དེ་རིང་ནམ་མ་ལངས་གོང་ཙམ་ལ་ཧོང་ཀོང་ནང་དམག་མི་དང་དྲག་ཆས་འབོར་ཆེན་འབྱོར།

རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་ལོ་འཆར་ཅན་ལྟར་དེ་རིང་ཞོགས་སྔ་ཧོང་ཀོང་ནང་གི་བཅིངས་གྲོལ་དམག་སྡེ་བརྗེ་སྤོར་བརྒྱབས་ཡོད་ལ་དམག་དཔུང་གིས་ཧོང་ཀོང་གི་བདེ་འཇགས་བདེ་དབང་སོགས་ལ་ཉེན་སྲུང་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུགདེ་རིང་ཞོགས་སྔ་རྒྱ་ནག་གིས་ཧོང་ཀོང་གི་ཧང་ཀང་མཚོ་འགག་ (Huanggang Port) དང་། སི་ཊོན་ཀ་ཊར་མཚོ་གླིང་(Stonecutters Island) བརྒྱུད་ཧོང་ཀོང་ནང་དམག་མི་དང་མེ་སྒྱོགས་སོགས་མཚོན་ཆ་དབོར་འདྲེན་བྱས་ཡོད་པའི་གནས་ཚུལ་ཐོན་པ་དང་འབྲེལ། རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས། དེ་ནི་དབུས་དམག་སྲིད་ལས་དོན་ལྷན་ཁང་གི་བཀོད་ཁྱབ་བཞིན། ཧོང་ཀོང་ནང་གི་བཅིངས་གྲོལ་དམག་སྡེ་ཁག་བརྗེ་སྤོར་རྒྱག་པའི་ལོ་རེའི་བྱ་འགུལ་རྒྱུན་ལྡན་ཞིག་ཡིན་སྐོར་བསྒྲགས་འདུག

དེ་རིང་ས་གནས་དེའི་ཞོགས་པའི་ཆུ་ཚོད་ ༤ དང་ཕྱེད་ཀ་ཙམ་གྱི་ཐོག་ལ་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས། དེ་རིང་ཞོགས་སྔ་ཧོང་ཀོང་དུ་ཕྱི་ལོ་ ༡༩༩༧ ནས་བཟུང་རྟེན་གཞི་བྱས་པའི་བཅིངས་གྲོལ་དམག་གི་སྡེ་ཁག་བརྗེ་སྤོར་ཐེངས་ཉེར་གཉིས་པ་དེ་གྲུབ་ཡོད། ཅེས་དང་། དེ་ནི་རྒྱ་ནག་དབུས་དམག་སྲིད་ལས་དོན་ལྷན་ཁང་གི་བཀོད་ཁྱབ་འོག་ནས་འཆར་ཅན་ལྟར་ལོ་རེའི་དམག་སྡེ་བརྗེ་སྤོར་རྒྱག་ཚུལ་ཞིག་ཡིན་ལ། རྒྱ་ནག་གི་ཧོང་ཀོང་དམིགས་བསལ་ས་ཁུལ་ནང་དམག་གི་བཀོད་འདོམས་བྱེད་པའི་སྒྲིག་གཞི་སྟེ། ཧོང་ཀོང་གི་དམག་སྡེས་རང་གི་དམག་མི་བརྗེ་སྤོར་རྒྱག་དགོས་ཅེས་པ་དང་མཐུན་ཡོད། ཅེས་དང་། ད་ལན་ཧོང་ཀོང་དུ་བཏང་བའི་དམག་མི་རྣམས་ལ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། ཁེ་ཕན་བཅས་སྲུང་སྐྱོབ་བྱེད་རྒྱུའི་ནུས་པ་ལྡན་ཡོད་ལ། ཁོ་ཚོས་ཧོང་ཀོང་ཉེན་སྲུང་བྱ་རྒྱུའི་ལས་འགན་འཁུར་སྟེ། གྲོང་ཁྱེར་དེའི་ཡར་རྒྱས་དང་བརྟན་བརླིང་རྒྱུན་གནས་ཐུབ་རྒྱུར་རོགས་འདེགས་བྱ་ངེས་རེད། ཅེས་བརྗོད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་ལ་པེ་ཅིན་དུ་གནས་སྡོད་དམག་དོན་ཆེད་མཁས་པ་ཀྲོ་ཁྲིན་མིང་ (Zhou Chenming) ཟེར་བ་ཞིག་གིས། ད་ལན་གྱི་དམག་སྡེ་བརྗེ་སྤོར་རྒྱག་ཚུལ་དེ་གནས་སྟངས་ལ་ཧ་ཅང་བསྟུན་མཁས་བྱས་ཡོད་པ་རེད། གལ་ཏེ་དམག་སྡེ་དེ་གསང་བའི་ཐོག་ནས་མཚན་མོ་ཧོང་ཀོང་ནང་འཛུལ་ཚེ། ཧོང་ཀོང་གི་གསར་འགོད་པ་དང་མི་མང་རྣམས་ལ་འཇིགས་སྣང་བསྐྲུན་སྲིད་པ་རེད། དེར་བརྟེན་པེ་ཅིན་གཞུང་གིས་ད་དུང་ཡང་ཧོང་ཀོང་གི་བརྟན་བརླིང་ལ་ཡིད་གཟབ་བྱེད་ཀྱི་ཡོད་པ་རེད། ཅེས་དང་། ཧོང་ཀོང་ནང་གི་ངོ་རྒོལ་ལས་འགུལ་ཐོག་དམ་དྲག་བྱེད་ཆེད་དམག་གི་གྲངས་འབོར་སྤར་ཡོད་མེད་དྲིས་པར།  དམག་གི་གྲངས་འབོར་དེ་སྔར་མུས་བཞིན་ ༦༠༠༠ ནས་ ༧༠༠༠ བར་སོར་བཞག་ཡིན་སྐོར་བརྗོད་འདུག

ཡིན་ན་ཡང་། ཧོང་ཀོང་གི་སྤྱི་དམངས་སྲིད་དོན་ཚོགས་པའི་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་ཌེ་ནི་སི་ཀོག་ (Dennis Kwok) གིས་གྷར་ཌིན་གསར་ཁང་ལ། ངའི་བསམ་ཚུལ་ལ་ད་ལན་དམག་སྡེ་བརྗེ་སྤོར་བརྒྱབས་པ་དེ་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་མི་མང་ཐོག་ལ་བཅིངས་གྲོལ་དམག་འགྲེམ་འཇོག་བྱ་སྲིད་པའི་ཞེད་སྣང་སྐུལ་ཚུལ་ཞིག་རེད། ངས་དུས་རྒྱུན་དུ་དམག་མི་བཀོལ་སྤྱོད་བྱས་ཚེ་ཧོང་ཀོང་འཇིག་རྒྱུ་ཡིན་པ་བཤད་བཞིན་ཡོད། དེར་བརྟེན་ངས་རྒྱ་ནག་དབུས་གཞུང་ལ་འདི་ལྟ་བུའི་བྱ་སྤྱོད་མི་སྤེལ་རྒྱུའི་ཉེན་བརྡ་གཏོང་གི་ཡོད། ཅེས་བརྗོད་འདུགཡང་གྷར་ཌིན་གསར་ཁང་གིས་སྤེལ་བའི་གནས་ཚུལ་དེའི་ནང་། རྒྱ་ནག་གཞུང་གི་ཕྱི་ལོ་ ༢༠༡༧ དང་ ༢༠༡༨ ལོའི་དམག་སྡེ་བརྗེ་སྤོར་རྒྱག་སྐབས་གཞུང་འབྲེལ་གསར་ཁང་དག་གིས་དམག་མིའི་གྲངས་འབོར་དང་མཚོན་ཆ་ཐད་འགྱུར་བ་ཕྱིན་མེད་སྐོར་སོགས་བཀོད་ཡོད་ཀྱང་། འདི་ལོར་དེའི་ཐད་གསལ་བཤད་ཙམ་ཡང་མེད་སྐོར་དང་། ཚོད་དཔག་བྱས་ན་ཧོང་ཀོང་ནང་ཁྱོན་རྒྱ་དམག་ ༨༠༠༠ ནས་ ༡༠༠༠༠ ལྷག་ཡོད་སྐོར་བརྗོད་འདུག

ད་ལྟའི་ཆར་ཧོང་ཀོང་ནང་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་མི་མང་རང་བཞིན་གྱི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་ཟླ་ ༢ དང་ཕྱེད་ཁ་ལྷག་འགྲོ་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༣༡ ཉིན་ཧོང་ཀོང་གི་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ (Civil Human Rights Front) གོ་སྒྲིག་འོག་ཁྲིམས་རྒོལ་ལས་འགུལ་ཞིག་སྤེལ་འཆར་འདུག་ཀྱང་། ཧོང་ཀོང་ཉེན་རྟོག་པས་ལས་འགུལ་སྤེལ་མི་ཆོག་རྒྱུའི་བཀའ་རྒྱ་བཏང་ཡོད་འདུག ད་བར་ཧོང་ཀོང་གཞུང་གི་བཀག་སྡོམ་དང་ཉེན་བརྡ་ལ་མ་འཛེམ་པར་དམངས་གཙོ་དོན་གཉེར་ཅན་ཧོང་ཀོང་བ་སྟོང་ཕྲག་མང་པོས་མུ་མཐུད་རྒྱ་ལམ་དང་། གཞུང་གི་ལས་ཁུངས། མངག་གཏོང་ཁང་གི་མདུན་སོགས་སུ་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་གྱི་ཡོད་ལ། ཧོང་ཀོང་ཉེན་རྟོག་པས་སྔར་ལྟར་མིག་ཆུའི་དུག་རླངས་དང་། འགྱིག་མདེའུ་སོགས་དྲག་པོའི་ཐབས་བྱུས་བཀོལ་སྤྱོད་བྱེད་བཞིན་ཡོད་པ་མ་ཟད། ཕྱི་ཚེས་ ༢༣ ཉིན་ཉེན་རྟོག་པས་ད་བར་ངོ་རྒོལ་ལས་འགུལ་བ་ ༨༨༣ འཛིན་བཟུང་བྱས་པའི་ཁྲོད་ནས་ ༡༣༦ ལ་ཉེས་ཆད་བཅད་ཡོད་སྐོར་བསྒྲགས་ཡོད་པ་རེད།ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ཧོང་ཀོང་ནང་དྲ་རྒྱ་གསར་པ་ཞིག་སྒོ་ཕྱེས་ཏེ། གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་གཏེ་བོའི་མིང་དང་གནས་ཚུལ་མཁོ་སྤྲོད་བྱས་ཚེ། ཧོང་ཀོང་གི་ཌོ་ལར་འབུམ་ ༢ ནས་ས་ཡ་ ༡ བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན་སྐོར་བཀོད་འདུག་པའི་ནང་། འཚེ་བ་དང་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ཉུང་ཤས་ཤིག་གིས་ཧོང་ཀོང་གྲོང་ཁྱེར་ལ་དོ་ཕོག་ཤུགས་ཆེན་བཏང་ཡོད་པས། ང་ཚོས་ཧོང་ཀོང་ནང་བརྟན་བརླིང་བསྐྱར་གསོ་ཡོང་འདོད་ཡོད། ཅེས་བཀོད་འདུག་པ་མ་ཟད། ཉེ་སྔོན་ངོ་རྒོལ་ལས་འགུལ་ཁྲོད་ཧོང་ཀོང་ནང་གི་རྒྱ་ནག་གཞུང་གི་ལས་ཁུངས་ཀྱི་རྒྱལ་རྟགས་དང་། ཧོང་ཀོང་གཞུང་གི་མཚོན་རྟགས་སྟེང་སྣ་ཚ་བྱོ་མཁན། རྒྱ་ནག་གི་རྒྱལ་དར་མཚོའི་ནང་གཡུག་མཁན་བཅས་ཚུད་པའི་གནད་དོན་ ༣༠ དང་འབྲེལ་བའི་ལས་འགུལ་བའི་མིང་དང་གནས་ཚུལ་མཁོ་སྤྲོད་བྱེད་དགོས་སྐོར་བཀོད་འདུགརྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་དྲ་རྒྱ་དེའི་རྒྱབ་ལྗོངས་འཚོལ་བཤེར་བྱེད་སྐབས། དྲ་རྒྱ་དེ་ལུང་ཁྲུན་ཡེན་(Leung Chun ying)ཅེས་པའི་མིང་ཐོག་ནས་དེབ་སྐྱེལ་བྱས་པ་ཞིག་དང་། དྲ་རྒྱ་དེ་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གསར་བསྐྲུན་བྱས་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད་འདུག་ལ། ལུང་ཁྲུན་ཡེན་ཟེར་བའི་མིང་དེ་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་སྤྱི་ཁྱབ་ཟུར་པ་དང་། ད་ལྟའི་རྒྱ་ནག་གི་མི་དམངས་སྲིད་གྲོས་(Chinese People’s Political Consultative)ཀྱི་ཚོགས་གཞོན་ལུང་ཁྲུན་ཡེན་གྱི་མིང་དང་གཅིག་མཚུངས་ཡིན་པ་དང་། ཉེ་སྔོན་ལུང་ཁྲུན་ཡེན་གྱིས་རང་གི་སྤྱི་ཚོགས་དྲ་ལམ་ངོ་དེབ་ཐོག་རྒྱ་ནག་གི་རྒྱལ་དར་མཚོ་མོའི་ནང་གཡུག་མཁན་གྱི་མིང་དང་གནས་ཚུལ་མཁོ་སྤྲོད་བྱས་ཏེ་འཛིན་བཟུང་ཐུབ་ན། ཧོང་ཀོང་གི་ཌོ་ལར་ས་ཡ་ ༡ སྤྲོད་རྒྱུ་ཡིན་སྐོར་གྱི་གནས་ཚུལ་ཞིག་སྤེལ་ཡོད་པས། གནད་དོན་དབྱེ་ཞིབ་པས་དྲ་རྒྱ་དེ་རྒྱ་ནག་མི་དམངས་སྲིད་གྲོས་ཀྱིས་བཟོས་པ་ཞིག་ཡིན་པའི་དོགས་པ་བྱེད་ཀྱི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༨/༢༩

Leave a Reply