ཡ་ཆེན་སྒར་གྱི་ཕྱེད་ཀ་ཙམ་གཏོར་ནས་རྩ་མེད་བཟོས་ཡོད་འདུག

རྒྱ་ནག་གཞུང་གིས་ཡ་ཆེན་སྒར་གྱི་ཕྱེད་ཀ་ཙམ་གཏོར་ཟིན་ཏེ་པར་རིས་དང་གནས་ཚུལ་རིགས་སྤྱི་ཚོགས་དྲ་ལམ་དུ་གཏོང་བར་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་ཡོད་འདུགརྒྱ་ནག་གཞུང་གིས་གྲྭ་བཙུན་གྱི་གྲངས་ཚད་ཚོད་འཛིན་དང་མེ་སྐྱོན་སྔོན་འགོག་སོགས་ལ་ཁ་གཡར་ཏེ། ཕྱི་ལོ་ ༢༠༠༦ ཙམ་ནས་བཟུང་ཡ་ཆེན་སྒར་ལ་གཏོར་བཤིག་གཏོང་བའི་ལས་གཞི་མགོ་བརྩམས་ཡོད་པ་ལྟར། ཉིན་ཤས་གོང་ཕྱི་ཕྱོགས་ཀྱི་བོད་མི་ཞིག་གིས་ཡ་ཆེན་སྒར་གྱི་ཕྱེད་ཀ་ཙམ་གཏོར་བཤིག་བཏང་ཟིན་པའི་པར་རིས་ཤིག་འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་མཁོ་སྤྲོད་གནང་སོང་ཡང་། སྐབས་དེར་པར་དེ་ག་དུས་བརྒྱབས་པ་ཡིན་སོགས་ཁ་གསལ་མི་འདུག

གསར་འགོད་པས་ཡ་ཆེན་སྒར་དང་འབྲེལ་བ་ཡོད་པའི་མི་ཁག་ཅིག་དང་ཁ་བརྡ་བྱས་ཏེ་རིམ་གྱིས་རྒྱུས་ལོན་བྱེད་སྐབས། ཡ་ཆེན་སྒར་རང་ནས་ཡིན་པའི་མི་ཞིག་གིས་གཏོར་བཤིག་ཚབས་ཆེན་བཏང་ཡོད་པའི་པར་དེ་བདེན་པ་ཡིན་ལ།  རྒྱ་ནག་གཞུང་གིས་ལོ་རེ་བཞིན་ཁྲིམས་མཐུན་མིན་པའི་འཛུགས་སྐྲུན་སོགས་མང་པོ་ཞིག་ལ་ཁ་གཡར་ཏེ། དགོན་པའི་གཞུང་ལམ་གྱི་ཕྱོགས་གཅིག་གི་ཁང་པ་ཚང་མ་གཏོར་ནས་ཕྱེད་ཀ་ཞིག་ཅི་གང་ཡང་མེད་པ་བཟོས་ཚར་ཡོད་ནའང་། ད་ལྟའི་ཆར་དགོན་པ་གཏོར་བཤིག་བཏང་བའི་པར་རིས་རིགས་དང་དེའི་སྐོར་གྱི་གནས་ཚུལ་སོགས་ཕྱི་ལ་གཏོང་རྒྱུར་དམ་དྲག་ཆེན་པོ་ཡོད་པ་མ་ཟད། དགོན་པའི་ཉིན་རེའི་ཆོས་ལུགས་བྱེད་སྒོ་ཆེ་ཁག་ལ་དམ་དྲག་དང་ལྟ་རྟོག་བྱེད་བཞིན་ཡོད་པ་རེད། ཅེས་དང་། དེང་སང་ཡ་ཆེན་སྒར་གཏོར་གྱི་ཡོད་པའི་པར་རིས་དེ་འདྲ་དྲ་ལམ་དུ་མཐོང་རྒྱུ་མེད་ལ། གལ་ཏེ་པར་ལ་བཏབ་ནས་དྲ་ལམ་དུ་བཏང་བ་སོགས་ཤེས་རྟོགས་བྱུང་ན་འཛིན་བཟུང་དང་འདྲི་རྩད་རིགས་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།ཡང་གསར་འགོད་པས་ཡ་ཆེན་ཕྱོགས་ཀྱི་བོད་མི་གཞན་གཉིས་དང་ཁ་བརྡ་བྱེད་སྐབས། དགོན་པ་གཏོར་ནས་ཕྱེད་ཀ་བཟོས་བཞག་ཡོད་པ་དེ་བདེན་པ་རེད། ཡིན་ནའང་། དྲ་ལམ་ནས་མང་པོ་ཞིག་བཤད་ན་དེ་ཚང་གིས་བལྟས་ནས་བསྡད་ཡོད་པས་བདེ་བོ་མི་འདུག་ཅེས་བརྗོད་བྱུང་།

གོང་བརྗོད་བོད་མི་དེ་ཚོས། ད་ལྟའི་ཆར་དགོན་པ་གཏོར་མཚམས་བཞག་ཡོད་ཀྱང་། དགོན་པའི་འཛུགས་སྐྲུན་གྱི་ཕྱེད་ཀ་མེད་པ་བཟོས་ཚར་ཡོད་པ་དང་། གྲྭ་བཙུན་ཧ་ཅང་མང་པོ་ཞིག་ཕྱིར་རང་ཡུལ་དུ་བཙན་གྱིས་ལོག་བཅུག་ཡོད་པས་ད་ལྟ་གྲྭ་བཙུན་ག་ཚོད་ཅིག་ལྷག་ཡོད་མེད་སོགས་དགོན་པའི་སྤྱི་ཡོངས་ཀྱི་གནས་སྟངས་མང་པོ་ཞིག་ལ་རྒྱུས་ལོན་བྱེད་ཁག་པོ་ཆགས་ཡོད་པ་དང་། གྲྭ་བཙུན་ནང་ཁུལ་དུའང་སྐད་ཆ་གང་བྱུང་འདྲི་བར་འཛེམས་དོགས་དགོས་པའི་གནས་སྟངས་འོག་ཡོད་སྐོར་བརྗོད་བྱུང་།

ཕྱི་ལོ་ ༢༠༡༦ ཟླ་ ༡༠ པའི་ནང་ཨ་རིའི་ནེའུ་ཡོག་དུས་བབ་ཀྱི་གསར་འགོད་པ་ཡ་ཆེན་སྒར་དུ་ཕྱིན་ཏེ་གནས་ཚུལ་སྤེལ་བའི་ནང་། ཡ་ཆེན་གྱི་བཙུན་མ་ཞིག་གིས་ཕྱི་རྒྱལ་གྱི་གསར་འགོད་པར་སྐད་ཆ་བཤད་ཀྱི་ཡོད་པ་རྒྱ་གཞུང་བདེ་འཇགས་ལས་བྱེད་པས་མཐོང་ཚེ་བཙོན་འཇུག་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་དང་། དེ་སྐབས་སྲིད་གཞུང་གི་བཀའ་རྒྱའི་འོག་ལས་མི་ཡོང་སྟེ་གྲྭ་བཙུན་གྱི་བཞུགས་ཤག་གཏོར་བཞིན་ཡོད་པ་དང་། བཙུན་མ་ཚོས་འགྲེལ་བརྗོད་བྱས་མེད་ཀྱང་། དེ་སྔོན་ཕྱི་ལོ་ ༢༠༠༡ ལོ་ལའང་རྒྱ་གཞུང་གིས་ཡ་ཆེན་སྒར་གཏོར་དགོས་པའི་བཀའ་ཁྱབ་བཏང་ཡོད་སྐོར་སོགས་བཀོད་ཡོད་པ་རེད།ཕྱི་ལོ་ ༢༠༡༧ ལོའི་ལོ་དཀྱིལ་ཙམ་དུ་རྒྱ་ནག་གཞུང་གིས། ཡ་ཆེན་སྒར་དུ་ལམ་ཆེན་མེད་ན་མེ་སྐྱོན་བྱུང་སྐབས་སོགས་སུ་རླངས་འཁོར་འགྲོ་ས་མེད་སྟབས། གྲྭ་པའི་སྒར་དུ་གཞུང་ལམ་རྨིད་ ༡༠ ཅན་གྱི་ལམ་ཆེན་བདུན་དང་། བཙུན་མའི་སྒར་དུ་ལམ་ཆེན་བཅུ་ཙམ་བཟོ་དགོས་པས་གྲྭ་བཙུན་གྱི་ཁང་པ་ཉུང་མཐར་ ༣༥༠༠ ལྷག་གཏོར་དགོས་པའི་སྔོན་བརྡ་འབྱོར་ཡོད་པ་ལྟར།  ལོ་དེའི་ཕྱི་ཟླ་ ༡༠ ཙམ་ནས་བཟུང་དངོས་སུ་གཏོར་བཤིག་ལག་བསྟར་བྱས་ཏེ། གྲྭ་བཙུན་རྣམས་ཀྱིས་སོ་སོའི་ཁང་པ་སོ་སོས་བཤིག་དགོས་པ་དང་། གལ་སྲིད་སོ་སོས་མ་བཤིག་པ་ཡིན་ན། གཞུང་གིས་བཤིག་སྟེ་ཁང་པའི་རྒྱུ་ཆ་ཡོངས་རྫོགས་བེད་མེད་བཟོ་རྒྱུ་ཡིན་པའི་ཉེན་བརྡ་སོགས་བཏང་ཡོད་པའི་གནས་ཚུལ་ཕྱི་ཕྱོགས་སུ་ཐོན་ཡོད་པ་མ་ཟད། ཉེ་སྔོན་གྱི་གནས་ཚུལ་ནང་ས་གནས་གཞན་ནས་སློབ་གཉེར་བྱེད་དུ་ཡོང་བའི་གྲྭ་བཙུན་ ༣༥༠༠ ཕྱིར་འབུད་བཏང་ཟིན་ཡོད་པ་དང་།  ཁོང་ཚོ་ཕྱིར་ཕ་ཡུལ་དུ་འབྱོར་རྗེས་ས་གནས་འགའ་རེ་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་ཆབ་སྲིད་སློབ་གསོ་ཟེར་བ་སྤྲོད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད་པ་དང་། དེ་བཞིན་བོད་ཁུལ་གྱི་དགོན་ཁག་མང་པོར་གྲྭ་བཙུན་ཚོད་འཛིན་བྱས་ཏེ། གྲྭ་རྒྱུན་རང་ལོ་ ༡༨ མ་ལོན་པ་རྣམས་བཙན་གྱིས་སྲིད་གཞུང་གི་སློབ་གྲྭར་བཅུག་པ་དང་། དགོན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་སྲིད་གཞུང་གི་ཆོག་མཆན་ངེས་པར་དུ་ཐོབ་དགོས་པ་སོགས་དམ་དྲག་བཀག་སྡོམ་རིགས་ཤུགས་ཆེན་བྱེད་ཀྱི་ཡོད་པའི་གནས་ཚུལ་རིམ་པར་བྱུང་གི་ཡོད་སྟབས། ཕྱི་ལོ་ ༢༠༡༨ ལོའི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཆོས་དད་རང་དབང་སྐོར་གྱི་སྙན་ཐོའི་ནང་རྒྱ་ནག་གཞུང་ནས་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་བཅས་སུ་གྲྭ་ཤག་ ༡༦༠༠ ཙམ་གཏོར་བཤིག་བཏང་བ་མ་ཟད། གྲྭ་བཙུན་ ༣༠༠༠ ཙམ་ཕྱིར་འཕུད་བཏང་ཡོད་པ་དང་། གྲྭ་བཙུན་ ༡༥༠༠ ཙམ་ལ་ཆབ་སྲིད་སློབ་གསོ་སྤེལ་ཡོད་སྐོར་གསུངས་ཡོད་པ་དང་། ཡང་སྙན་ཐོའི་ནང་བོད་ནང་གི་ཆོས་དད་རང་དབང་སྐོར་ཆེད་དམིགས་གསལ་འདོན་གྱིས། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༢ ནས་ཆོས་དོན་སྒྲིག་ཁྲིམས་ (Regulations on Religious Affairs) གསར་པ་ལག་བསྟར་བྱས་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་གཙོ་བོར་གྱུར་བའི་བོད་ཀྱི་ས་གནས་ཁག་ཏུ་ཡོད་པའི་དགོན་སྡེ་གྲྭ་ཚང་གི་དཔེ་ཁྲིད་ལ་དམིགས་བསལ་དམ་དྲག་དང་། ཉིན་རེའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་ཐེ་བྱུས་སོགས་བྱེད་ཀྱི་ཡོད་པ་མ་ཟད། འདས་ལོར་རྒྱ་ནག་གཞུང་གི་དམ་དྲག་སྲིད་བྱུས་འོག་གྲྭ་བཙུན་ཁག་གཅིག་ལ་སྡུག་སྦྱོང་མནར་གཅོད་དང་ཁག་ཅིག་ངེས་མེད་འཛིན་བཟུང་སོགས་བྱས་ཡོད་པ་དང་། གྲྭ་བཙུན་ཁག་ཅིག་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་ཡོད་སྐོར་སོགས་ཐེར་འདོན་གནང་ཡོད་པ་རེད།

ཡ་ཆེན་སྒར་རམ་ཨོ་རྒྱན་བསམ་གཏན་གླིང་ནི་ཕྱི་ལོ་ ༡༩༨༤ ལོར་མཁན་པོ་ཨ་ཁྱིག་གྲུབ་དབང་འཇམ་དབྱངས་ལུང་རྟོགས་རྒྱལ་མཚན་མཆོག་གིས་ཕྱག་བཏབ་ཡོད་པ་དང་། ཆོས་སྒར་དེར་སེར་སྐྱ་དབྱེར་མེད་ཀྱི་ཐོག་ནས་ནང་ཆོས་ལ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་བྱེད་བཞིན་ཡོད་ལ། བོད་ཁུལ་གྱི་ནང་པའི་ཆོས་སྒར་ཆེ་ཤོས་གཉིས་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག་པ་དང་། རྒྱ་ནག་གཞུང་གིས་དམ་དྲག་བཀག་སྡོམ་རིགས་མ་བྱས་གོང་དུ་ཆོས་སྒར་དེར་གཏན་སྡོད་སློབ་གཉེར་བ་ཁྱོན་ ༡༠༠༠༠ ཡས་མས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༨/༢༨

Leave a Reply

One thought on “ཡ་ཆེན་སྒར་གྱི་ཕྱེད་ཀ་ཙམ་གཏོར་ནས་རྩ་མེད་བཟོས་ཡོད་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་

    བོད་མིའི་གཉིས་སྨན་དབུ་མའི་ལམ་བསྟན་
    རྒྱ་མིའི་བོད་ཡུལ་གཏོར་ཤིག་བཏང་མཉམ་
    འབྲེལ་རྒྱལ་པཚོགས་ཁ་ལྐུག་མིག་མ་གསལ་རྣ་བ་
    ཝོན་དབང་པོ་ཉམས་ནས་རང་མགོ་མ་འཐོན་
    པའི་དུས་ལ་སླེབས་མི་འདུག་གམ།