མཚོ་སྔོན་ཉེན་རྟོག་པས་ཆེད་དམིགས་དྲག་རྡུང་བྱེད་ཀྱི་ཡོད་འདུག

རྒྱ་ནག་གཞུང་གི་བཀའ་བཀོད་འོག་མཚོ་སྔོན་ཞིང་ཆེན་ནང་དྲག་རྡུང་གཏོང་དགོས་པའི་ཁྲིམས་འགལ་ཐེར་འདོན་རིགས་ ༡༡ ཟེར་བ་ཞིག་བཏོན་ཏེ་ཆེད་དམིགས་དྲག་རྡུང་གི་ལས་འགུལ་སྤེལ་གྱི་ཡོད་འདུགཁ་སང་ཕྱི་ཚེས་ ༢༥ ཉིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་གནས་ཚུལ་བསྒྲགས་པ་ལྟར་ན། <<ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དམིགས་དྲག་རྡུང་སྤེལ་རྒྱུའི་སྐོར་གྱི་བརྡ་སྦྱོར>>དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་《ཆེད་དམིགས་དྲག་རྡུང་གི་དགོངས་དོན་ལག་བསྟར་ཇུས་གཞི》ཟེར་བའི་བཀའ་བཀོད་གཉིས་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་ཆེད་དམིགས་དྲག་རྡུང་གི་ཚོགས་པ་བཙུགས་ཏེ། ཞིང་ཆེན་ཡོངས་ཀྱི་ཉེན་རྟོག་ལས་ཁུངས་ཁག་གིས་ཆེད་དམིགས་དྲག་རྡུང་གི་བཅོས་སྒྲིག་འགུལ་སྤྱོད་ལ་བཀོད་འདོམས་བྱས་ཡོད་པ་མ་ཟད། དྲག་རྡུང་གཏོང་དགོས་པའི་ཁྲིམས་འགལ་ཐེར་འདོན་རིགས་ ༡༡ ཟེར་བ་ཞིག་བཏོན་འདུག

གཞུང་འབྲེལ་གྱི་གསར་འགྱུར་ནང་། མཚོ་སྔོན་ནང་དྲག་རྡུང་གི་ལས་འགུལ་སྤེལ་དོན་ནི་མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་ཞི་མཐུན་བརྟན་གནས་ཡོང་བ། རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཞིང་ཆེན་ཡོངས་ཀྱི་ཉེན་རྟོག་ཕྱོགས་ནས་ཆེད་དམིགས་དྲག་རྡུང་ལས་འགུལ་སྤེལ་རྒྱུ་ཡིན་པ་དང་། དྲག་རྡུང་ལས་འགུལ་ཁྲོད་ཁྲིམས་འགལ་རིགས་ ༡༡ ལ་ཐེར་འདོན་གྱིས་ཁྲིམས་ལྟར་དྲག་རྡུང་དང་བཅོས་སྒྲིག་བདེ་འཁོད་སོགས་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

དྲག་རྡུང་གཏོང་དགོས་པའི་ཁྲིམས་འགལ་ཐེར་འདོན་རིགས་ ༡༡ ཞེས་པ་ནི། གཅིག ཤུགས་དྲག་སྒོས་གཞི་རིམ་གྱི་སྲིད་དབང་འཛིན་པ་དང་། ཞིང་ལས་ཐོན་ཁུངས་སྒེར་བདག་བྱེད་པ། གཞུང་གི་རྒྱུ་ནོར་ཧམ་བཟའ་བྱེད་མཁན་སྡེ་དཔོན་གྱི་རིགས། གཉིས། དབང་ཆར་བརྟེན་ནས་བཙན་ཤེད་བྱེད་པ་དང་། བདེ་འཇགས་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ། ཁྱིམ་རྒྱུད་དམ་རུས་རྒྱུད། ཆོས་ལུགས་ཕྱོགས་ཀྱི་དབང་ཤུགས་སྤྱད་དེ་བཙན་གནོན་བྱེད་པའི་སྡེ་བའི་རིགས། གསུམ། ལྐོག་རྔན་སྟེར་བ་དང་། དྲག་ཤུགས་སམ་མགོ་སྐོར། འཇིགས་སྐུལ་སོགས་ཀྱིས་གཞི་རིམ་འདེམས་བསྐོ་ལ་འགོག་རྐྱེན་དང་གཏོར་བཤིག་གཏོང་བའི་ནག་ཚོགས་རིགས། བཞི། མཉམ་ལས་ཁང་སོགས་ཀྱི་མིང་ཐོག་ནས་ས་བོགས་བསྡུ་བགོའི་བརྒྱུད་རིམ་ཁྲོད་ཞིང་པར་ངན་སྐུལ་བྱས་ཏེ་ཟིང་ཆ་སློང་བའི་རིགས།

ལྔ། ཐབས་ལམ་སྣ་ཚོགས་ལ་བརྟེན་པའི་དངུལ་བུན་དང་སློབ་གྲྭའི་དངུལ་བུན་སོགས་མང་ཚོགས་ལ་བསམ་འཆར་ཆེ་བ་དང་ཉེས་གསོག་འབྱུང་སླ་བའི་ཁྲིམས་འགལ་གྱི་རིགས། སྐྱེད་ཆེའི་བུ་ལོན་དང་འབྲེལ་བའི་ཁྲིམས་འགལ་བྱ་སྤྱོད་ཀྱིས་བུ་ལོན་འདེད་པའི་རིགས། དྲུག འགྲིམ་འགྲུལ་དང་ཨར་སྐྲུན། གཏེར་རྫས་སོགས་ཀྱི་ཁྱབ་ཁོངས་དང་ལས་རིགས་ཧམ་བཟུང་དང་། བཙན་ཤེད་ཀྱིས་ཉོ་ཚོང་བྱེད་པ་སོགས་དཔལ་འབྱོར་གྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་རིགས། བདུན། ཡུལ་སྐོར་དང་རོལ་རྩེད། འགྲུལ་སྐྱེལ། འཁོར་ལྷས་སོགས་མི་མང་གི་འཚོ་བའི་ཁྱབ་ཁོངས་ནང་གི་བཙན་བདག་དང་གྲོང་ཁྱེར་གྱི་བཙན་བདག་སོགས་ནག་ཚོགས་དང་འབྲེལ་བའི་ཉེས་གསོག་དང་། དེ་བཞིན་འཆལ་རྒྱན་དུག་གསུམ་སོགས་བཀོལ་སྤྱོད་བྱེད་པ་དང་མགོ་སྐོར་གཏོང་བའི་རིགས།

བརྒྱད་པ། ཆགས་སྲེད་རྒྱན་འགྱེད་དང་འབྲེལ་བ་ཡོད་པའི་ལས་རིགས་ཁྲོད་འགེབ་སྲུང་བྱེད་མཁན་གྱི་ཏང་ཡོན་ལས་བྱེད་པའི་རིགས། དགུ། ཤོ་རྒྱག་རྒྱན་འཛུགས་ཀྱི་རྐྱེན་ལས་མི་གཞན་པ་ཁྲིམས་འགལ་ངང་བཀག་བསྐྱིལ་དང་བཙན་བཟུང་། གནོད་འཚེ་གཏོང་བ་སོགས་ཁྲིམས་འགལ་ཉེས་གསོག་གི་བསམ་སྤྱོད་ངན་པའི་མི་སྣའི་རིགས། བཅུ། ལག་བསྟར་སྒྲིག་འཛུགས་ཡོད་པའི་སྒོ་ནས་བསླུ་བྲིད་དང་ངོ་སྤྲོད་བྱེད་པ་དང་། བཙན་སྐུལ་གྱིས་སྨད་འཚོང་ལས་སུ་འཇུག་པའི་རྩ་འཛུགས་དང་། ནག་ཚོགས་དང་འབྲེལ་བའི་འདོད་ལོག་ཆགས་སྲེད་ཀྱི་འཁྲབ་སྟོན་མི་སྣའི་རིགས། བཅུ་གཅིག ཁྲིམས་འགལ་གྱིས་ས་མཚམས་དང་རྩྭ་ས། དབྱར་རྩྭ་དགུན་འབུ། གཉེན་སྒྲིག་དང་བུ་ལོན་སོགས་དམངས་ཁྲོད་ཀྱི་འགལ་བ་དང་རྩོད་གཞི། གཞི་རིམ་གྱི་འདེམས་བསྐོ་ལ་ཐེ་གཏོགས་བྱེད་པའི་རིགས་བཅས་རེད་འདུག

དྲག་རྡུང་ལས་འགུལ་ཟེར་བ་དེ་རྒྱ་ནག་གཞུང་གིས་རྒྱལ་སྟོན་དུས་ཆེན་དང་དམག་གི་དུས་ཆེན་སོགས་དམིགས་བསལ་གྱི་དུས་སྐབས་སུ་མི་མང་གིས་ཟིང་འཁྲུག་མི་སློང་བའི་ཆེད་དུ་སྤེལ་སྲོལ་ཡོད་པ་དང་། དྲག་རྡུང་ལས་འགུལ་གྱི་དམིགས་ཡུལ་ནི་མི་མང་བདེ་འཇགས་ཆེད་ཡིན་སྐོར་བརྗོད་བཞིན་ཡོད་ཀྱང་། ལོ་ལྟར་བོད་ཁུལ་གཙོའི་གྲངས་ཉུང་མི་རིགས་ས་ཁུལ་དུ་རྒྱ་ནག་གི་དུས་ཆེན་གལ་ཆེན་རིགས་ཚོགས་ལ་ཉེ་བ་དང་བསྟུན་ལས་འགུལ་དེའི་འོག མི་མང་གང་བྱུང་འཛིན་བཟུང་དང་གཅར་རྡུང་བྱེད་བཞིན་ཡོད་འདུག དྲག་རྡུང་ལས་འགུལ་ཟེར་བ་དེ་ནག་ཚོགས་ཤེད་བཅོམ་ཟེར་བའི་ལས་འགུལ་ལྟར་དུས་ཡུན་རིང་བོར་སྤེལ་རྒྱུ་ཞིག་མིན་ན་ཡང་། དྲག་རྡུང་ལས་འགུལ་སྤེལ་རིང་མི་མང་ལ་དྲག་པོའི་བཙན་གནོན་རིགས་ཤུགས་ཆེན་བྱེད་བཞིན་ཡོད་འདུག

ཕྱི་ལོ་ ༢༠༠༩ ཟླ་དང་པོའི་ནང་འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན།  ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་རྒྱལ་ས་ལྷ་སར་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས། ལྷ་ས་ཁུལ་དུ་དབྱར་དུས་དང་དགུན་དུས། དཔྱིད་དུས། སྟོན་དུས་ཀྱི་དྲག་རྡུང་ཟེར་བའི་ལས་འགུལ་སྤེལ་མགོ་ཚུགས་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོའི་དགུན་དུས་དྲག་རྡུང་སྐབས་ལྷ་སར་བདུན་ཕྲག་གཅིག་གི་རིང་མི་ ༨༤༢༤ ལྷག་ལ་ཞིབ་བཤེར་དང་མི་ ༨༡ བཀག་ཉར་བྱས་ཡོད་འདུག ད་དུང་ལྷ་ས་སྤྱི་བདེ་ཁང་གིས་གྲོང་ཁྱེར་ཡོངས་སུ་དམག་མི་ ༦༠༠ དང་དམག་མིའི་རླངས་འཁོར་ ༡༦༠ གསར་དུ་བཀྲམས་ཏེ། གཞིས་གྲོང་ཁག་ ༧ དང་བོགས་གཏོང་མགྲོན་ཁང་ ༡༩༢༢། གསོལ་མགྲོན་ཁང་ ༡༤། དྲ་ཁང་ ༣ བཅས་སུའང་ཞིབ་བཤེར་བཅས་བྱས་ཏེ། མི་མང་པོ་ཞིག་གང་བྱུང་རང་ཁྱིམ་དུ་སྡོད་སྐབས་སོགས་སུ་གང་བྱུང་འཛིན་བཟུང་བྱས་ཏེ་བཀག་ཉར་འདྲི་རྩད་རིགས་ཤུགས་ཆེན་བྱས་ཡོད་འདུག

ཕྱི་ལོ་ ༢༠༡༠ ལོར་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༥༡ པ་བསླེབ་ལ་ཉེ་བ་དང་བསྟུན། བོད་ཀྱི་རྒྱལ་ས་ལྷ་ས་ནས་མགོ་འཛུགས་ཀྱིས་བོད་ཁུལ་ཡོངས་སུ་དྲག་རྡུང་ལས་འགུལ་སྤེལ་མགོ་ཚུགས་ཡོད་པ་དང་། སྐབས་དེའི་ལས་འགུལ་ཁྲོད་ལྷ་སའི་བྱང་ཕྱོགས་སེ་ར་ལམ་ནས་དཔང་ཡིག་མེད་པའི་བོད་མི་ ༧༠ ལྷག་འཛིན་བཟུང་བྱས་ཡོད་པ་དང་། ལྷ་སའི་གཙུག་ལག་ཁང་དང་པོ་ཏ་ལ། ར་མོ་ཆེ་སོགས་ཀྱི་ཁྲོམ་ལམ་ཡོངས་སུ་དམག་མི་སྔར་ལས་ཕོན་ཆེན་བཀྲམས་ཏེ་དམ་དྲག་ཤུགས་ཆེན་བྱས་ཡོད་པ་དང་། ལོ་དེར་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་སྡོམ་ཁོག་ཡུལ་ཚོའི་ནང་དུ་ལས་འགུལ་དེ་དང་འབྲེལ་ནས་ལོ་ ༡༥ ནས་ ༦༥ བར་གྱི་སྐྱེས་པ་ཚང་མར་ཉེས་པ་གང་ཡང་མེད་པར་ཉེན་རྟོག་པས་ཚོགས་འདུ་བསྐོངས་ཏེ་སློབ་གསོ་བཏང་ཡོད་པ་མ་ཟད། ཁག་ཅིག་ལ་གཅར་རྡུང་ཡང་བྱས་ཡོད་འདུག

ཕྱི་ལོ་ ༢༠༡༢ ལོར་ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་ལས་འགུལ་དེ་སྤེལ་ཤུགས་ཆེ་རུ་བཏང་ཡོད་པ་དང་།  ལོ་དེར་བོད་དང་ཡུ་གུར་ནང་ལས་འགུལ་དེ་ཐེངས་མང་ལ་སྤེལ་ཡོད་པ་མ་ཟད། དྲག་རྡུང་ལས་འགུལ་གཞི་རྒྱ་ཆེ་རུ་བཏང་ནས་རྒྱལ་ཁབ་ཕྱིའི་ཁ་བྲལ་བར་དྲག་རྡུང་གཏོང་དགོས་སྐོར་བརྗོད་དེ། རྒྱ་ནག་གཞུང་གི་དམག་མི་དང་བལ་གཞུང་ཉེན་རྟོག་པ་མཉམ་འབྲེལ་ཐོག  ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་ངན་སྐུལ་ལས་འགུལ་སྤེལ་མཁན་ལ་དྲག་རྡུང་གཏོང་དགོས་ཟེར་བའི་ལས་གཞི་མགོ་འཛུགས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༣་ལོའི་ལོ་མགོ་ནས་ཡུ་གུར་མི་རིགས་རང་སྐྱོང་ཁུལ་ནང་སྤེལ་མགོ་བཙུགས་ཡོད་པ་དང་། སྐབས་དེར་ཕྱིའི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཡུ་གུར་ནང་རྒྱ་ནག་གཞུང་གི་དམག་མི་ཁྲི་ ༧ ལྷག་གིས་དྲག་རྡུང་ལས་འགུལ་སྤེལ་ཡོད་འདུག

རྒྱ་ནག་གི་དྲག་རྡུང་ལས་འགུལ་དེར་སྐྱོན་བརྗོད་དང་དོགས་སློང་མང་པོ་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ཟླ ༢ ཚེས་ ༦ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ལྡི་ལིར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་མདུན་དུ་བོད་མི་དང་སློབ་གྲྭ་ཆེན་མོ་བ་སོགས་མི་གྲངས་ ༢༠༠ ལྷག་གིས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་།  ལས་འགུལ་དེ་མགོ་བརྩམས་པ་ནས་མི་གྲངས་ ༥༧༦༦  ལ་འདྲི་བརྩད་བྱས་ཡོད་པ་དང༌། བོད་མི་ ༨༡ ལྷག་འཛིན་བཟུང་བྱས་ཡོད་པ་མ་ཟད། ཆབ་མདོ་མཛོ་སྒང་གི་བོད་མི་གཅིག་དམར་གསོད་བཏང་ཡོད་ལ། ལས་འགུལ་དེའི་དམིགས་ཡུལ་ནི། དོགས་ཟོན་དགོས་པའི་བོད་ནང་གི་མི་སྣ་འཛིན་བཟུང་དང༌གཉའ་གནོན་གཏོང་རྒྱུ་དེ་ཡིན་པས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༨/༢༦

Leave a Reply

2 thoughts on “མཚོ་སྔོན་ཉེན་རྟོག་པས་ཆེད་དམིགས་དྲག་རྡུང་བྱེད་ཀྱི་ཡོད་འདུག

  1. གཙིགས་པ་ཟ་ས་ གཡག རྡོག་རྒྱག་བཞུ་ས་ བོང་བུ། ཁོང་ཁྲོ་ཟ་ས་ ཨ་རི། རྡོག་རྒྱག་བཞུ་ས་ བོད་པ། འབུ་སྲིན་སྡིག་པ་རྭ་ཉ་ཁོང་ཁྲོ་ཟ་ན་་་ ཁོ་ཁོ་རང་ལྐུབ་ཀྱི་མདུང་བརྒྱབ་ནས་ཤི་འགྲོ་ཡིས་རེད་ཟེར་གྱིས་འདུག་ག དེ་བཞིན་རྒྱ་དམར་འགོ་བྱས་ཚོ་ ཁོང་ཁྲོ་ཟ་ན་་་་ ཁོ་རང་ཚོ་མི་མང་གང་ལ་ཐང་ག་ཌི ? རྒྱ་དམར་གྱི་ལོ་ངོ་བདུན་བཅུ་ལྷག་ཙམ་ དྲག་པོའི་ཐོག་ཕྱིན་པ་རེད། ད་ད་ཆ་ཞི་འཇམ་ཆགས་པ་རེད་པས་ ? ?

  2. གཞུང་པ་ཚེ་དབང་བསོད་ནམས་

    བོད་མིའི་རེབ་བ་དབུ་ལམ་བཅོལ།
    རྒྱ་མིའི་དཱོགས་པ་དྲག་བསྡུང་བཏང།
    བོད་རྒྱ་ཞི་འགྲིག་བོད་རྒྱའི་འགན།