།   འོན་ཏེ་བདག་གབ་སྦས་བྱོལ་གསུམ་གང་ཡང་མེད་པར་འཐད་པ་དང་བཅས་འབོད་པ་དང་ལེན་བྱེད་པའི་གྲ་སྒྲིག་ཡོད་དེ།   གབ་སྦས་བྱོལ་གསུམ་བགྱི་བ་དེ་ནི་རང་འགན་རང་འཁུར་མ་བྱས་པའི་བྱས་ཉེས་ཤིག་རེད།   བྱ་བ་གང་ཞིག་བསྒྲུབས་ཀྱང་རང་འགན་རང་འཁུར་དང་།   ཕྱི་གསལ་ནང་གསལ།  བདེན་པ་བདེན་དྲང་ཞིག་ཨེ་འཁྱོང་ལྟ་རྒྱུ་ནི་བདག་གི་མི་ཚེ་འདིའི་དམ་བཅའ་དང་པོ་དེ་ཡིན།

ཁྲིམས་ལ་འགྲོ་བའི་ཉིན་མོ་དེར་བདག་ལ་བདེན་པ་ཞིག་ཡོད་པ་ནི་བདག་གིས་ཁྲིམས་འགལ་ལུགས་མེད་ཀྱི་བྱ་སྤྱོད་གང་ཡང་བསྒྲུབས་མེད་པ་དེ་ཡིན།   ཁོ་བོས་འགྲོ་མིའི་ཐོབ་ཐང་དང་ཞི་བདེ་སོགས་ཀྱི་དོན་དུ་རང་ཉིད་ཀྱིས་བསམ་ཚུལ་དང་མི་རིགས་ཀྱི་མངོན་འདོད་འགའ་སྦ་གསང་མེད་པར་གཏམ་བརྗོད་དང་དེབ་བསྐྲུན་ཙམ་བྱས་པ་ཡིན་ཞིང་།   དེ་ནི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་དང་།   རྒྱལ་སྤྱིའི་ཁྲིམས་ལུགས།   བདེན་པའི་ཆོས་ཉིད།   ཆོས་ཀྱི་དགོངས་དོན་སོགས་དང་མཐུན་པར་མ་ཟད་རྒྱལ་ཁབ་འདི་ཡི་ཡིག་ཐོག་གི་རྩ་ཁྲིམས་དང་ཡང་མཐུན་པ་ཞིག་སྟེ།    རྩ་ཁྲིམས་ཀྱི་དོན་ཚན་སོ་ལྔ་པར།    ‘‘ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་གཏམ་བརྗོད་དང་།  དཔེ་སྐྲུན།  འདུ་ཚོགས།  ཚོགས་འཛུགས།   ཁྲོམ་སྐོར།    རྔམ་སྟོན་ཁྲོམ་སྐོར་བཅས་བྱེད་པའི་རང་དབང་ཡོད།’’ ཅེས་དང་།  དོན་ཚན་ཞེ་གཅིག་པའི་ནང་དུ། ‘‘ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་རྒྱལ་ཁབ་ཀྱི་ལས་ཁུངས་གང་ཞིག་དང་རྒྱལ་ཁབ་ཀྱི་ལས་བྱེད་སུ་ཞིག་ཡིན་ནའང་དེར་སྐྱོན་བརྗོད་དང་བསམ་འཆར་འདོན་པའི་དབང་ཆ་ཡོད་པ་དང་།    རྒྱལ་ཁབ་ཀྱི་ལས་ཁུངས་གང་ཞིག་དང་རྒྱལ་ཁབ་ཀྱི་ལས་བྱེད་སུ་ཞིག་ཡིན་རུང་ཁྲིམས་འགལ་འགན་འཛོལ་གྱི་བྱ་སྦྱོད་བྱུང་ན།  རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ལ་དེའི་གནས་ལུགས་ཞུ་བ་དང་ཞུ་གཏུག་བྱེད་པའམ་ཉེས་སྐྱོན་འདོན་པའི་ཁེ་དབང་ཡོད།’’ ཅེས་སོགས་ལས་ཕྱི་རོལ་དུ་གྱུར་བ་ཞིག་གང་ཡང་བསྒྲུབས་མེད།

འོན་ཏེ་དོན་དངོས་སུ་རྩ་ཁྲིམས་འདི་དག་གི་གོ་ཅི་ཙམ་ཆོད་མིན་ནི་མར་ཊིན་ལའོ་ཐིར་ཁེན་གྱིས་བཤད་པ་ལྟར།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ང་ཚོར་སྤྲད་པའི་དངུལ་བྱང་དེ་དངུལ་བྱང་སྟོང་པ་ཞིག་ཡིན་མིན་ལ་ཐུག་ཡོད།   གང་ལྟར་དངུལ་བྱང་དེ་ད་ལྟ་ང་ཚོས་བཀོལ་བའི་དུས་ལ་ཐོན་སོང་བ་རེད་ལ།  གལ་ཏེ་དངུལ་བྱང་སྟོང་པ་ཞིག་ཡིན་ན་ང་ཚོས་རང་ཉིད་ཀྱི་ཐོབ་སྐལ་དུ་གྱུར་བའི་བུ་ལོན་ལ་རྗེས་འདེད་མི་བྱེད་རང་བྱེད་རེད།

ཡང་གཅིག་བཤད་ན་བདག་གི་བདམས་པའི་ལམ་བུ་འདི་ནི་དེབ་སྔ་ཕྱི་གཉིས་ཀར་བཤད་ཟིན་པ་ལྟར་གཞུང་དམངས་གཉིས་ཀའི་བདེ་དོན་དུ་ཡིན་པས།   མི་རིགས་དགྲར་འཛིན་དང་རྒྱལ་ཁབ་ལོགས་འབྱེད་ཀྱི་བསམ་སྦྱོར་ཞིག་མེད་པས་ཀྱང་བདག་ལ་ལྷག་བསམ་རྣམ་དག་གི་བདེན་པ་ཞིག་ཡོད།   མི་སེར་དཀྱུས་མ་ཞིག་ཡིན་པའི་ངོས་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་།   ལུས་རྩལ་སོགས་ཀྱི་ཐད་ནས་འཛམ་གླིང་གི་ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཏུ་གྱུར་དང་འགྱུར་བཞིན་ཡོད་པར་རྗེས་སུ་ཡི་རངས་ཡོད་མོད།   དེ་དང་དུས་མཚུངས་སུ་འགྲོ་བ་མིའི་རིགས་ལ་དེ་དག་ལས་ཀྱང་གལ་ཆེ་ཞིང་མེད་དུ་མི་རུང་བའི་འགྲོ་མིའི་ཐོབ་ཐང་འགན་སྲུང་གིས་འཛམ་གླིང་གི་རྗེས་ཟིན་པར་འགྱུར་བའི་རེ་བ་བྱེད་ཀྱིན་ཡོད།

མི་སེར་རྣམས་ཀྱི་མངོན་འདོད་ནི་དཔལ་འབྱོར་དང་། དམག་དོན། ལུས་རྩལ་སོགས་ཀྱིས་ཐག་གཅོད་ཐུབ་པ་ཞིག་མིན་པར།   དེ་ནི་ཁོ་ཚོའི་ཐོབ་ཐང་གཙང་མ་འགན་སྲུང་བྱེད་ནུས་ཀྱི་སྲིད་ལུགས་ཤིག་ཡོད་མིན་ལ་རག་ལས་ཡོད།    མི་རིགས་མང་བའི་རྒྱལ་ཁབ་གང་འདིས་ཡང་དག་པའི་སྲིད་ལུགས་ཤིག་འཛུགས་ནུས་མིན་ནི་བོད་ཙམ་མིན་པར་རྒྱལ་ཁོངས་འདིའི་མི་རིགས་ཡོད་ཚད་ཀྱི་འཚོ་གནས་དང་འབྲེལ་བ་ཡོད་པར་མ་ཟད།   རྒྱལ་ཁབ་རང་ཉིད་ཀྱང་ཡུན་ནས་ཡུན་ཏུ་བརྟན་བརླིང་གིས་གནས་ཐུབ་མིན་གྱི་སྲོག་རྩར་ཡང་འབྲེལ་བ་དམ་ཟབ་ཡོད།   དབུ་མའི་ལམ་གྱི་དགོངས་དོན་གྱི་བདེན་པར་ཡང་འདི་དག་འདུས་ནས་ཡོད།    གལ་ཏེ་སྲིད་གཞུང་གིས་འདི་དག་ལ་བསམ་གཞིག་མི་གཏོང་བར་གནས་སྐབས་ཀྱི་དུས་ཚོད་ནར་འགྱངས་སུ་གཏོང་ཐབས་ཙམ་དང་།   མིག་སྔུན་ཉི་མ་འཁྱོལ་ཐབས་ཙམ་ལ་མིག་ཟུང་གཏད་ཚེ།   གནས་ཚུལ་གྱི་ངོ་བོ་ཇེ་ངན་ནས་ཇེ་སྡུག་ཏུ་ཕྱིན་ཏེ་ནམ་ཞིག་ཡ་ང་བའི་མཇུག་འབྲས་འཇིགས་སུ་རུང་བ་མང་པོ་ཞིག་འབྱུང་སྲིད་དེ།   དེ་ཡི་ཚུལ་ནི་བདག་གི་དེབ་ཏུ་ཡང་བཀོད་ཡོད།

བདེན་པ་དེ་དག་ལ་བལྟས་ན་ང་ཚོའི་བདམས་པའི་ལམ་ཁ་འདི་གནས་སྐབས་སུ་ནག་ཉེས་ཤིག་ཏུ་མཐོང་སྲིད་ནའང་།  མ་འོངས་པར་གཞུང་དམངས་གཉིས་ཀར་ཕན་འབྲས་ཤིག་ཐོན་ནུས་པའི་ཡིད་ཆེས་ཡོད་ལ།   ནམ་ཞིག་རྒྱ་ནག་གཞུང་གིས་རང་ཉིད་ལོག་ལམ་ནས་དྲངས་པའི་དྲིན་ངོ་ཚོར་ཏེ་ང་ཚོར་བཀའ་དྲིན་ཞུ་བའི་དུས་ཚོད་ཅིག་ཀྱང་འབྱུང་སྲིད།   སྔོན་ཆད་ཧྥ་རན་སུའི་རྩོམ་པ་པོ་ཟཱོ་ལ་ལ་གདུག་སྤྱོད་ཀྱིས་ཉེས་ཁྲིམས་གཅོད་སྐབས་ཟཱོ་ལ་ཁོང་གིས་འདི་ལྟར།  ‘‘ཉིན་ཞིག་ཧྥ་རན་སུས་དྲིན་ངོ་ཟིན་ནས་ང་ལ་བཀའ་དྲིན་ཞུ་ངེས་ཡིན།  རྒྱུ་མཚན་བདག་གི་བྱ་སྤྱོད་འདིས་ཧྥ་རན་སུའི་མཚན་སྙན་སྲུང་སྐྱོབ་བྱས་ཡོད’’ཅེས་གསུངས་མྱོང་།  ཏག་ཏག་མི་ལོ་འགའ་ཡི་རྗེས་སུ་དེ་ལྟར་བྱུང་སྟེ།   ཧྥ་རན་སུས་རང་གི་ནོར་འཛོལ་གྱི་བྱ་སྤྱོད་ཁས་ལེན་བྱེད་དགོས་བྱུང་བར་མ་ཟད།   ཟཱོ་ལ་ཡི་བདེན་དོན་གྱི་སྐད་ཆ་དང་ཟོལ་མེད་ཀྱི་བྱ་སྤྱོད་དེས་ཧྥ་རན་སུར་ཡང་དག་པའི་ལམ་སྟོན་ཐེངས་གཅིག་བྱས་པ་ཚོར་ཏེ་བཀའ་དྲིན་ཞུ་དགོས་བྱུང་ཡོད།   བདེན་པ་དེ་དག་ང་ཚོ་འཚོ་གཞིས་ཀྱི་སྐབས་སུ་མངོན་དུ་འགྱུར་ནུས་མིན་ནི་ཅི་ཆ་མོད།  བདེན་དོན་ནི་ནམ་ཡང་བདེན་དོན་ཡིན་པས་དེ་ཡི་རང་བཞིན་མངོན་དུ་འའགྱུར་བའི་དུས་སྐབས་ཤིག་ནི་ཡོད་པར་བདག་ལ་ཡིད་ཆེས་ཡོད།

ཁྲིམས་ལ་འགྲོ་བའི་ཉིན་མོ་དེར་བདག་གིས་བོད་མི་ཚོར་སྐད་ཆ་ཞིག་འཇོག་པ་ནི།   འུ་ཚོའི་གཅེས་སུ་འོས་པའི་སྤུན་ཟླ་གང་མང་ཞིག་གིས་རང་ལུས་མེ་རུ་བསྒྲོན་ཏེ་འཛམ་གླིང་ལ་གསལ་བཤད་སྟོབས་ཆེན་ཞིག་བྱས་ཟིན་པས།   ད་ནི་འཆི་སྤོབས་པའི་བླ་མེད་ཀྱི་སྙིང་སྟོབས་དེ་ཉིད་གསོན་ལམ་གྱི་སྙིང་སྟོབས་གཞན་ཞིག་ལ་བསྒྱུར་ཏེ།   གཞན་གྱི་ལུས་སྲོག་ལོངས་སྤྱོད་ལ་གནོད་འཚེ་མི་བྱེད་པའི་སྟེང་དུ་རང་སྲུང་གི་འདུ་ཤེས་བརྟན་པོ་ཞིག་བསྟེན་རྒྱུ་དེ་ཡིན།

གཞན་ལ་གནོད་འཚེ་གཏོང་བ་ལས་རང་ཉིད་ཀྱི་ཚེ་སྲོག་འདོར་བར་བདམས་པའི་ལམ་ཚུལ་འདི་ནི་འཚེ་མེད་ཞི་བའི་ལམ་ཚུལ་གྱི་སྙིང་སྟོབས་གཞན་ཞིག་ཡིན་པར་ངེས་ནའང་།  སྤུན་ཟླ་རེ་རེའི་ཚེ་སྲོག་དང་།    རིགས་ཀྱི་ཚེ་སྲོག་ཏུ་གྱུར་བའི་དཔའ་བོ་དཔའ་མོ་རྣམས་འཇིག་རྟེན་འདིར་ཡུན་ནས་ཡུན་ཏུ་འཚོ་སླད་གསོན་པའི་སླད་དུ་གསོན་པའི་ཨུ་ཚུགས་ཀྱི་ལམ་ཁ་ཞིག་འཚོལ་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ལ།   གཞན་གྱིས་གསོད་གཏུབ་རྨས་གསུམ་བྱེད་མིན་ནི་ཁོ་ཚོའི་ལག་རེད་མོད།   ང་ཚོས་གཤེགས་ཟིན་པའི་དཔའ་བོ་དཔའ་མོ་དེ་དག་གི་སེམས་ཀྱི་རེ་འདུན་སྒྲུབ་ཕྱིར།  གསོན་པའི་སླད་དུ་གསོན་པའི་ཨུ་ཚུགས་བརྒྱབ་སྟེ་སེམས་ཀྱི་རེ་འབྲས་ལ་བརྩོན་ལེན་བྱེད་རྒྱུ་ནི་ཐབས་ལམ་ཡག་ཤོས་དེ་ཡིན་པར་འདོད།

ཕྲན་གྱི་དེབ་སྔ་ཕྱི་གཉིས་ཆར་ནས་ཞུས་ཟིན་ལྟར་སྐྱབས་མགོན་རྒྱལ་བའི་དབང་པོའི་དགོངས་བཞེད་བཞིན་ཐབས་ཚུལ་འཚེ་མེད་ཞི་ལམ་དང་།   ལྟ་གྲུབ་དབུ་མའི་ལམ་ཚུལ་དེ་ང་ཚོས་རྒྱུན་སྐྱོང་བྱེད་པ་དེ་ནི་རང་རེའི་མི་རིགས་ཀྱི་འཐབ་རྩོད་ལ་ཤིན་ཏུ་འཚམས་པ་ཡིན་ཏེ།   དེ་ཡི་རྒྱུ་མཚན་དག་ཁོ་བོས་མིའི་རིགས་ཀྱི་ལམ་འབྲས་སུ་ཅུང་ཟད་བཤད་ཟིན།   ང་ཚོར་དགོས་པ་ནི་འགྲོ་བ་མིའི་ཐོབ་ཐང་གཙང་མ་ཚུར་ལེན་རྒྱུ་དེ་ཡིན་པ་ལས་འགལ་ཟླ་སུ་ཞིག་ཕར་ཚར་གཅོད་རྒྱུ་ཡིན་མི་སྲིད།   གལ་ཏེ་དེང་གི་ཁ་ཆེའི་འཇིགས་སྐུལ་པ་དག་དང་མཚུངས་པར་འཇིགས་སུ་རུང་བའི་གསོད་གཏུབ་རྨས་གསུམ་གྱི་ལམ་ཁར་ཞུགས་ཚེ་ལམ་ལོག་ཏུ་ཞུགས་ཟིན་པ་ཡིན་ཏེ།  དེ་ནི་རྒྱུ་འབྲས་དང་བདེན་དོན་ལ་བརྩི་བཀུར་བླ་ལྷག་ཏུ་ཆེ་བའི་མི་རིགས་ཤིག་གི་གཤིས་སྤྱོད་ཀུན་ལས་འདས་པར་མ་ཟད།  དུས་དེར་མཐུན་ཕྱོགས་མཉམ་རུབ་དང་།  བདེན་པར་རྒྱབ་སྐྱོར་བྱེད་མཁན་དག་ཀྱང་རིང་དུ་གྱེས་ཏེ་གྲོགས་མེད་ཁེར་རྐྱང་དུ་ལུས་ངེས་པས་སོ།   དེ་བས་ང་ཚོ་གཡུལ་དུ་ཞུགས་པའི་མཚོན་ཆ་སྟོབས་ལྡན་ཞིག་ཡོད་པ་ནི་རྒྱུ་འབྲས་དང་བདེན་དོན་གྱི་རལ་གྲི་ཡིན་པ་ལས།   དྲག་སྤྱོད་དང་འཇིགས་སྐུལ་གྱི་མཚོན་ཆ་མ་ཡིན་པ་ངེས་གལ་ཆེ་བར་སྙམ།

འདི་ནས་བདག་གིས་འཚེ་མེད་ཞི་བའི་ལམ་གྱི་དགོངས་གནད་ཅིག་སྟེ། སྐུ་ཞབས་མར་ཊིན་ལའོ་ཐིར་ཁེན་གྱི་སྐད་ཆ་ཞིག་རྗེས་སུ་ཟློ་བར་འདོད་དེ‘‘ང་ཚོས་རང་གི་བླ་མེད་ཐོབ་ཐང་རྩོད་པའི་གོ་རིམ་ཁྲོད་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་གང་ཡང་སྒྲུབ་མི་རུང་།  ང་ཚོས་རང་དབང་ལ་སྲེད་པའི་འདོད་གདུང་ཞི་ཕྱིར་ཆགས་སྡང་གི་སྨྱོ་ཆུ་གཏན་ནས་རྔམ་འཐུང་བྱེད་མི་རུང་།   ང་ཚོའི་བདེན་དོན་གྱི་འཐབ་རྩོད་གཙང་མ་འདི་གདུག་སྤྱོད་དང་དྲག་རྩུབ་ཀྱིས་དྲི་མ་ཅན་དུ་ནམ་ཡང་གཏོང་མི་རུང་།   ཇི་སྲིད་བདེན་མཐའ་མ་གསལ་བ་དེ་སྲིད་དུ་ང་ཚོའི་འཐབ་རྩོད་འདི་ཀུན་སྤྱོད་གཙང་མ་དང་ཀུན་སློང་རྣམ་དག་ཡིན་དགོས།   ང་ཚོའི་བདེན་པ་དང་བཟོད་སྲན་གྱི་སྙིང་སྟོབས་གོ་ཆ་འདི་འཁྱེར་ནས་རང་དབང་རྩོད་ལེན་གྱི་ཞི་རྒོལ་སྟོབས་དང་ལྡན་པར་བྱ། ’’ འདི་ནི་འཚེ་མེད་ཀྱི་ལམ་སྟོན་པ་སྐྱབས་མགོན་རྒྱལ་བའི་དབང་པོ་དང་།   མ་ཧ་གྷན་དྷི།    མར་ཊིན་ལའོ་ཐིར་ཁེན་གསུམ་ཀའི་གདམས་ངག་ཕྱོགས་བསྡུས་ཀྱི་ལེགས་བཤད་ཅིག་ཡིན་ངེས།

མཇུག་མཐར་བོད་མི་རིགས་ཀྱི་བདེན་མཐའ་མྱུར་དུ་གསལ་ནས་སྐྱབས་མགོན་རིན་པོ་ཆེ་ཡིས་མཚོན་པའི་སྤུན་ཟླ་ཡོངས་ཀྱི་ཞབས་སོར་གངས་རིའི་ལྗོངས་སུ་འཁོད་དེ་གཞིས་བྱེས་མཉམ་འཛོམས་ཡོང་ཞིང་།   བོད་དོན་གྲོས་མོལ་གྱི་ལམ་ནས་ཐག་བཅད་དེ་རྒྱ་ནག་གཞུང་དང་བོད་དམངས་གཉིས་ཞི་འགྲིག་མཉམ་གནས་ཡོང་བ་དང་།   རྒྱལ་ཁབ་འདི་ཡང་འགྲོ་མི་ཡོངས་ཁྱབ་ཀྱི་ཐོབ་ཐང་ལ་འགན་སྲུང་བྱེད་པའི་རྫོགས་ལྡན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཞིང་།   མི་དམངས་ཀུན་ཀྱང་གཞན་དབང་གི་སྒྲོག་ལས་གྲོལ་ཏེ་རང་དབང་བདེ་སྐྱིད་ཀྱི་འཚོ་བས་མི་ཚེ་སྐྱེལ་ཐུབ་པར་སྨོན་ལམ་འདེབས་ཀྱིན་ཡོད་ལ།    དེ་ལྟར་འགྲུབ་པར་མཆོག་གསུམ་བསླུ་མེད་པའི་བདེན་མཐུ་ཡོད་པར་སྨོན།

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༢༣ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    བོད་ཀྱི་ཁ་གཏད་དེ་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ་ཡོད་པ་
    ཞིག་མིན་པ་ཆོས་སྡུག་ལ་རྩི་མཁན་གྱིས་མི་རིགས་ཞིག་ཡིན་པ་ནས་
    ང་ཚོའི་འཚེ་མེད་ཞི་བའི་ཐབས་ལམ་ལ་ད་ལྟ་བར་མི་ལོ་དྲུག་བཅུ་རིང་
    གང་ཐུབ་ཅི་ཐུབ་བཟོད་སྲན་བྱས་པའི་འབྲས་བུ་དེང་སྐབས་རྒྱ་མིའི་
    བྱེད་སྟངས་ལོ་རེ་ནས་ལོ་རེ་བཞིན་སྡུག་ཏུ་སྡུག་ཏུ་གཏོང་བཞིན་པ་
    ནས་ང་ཚོའི་དབུ་མའི་ལམ་གྱིས་ཐབས་ལམ་རྒྱུད་ནས་བོད་རྒྱའི་དཀའ་
    སྙོགས་སེལ་འདོད་ཡོད་ན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་
    འཁྲིད་དང་ང་ཚོའི་འགོ་འཁྲིད་བར་མི་དང་མི་ཐུག་ནས་ཕར་བཤད་
    ཚུར་ཉན་དང་ཚུར་བཤད་ཕར་ཉན་རྒྱུད་ནས་བོད་རྒྱའི་དཀའ་སྙོགས་སེལ་
    ཐུབ་པའི་ཆོད་སེམས་དང་འགན་འཁུར་གདེངས་སྤོབས་དགོས་པ་ལས་ནུབ་
    ཕྭོགས་རྒྱལ་ཁབ་ནང་ཁ་དམག་རྒྱབ་ཐུབ་པ་ཙམ་གྱིས་བོད་རྒྱའི་དཀའ་སྙོགས་
    སེལ་རྒྱུའི་ཚབ་ཏུ་བོད་རྒྱའི་འབྲེལ་ལམ་ལ་གནོད་ཚབ་ཆེ་རུ་འགྲོ་སྲིད་པ་ནི་དེང་སྐབས་
    བོད་ནང་རིག་གནས་གསར་བརྗེ་གཉིས་པ་སླེབ་པ་དང་འདྲ་བའི་བོད་མི་མང་ལ་འཕྲད་
    པའི་དཀའ་སྡུག་ནས་ང་ཚོའི་གསལ་པོ་ཤེས་ཐུབ་པ་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese