ཨོ་སི་ཊོ་ལི་ཡ་གཞུང་གིས་ཁུང་ཙི་ལྟེ་གནས་ལ་དོགས་ཟོན་ཆེན་པོ་གནང་གི་ཡོད་འདུག

ཨོ་སི་ཊོ་ལི་ཡ་གཞུང་གིས་ཁུང་ཙི་ལྟེ་གནས་དང་འབྲེལ་ཏེ་རྒྱལ་ཁབ་ཀྱི་བདེ་སྲུང་དང་གཙུག་ལག་སློབ་གཉེར་ཁང་ཁག་གི་རང་སྐྱོང་སྲུང་སྐྱོབ་ཆེད་ཚོགས་ཆུང་ཞིག་ཆེད་འཛུགས་གནང་ཡོད་སྐོར་བརྗོད་འདུགརྒྱ་ནག་གི་ཁུང་ཙི་ལྟེ་གནས་ཁང་དག་གིས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཁ་དང་རིག་རྩལ་ཐོན་དངོས་རྐུ་འཁྱེར་སོགས་བྱེད་ཀྱི་ཡོད་པའི་གནད་དོན་ཐད། འཛམ་གླིང་རྒྱལ་ཁབ་མང་པོས་དོགས་ཟོན་དང་འཕྲལ་མར་ཐག་གཅོད་ཡོང་ཐབས་བྱེད་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༨ ཉིན། ཨོ་སི་ཊོ་ལི་ཡ་གཞུང་གིས་ཁུང་ཙི་ལྟེ་གནས་ཀྱི་གནད་དོན་དང་འབྲེལ་ཏེ། རྒྱལ་ཁབ་ཀྱི་བདེ་སྲུང་དང་གཙུག་ལག་སློབ་གཉེར་ཁང་ཁག་གི་རང་སྐྱོང་སྲུང་སྐྱོབ་ཆེད་ཚོགས་ཆུང་ཞིག་ཆེད་འཛུགས་གནང་ཡོད་སྐོར་བརྗོད་འདུག

ཨོ་སི་ཊོ་ལི་ཡའི་ཤེས་རིག་བློན་ཆེན་ཌན་ཊི་ཧན་ (Dan Tehan) ལགས་ཀྱིས། གཙུག་ལག་སློབ་གྲྭ་ཁག་གིས་ཀྱང་སློབ་གྲྭའི་འཛིན་སྐྱོང་གི་ཉེན་ཁ་དང་རྒྱལ་ཁབ་ཀྱི་མངོན་འདོད་ལ་དྲ་ཐོག་གི་འཇབ་རྒོལ་དང་། ཕྱིའི་རྒྱལ་ཁབ་ཀྱི་ཐེ་གཏོགས་ཡོང་བའི་ཉེན་ཁ་ཡོད་པ་ཤེས་ཀྱི་ཡོད་པས། ང་ཚོའི་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་བདེ་སྲུང་དང་ཞིབ་འཇུག ཕན་ཚུན་མཉམ་འབྲེལ་དང་གཙུག་ལག་སློབ་གྲྭ་ཁག་གི་རང་སྐྱོང་བཅས་ཀྱི་ཐད་གསལ་ཁ་ཡོང་ཐབས་ལ་ལས་དོན་རུ་ཁག་ཅིག་བཙུགས་ཏེ་འབད་བརྩོན་བྱེད་མགོ་བརྩམས་ཡོད། ཅེས་གསུངས་འདུགཤེས་རིག་བློན་ཆེན་ལགས་ཀྱིས་གསུངས་པ་ལྟར་ན། ལས་དོན་རུ་ཁག་དེར་དྲ་བའི་བདེ་སྲུང་ཚན་པ་ཞིག་ཡོད་པ་དང་། ཚན་པ་དེས་གཙུག་ལག་སློབ་གྲྭའི་དྲ་བར་ཆོག་མཆན་མེད་པའི་ནང་འཛུལ་དང་། ཡིག་ཆ་རྐུ་འཁྱེར་དང་སྐྱོན་གནད་བཟོ་བར་འགོག་སྲུང་བྱེད་ཀྱི་ཡོད་འདུག་ལ། ཤེས་ཡོན་རང་དབང་དང་རིག་རྩལ་ཐོན་རྫས་ཀྱི་བདག་དབང་། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་གིས་སློབ་གླིང་ལ་ཤུགས་རྐྱེན་སྤྲོད་པར་སྲུང་སྐྱོབ་བྱེད་པའི་ཞིབ་འཇུག་དང་རིག་རྩལ་ཐོན་རྫས་ཀྱི་བདག་དབང་ཚན་པ་ཞིག་ཀྱང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཨོ་གླིང་གི་ཝེལ་སི་ལྷོ་རྒྱུད་གསར་པའི་གཞུང་འབྲེལ་གཙུག་ལག་སློབ་གྲྭ་ (New South Wales)ཡིས། ཁོངས་གཏོགས་མཐོ་སློབ་ཁག་ ༡༣ ནང་ཁུང་ཙི་ལྟེ་གནས་སྒོ་བརྒྱབས་པ་བསྒྲགས་ཡོད་པ་རེད། འདི་ལོའི་ཕྱི་ཟླ་ ༥ ནང་གཙུག་ལག་སློབ་གྲྭ་དེའི་ཤེས་ཡོན་སྡེ་ཚན་གྱིས་ཨོ་གླིང་གི་སློབ་གྲྭ་ཁག་གི་ནང་ཕྱིའི་རྒྱལ་ཁབ་ཀྱི་དྲིལ་བསྒྲགས་ཐོག་བསྐྱར་ཞིབ་བྱས་པའི་ནང་། ཁུང་ཙི་ལྟེ་གནས་ཁང་གིས་སློབ་གྲྭ་ཁག་གི་ནང་འོས་འཚམ་མིན་པའི་ཕྱིའི་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་དང་། ཤུགས་རྐྱེན་སྤྲོད་ཐུབ་པའི་མཐུན་རྐྱེན་སྤྲོད་ཀྱི་ཡོད་པའི་བདེན་དཔང་མང་པོ་རྙེད་ཡོད་པ་བཀོད་ཡོད་པ་རེད། སྐབས་དེར་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཐོག ཕྱི་ལོ་ ༢༠༡༢ ལོ་ནས་ཨོ་གླིང་གི་ (New South Wales) དང་རྒྱ་ནག་གི་ཅཱང་སུའུ་ཤེས་ཡོན་ལྷན་ཁང་ (Jiangsu education department) གཉིས་ཀྱིས་ཐོག་མར་མཉམ་འབྲེལ་གྱི་གན་རྒྱ་བཞག་པ་ནས་བཟུང་སྟེ། གཙུག་ལག་སློབ་གྲྭ་དེའི་ཁྱབ་ཁོངས་ཀྱི་གཞི་རིམ་དང་འབྲིང་རིམ་གྱི་སློབ་མ་སྟོང་ ༡༨ ཙམ་ལ་རྒྱ་ཡིག་སྦྱོང་བའི་གོ་སྐབས་རག་ཡོད་པ་དང་། ཕྱི་ལོ་ ༢༠༢༢ བར་གྱི་གན་རྒྱ་མ་རྫོགས་གོང་ནས་རྩིས་མེད་བཏང་བར་བློ་ཕམ་བྱུང་སྐོར་དང་། ཨོ་གླིང་ནང་ལས་གཞི་དེར་སློབ་ཕྲུག་གི་ཕ་མ་དང་དགེ་རྒན། ས་གནས་གཞུང་ནས་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་སྐོར་སོགས་བཀོད་འདུག

དེའི་ཐད་འདི་གའི་གསར་འགོད་པས་ཨོ་གླིང་བོད་དོན་ལྷན་ཁང་གི་ལས་འགུལ་སྣེ་འཁྲིད་པ་བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་སུ་ཨོ་གླིང་གི་ཁུང་ཙི་ལྟེ་གནས་སྒོ་བརྒྱབས་པའི་སྐོར་བཀའ་འདྲི་ཞུས་པར་ཁོང་མོས། ཉེ་ཆར་བདུན་ཕྲག་གཅིག་ཙམ་གྱི་སྔོན་ལ་ཨོ་གླིང་གི་ནེའུ་ལྷོ་བརྒྱུད་ཝེལ་སིའི་ཤེས་རིག་ལྷན་ཁང་ནས་ཁུང་ཙི་ལྟེ་གནས་ཁང་གཏན་དུ་སྒོ་བརྒྱབས་པའི་གསལ་བསྒྲགས་གནང་ཡོད་པ་དེ་གནས་ཚུལ་བཟང་པོ་ཞིག་ཡིན་པ་དང་། དེ་ནི་ཨོ་གླིང་ནང་ཁུང་ཙི་ལྟེ་གནས་ཁང་སྒོ་བརྒྱབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། ཨོ་གླིང་དུ་ཡོད་པའི་ཨོ་གླིང་བོད་དོན་ལྷན་ཁང་(Australia Tibet Council)དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་བཅས་མངའ་སྡེའི་གྲོས་ཚོགས་ལ་བཅར་ཏེ་ཞུ་གཏུག་དང་། མཚན་རྟགས་བསྡུ་རུབ་སོགས་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་པ་དང་། སྤྱིར་ན་རྒྱ་ནག་གི་ཚོགས་པ་ཞིག་གཞུང་གི་ལྷན་ཁང་ནང་ཞུགས་པ་དེ་ནོར་འཁྲུལ་ཧ་ཅང་ཆེན་པོ་ཞིག་ཡིན་པ་དང་། དེ་སྔ་ཡིན་ན་ནེའུ་ཝེལ་སི་མངའ་སྡེའི་ཤེས་རིག་ལྷན་ཁང་གི་ཁྱབ་ཁོངས་སློབ་གྲྭ་ ༡༣ ནང་ཁུང་ཙི་ལྟེ་གནས་ཁང་བརྒྱུད་ནས་རྒྱའི་སྐད་ཡིག་དང་རྒྱའི་རིག་གཞུང་སློབ་ཀྱི་ཡོད་ཀྱང་། ད་ལྟ་མངའ་སྡེ་གཞུང་ནས་ཁུང་ཙི་ལྟེ་གནས་ཁང་སྒོ་བརྒྱབས་ཡོད་སྟབས། སློབ་གྲྭ་དེ་དག་ནང་རྒྱ་སྐད་སོགས་སློབ་ཁྲིད་མཚམས་བཞག་ཡོད་པ་རེད། ངས་བལྟས་ན་དེ་ནི་ང་ཚོའི་བོད་དོན་འཐབ་རྩོད་ལ་རྒྱལ་ཁ་གང་འཚམ་ཆེན་པོ་ཞིག་ཐོབ་ཡོད་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ཁུང་ཙི་ལྟེ་གནས་ཁང་དེ་རྒྱ་ནག་གཞུང་དང་འབྲེལ་བ་ཆེན་པོ་ཞེ་དྲག་ཡོད་པ་དང་། དེ་བརྒྱུད་ནས་ཨོ་གླིང་གི་དབུས་སའི་གཞུང་གི་ཚོང་དོན་དང་སློབ་གསོ། གསར་འགྱུར་ལས་རིགས་བཅས་ལ་རྒྱ་ནག་གཞུང་གི་གནོན་ཤུགས་ཧ་ཅང་ཆེན་པོ་སླེབ་ཀྱི་ཡོད་པ་རེད། ཅེས་གསུངས་བྱུང་།ཡང་ཁོང་མོས། དེ་སྔོན་ཡིན་ན་ཨོ་གླིང་ནང་ཁུང་ཙི་ལྟེ་གནས་ཁང་ ༡༤ ཡོད་ཀྱང་ད་ལྟའི་ཆར་ཁྱོན་མཐོ་སློབ་ ༡༣ ནང་ཁུང་ཙི་ལྟེ་གནས་ཁང་ཡོད་པ་དང་། ད་ལྟ་ཨོ་གླིང་བོད་དོན་ལྷན་ཁང་གིས་ཨོ་གླིང་གི་ཁྱུན་སི་ལན་ཌི་གཙུག་ལག་སློབ་གྲྭའི་(University of Queensland)སློབ་ཕྲུག་ཚོགས་པ་དང་འབྲེལ་བ་བྱས་ཏེ། དེར་ཡོད་ཁུང་ཙི་ལྟེ་གནས་སྒོ་རྒྱག་ཐབས་ཀྱི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་མུས་ཡིན་ལ། སློབ་གླིང་དེའི་ཁུང་ཙི་ལྟེ་གནས་ཀྱི་དགེ་རྒན་ཨོ་གླིང་རྒྱ་ནག་གཞུང་ཚབ་པ་དེ་ཡིན་པ་དང་། རིམ་གྱིས་ཁུང་ཙི་ལྟེ་གནས་ཡོད་པའི་མཐོ་སློབ་གཞན་དག་ནང་ལས་འགུལ་སྤེལ་འཆར་ཡོད་སྐོར་གསུངས་བྱུང་།

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན། ཁ་ན་ཌའི་ནིའུ་བྷ་རན་སི་ཝིག་ (New Brunswick) ཞིང་ཆེན་ནས་འདི་ལོའི་ཕྱི་ཟླ་ ༩ པའི་ནང་བར་བྱིས་གཉོར་ཁང་ནས་འཛིན་རིམ་ ༨ བར་གྱི་སློབ་གྲྭ་ཁག་ ༡༨ ནས་ཁུང་ཙི་ལྟེ་གནས་ཁང་གི་གན་རྒྱ་མཚམས་འཇོག་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༢༢ ལོར་མཐོ་སློབ་ཁག་གི་ནང་མཚམས་འཇོག་བྱ་རྒྱུ་ཡིན་པ་བསྒྲགས་ཡོད་པ་འདུག དེ་བཞིན་འདས་པའི་ཟླ་ ༡༨ ནང་ཉུང་མཐར་ཨ་རིའི་གཙུག་ལག་སློབ་གྲྭ་ ༡༥ ཡིས་ཁུང་ཙི་ལྟེ་གནས་ཁང་གི་གན་རྒྱ་མཚམས་འཇོག་བྱས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན། ཨ་རིའི་ (Pennsylvania) མངའ་སྡེའི་པིཊ་སི་བྷག་གཙུག་ལག་སློབ་གྲྭས་ (University of Pittsburgh) གནས་སྐབས་རིང་ཁུང་ཙི་ལྟེ་གནས་ཁང་གི་ལས་མཚམས་འཇོག་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

ཁུང་ཙི་ལྟེ་གནས་ཁང་ཟེར་བ་དེ་ཕྱི་ལོ་ ༢༠༠༤ ལོར་རྒྱ་ནག་ཤེས་རིག་ལྷན་ཁང་འོག་གསར་འཛུགས་བྱས་ཡོད་པ་དང་། དེའི་དམིགས་ཡུལ་ནི་རྒྱའི་སྐད་ཡིག་དང་རིག་གནས་དར་སྤེལ། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་ལ་རིག་གཞུང་བརྗེ་རེས་སོགས་ཀྱི་ཆེད་དུ་ཡིན་སྐོར་བསྒྲགས་ཡོད་ནའང་། ལྟེ་གནས་ཁང་དེའི་དགེ་རྒན་རྣམས་ལ་རྒྱ་ནག་གཞུང་གིས་སྦྱིན་བདག་དང་གོ་སྒྲིག་བྱེད་ཀྱི་ཡོད་ལ། ངེས་པར་དུ་རྒྱ་ནག་དམར་ཤོག་ཚོགས་པར་དགའ་མོས་ཡོད་མཁན་ཞིག་ཡིན་དགོས་ཀྱི་ཡོད་འདུག

ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་ ༡༤༢ ཙམ་ནང་ཁུང་ཙི་ལྟེ་གནས་ཁང་ ༥༠༠ ལྷག་ཡོད་འདུག་ལ། ཨོ་གླིང་གི་སློབ་གཉེར་ཁང་ ༡༤ ནང་ཁུང་ཙི་ལྟེ་གནས་ཁང་གི་མཐུན་སྦྱོར་འོག་ཁྱོན་འཛིན་གྲྭ་ ༦༧ ཡོད་པ་དང་། འཛམ་གླིང་གི་ཁུང་ཙི་ལྟེ་གནས་ཁང་མང་ཤོས་ཀྱི་རྒྱལ་ཁབ་ཨང་ ༣ པ་ཆགས་ཡོད་པ་དང་། དབྱིན་ཡུལ་དང་ཨ་རི་གཉིས་ནི་ཁུང་ཙི་ལྟེ་གནས་ཁང་མང་ཤོས་ཀྱི་རྒྱལ་ཁབ་གཉིས་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༨/༢༩

Leave a Reply

3 thoughts on “ཨོ་སི་ཊོ་ལི་ཡ་གཞུང་གིས་ཁུང་ཙི་ལྟེ་གནས་ལ་དོགས་ཟོན་ཆེན་པོ་གནང་གི་ཡོད་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་

    ཁུང་ཙི་ཟེར་བའི་ཐ་སྙད་དེ་གང་ཡིན་ཤེས་མ་སོང་ན་འབྲེལ་བཤད་གནང་
    རོགས་བཀྲིན་ཆེ་ཐུགས་རྗེ་ཆེ།