བོད་རྒྱ་ཐའེ་གསུམ་གྱི་རྩོམ་པ་པོ་ ༤༠ ལྷག་གིས་ཧོང་ཀོང་ཁྲིམས་རྒོལ་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ།

བོད་རིགས་རྩོམ་པ་པོ་ ༣༥ ཡས་མས་ཀྱིས་བོད་འགྱེལ་ས་ནས་ཧོང་ཀོང་འགྱེལ་འཇུག་མི་རུང་བ་ནི་བོད་པ་ཚོར་ཀུན་སྤྱོད་ཐད་ཀྱི་འོས་འགན་ཡོད་པས་ཧོང་ཀོང་གི་ཞི་རྒོལ་བར་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་བ་ཡིན་སྐོར་བརྗོད་བྱུང་།དེ་རིང་བོད་དང་རྒྱ་ནག ཐའེ་ཝན་བཅས་ཀྱི་རྩོམ་པ་པོ་ ༤༠ ལྷག་གིས། ད་ལྟའི་ཧོང་ཀོང་ནང་འགྲོ་བཞིན་པའི་ཧོང་ཀོང་གི་ཞི་བའི་ཁྲིམས་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་ཡོད་པའི་དོན་ཚན་བཞི་ཅན་གྱི་བསྒྲམས་གཏམ་ཞིག་སྤེལ་ཡོད་པ་དང་། ཁོ་ཚོས་སྤེལ་བའི་བསྒྲགས་གཏམ་ནང་ཧོང་ཀོང་གྲོས་ཚོགས་ནས་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༦ ཚེས་ ༡༢ ཉིན་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཟེར་བའི་ནང་དོན་གཏན་འབེབ་ཐད་ཚོགས་འདུ་ཐེངས་གཉིས་ལ་ཚོགས་འཆར་བྱས་ཡོད་པ་ལྟར། བྱེད་སྟངས་དེ་ནི་ཕྱི་ལོ་༡༩༩༧ ལོ་ནས་རྒྱ་ནག་དམར་ཤོག་གཞུང་གིས་ཧོང་ཀོང་དུ་ལག་བསྟར་བྱས་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་། ཧོང་ཀོང་བས་ཧོང་ཀོང་སྐྱོང་བའི་རྩ་བའི་ཁྲིམས་གཞི་དང་འགལ་ཡོད་སྐོར་བཀོད་འདུག

ཐེངས་འདིའི་རྒྱབ་སྐྱོར་བསྒྲགས་གཏམ་གྱི་སྣེ་འཁྲིད་མཁན་གཙོ་བོ་བོད་ཀྱི་རྩོམ་པ་པོ་ཁག་ཅིག་ཡིན་པ་དང་། འདི་གའི་གསར་འགོད་པས་རྩོམ་པ་པོ་དང་ཉམས་ཞིབ་པ་གནམ་ལོ་ཡག་ལགས་སུ་ཧོང་ཀོང་ལ་རྒྱབ་སྐྱོར་བྱེད་དགོས་པའི་དམིགས་ཡུལ་དང་། ཧོང་ཀོང་གི་གནད་དོན་དེ་བོད་ཀྱི་འཐབ་རྩོད་ལ་གལ་ཆེན་པོ་ག་འདྲ་ཆགས་ཡོད་མེད་སྐོར་དྲིས་པར་ཁོང་གིས། ཧོང་ཀོང་ལ་རྒྱབ་སྐྱོར་བྱེད་དོན་གཙོ་བོ་དེ་ཧོང་ཀོང་ཞི་རྒོལ་བར་རྒྱ་ནག་དམར་ཤོག་གཞུང་གིས་དྲག་གནོན་བྱེད་མི་སྲིད་པ་མིན་པས། ཐོག་མ་ནས་རྒྱ་ནག་དམར་ཤོག་གཞུང་ལ་བརྡ་ལན་ཞིག་དང་འཛམ་གླིང་ལ་འབོད་སྐུལ་ཞུ་ཆེད་ཡིན། ད་རེས་ཀྱི་ལས་འགུལ་འདི་བོད་རྒྱ་ཐའེ་གསུམ་གྱི་རྩོམ་པ་པོ་མཉམ་རུབ་ཀྱི་འབོད་སྐུལ་གསལ་བསྒྲགས་ཤིག་ཡིན་པས། ཧོང་ཀོང་གི་ཞི་རྒོལ་མི་དམངས་ལ་སེམས་ཤུགས་སྤར་གཞི་ཞིག་ལའང་འགྲོ་སྲིད་པ་རེད་བསམ་ཡོད། ཅེས་དང་། བོད་རྒྱ་ཐའེ་གསུམ་སུ་ལ་མཚོན་ནའང་ཧོང་ཀོང་ཧ་ཅང་གལ་ཆེན་རེད། མ་གཞི་ཧོང་ཀོང་དམངས་གཙོ་ཕྱེད་ཙམ་གྱི་གནས་སྟངས་འོག་ཡོད་པས། མ་འོངས་པར་རྒྱ་ནག་དམངས་གཙོར་འགྱུར་བར་ཤུགས་རྐྱེན་ཐད་ཀར་བསྐྲུན་ཐུབ་པའི་ཡུལ་ལུང་གལ་ཆེན་ཞིག་ཡིན་ཞིང་། རྒྱ་ནག་དམངས་གཙོར་འགྱུར་རྒྱུ་ནི་བོད་འདུ་བའི་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་རྒྱག་མཁན་དག་གི་དམིགས་འབེན་འགྲུབ་བྱེད་དང་། ཐའེ་ཝན་གྱི་བདག་དབང་ལ་གནོད་སྐྱོན་འགོག་ཐབས་གཙོ་བོ་དེ་ཡིན་པ་རེད། ཕྱོགས་གཞན་ཞིག་ནས་བཤད་ན། དེང་གི་ཧོང་ཀོང་ནི་སྔར་གྱི་བོད་ཀྱི་གནས་སྟངས་སྒང་སླེབ་ཡོད་པས། བོད་འགྱེལ་ས་ནས་ཡང་བསྐྱར་ཧོང་ཀོང་འགྱེལ་འཇུག་མི་རུང་བ་ནི་བོད་པ་ཚོར་ཀུན་སྤྱོད་ཐད་ཀྱི་འོས་འགན་ཡོད་པ་རེད། ཅེས་བརྗོད་བྱུང་།

བསྒྲགས་གཏམ་ནང་ཧོང་ཀོང་བས་རང་འགུལ་གྱིས་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་ཆེད། ལས་མཚམས་འཇོག་པ་དང་སློབ་མཚམས་འཇོག་པ། ཚོང་མཚམས་འཇོག་པ། གྲོས་ཚོགས་མདུན་ངོ་རྒོལ་བཅས་ཀྱི་ཞི་བའི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པ་དང་། ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེ་བ་དང་སྤྱོད་པ་ཞི་འཇམ་ཡིན་པར་བརྟེན། འཛམ་གླིང་ཧྲིལ་བོའི་མིག་དཔེ་རང་བཞིན་དུ་གྱུར་ཡོད་ན་ཡང་། རྒྱ་ནག་དམར་ཤོག་གཞུང་གི་སྟངས་འཛིན་འོག་ཧོང་ཀོང་སྲིད་གཞུང་གིས་ཉེན་རྟོག་པ་དང་སྤྱི་ཚོགས་ནག་པོའི་སྟོབས་ཤུགས་རྒྱ་ཡན་ལ་བཏང་ནས་མཚོན་ཆ་གང་ཡང་མེད་པའི་ཞི་རྒོལ་མང་ཚོགས་ལ་དྲག་གནོན་བྱེད་འགོ་ཚུགས་ཡོད། ཕྱོགས་ཡོངས་ནས་ལྟ་སྐབས་རྒྱ་ནག་དམར་ཤོག་གཞུང་གིས་ཧོང་ཀོང་ནང་དུའང་རྒྱ་ནག་གི་དྲུག་བཞིའི་དམངས་གཙོའི་ལས་འགུལ་དང་ཤར་ཏིར་ཀི་སི་ཐན། ལྷོ་སོག་དང་བོད་བཅས་ཀྱི་རང་དབང་ལས་འགུལ་ལ་ཁྲག་དྲི་འཐུལ་བའི་དྲག་གནོན་བྱས་དང་བྱེད་ཀྱིན་པའི་སྐྱོ་གར་བསྐྱར་དུ་འཁྲབ་མི་སྲིད་པ་མ་རེད། ཅེས་བརྗོད་འདུག

ཡང་རྒྱ་ནག་དམར་ཤོག་ཚོགས་པའི་དྲུག་བཞིའི་སྐྱོ་གར་འདི་བསྐྱར་དུ་འཁྲབ་རྒྱུ་འགོག་སླད་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་ཧོང་ཀོང་གི་ཞི་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་ཀྱི་ཡོད་སྐོར་བཀོད་པའི་ནང་། གཅིག ང་ཚོས་རྒྱ་ནག་དམར་ཤོག་གཞུང་གིས་ཧོང་ཀོང་གི་ཞི་བའི་ངོ་རྒོལ་སྟེང་དུ་རྒྱལ་ཁབ་དྲག་སྤྱོད་རིང་ལུགས་བེད་སྤྱོད་གཏོང་བའམ། སྒྲོ་བསྐུར་གང་རུང་གིས་ཉེས་པ་འགེལ་བའམ་གསང་བའི་ལམ་ནས་བཙན་ཁྲིད་ཀྱི་བྱེད་ཐབས་བཀོལ་ནས་དྲག་གནོན་བྱེད་སྲིད་པར་ཤུགས་ཆེན་པོས་ངོ་རྒོལ་བྱེད་ཀྱི་ཡོད།  གཉིས། ང་ཚོས་མཐའ་གཅིག་ཏུ་ཧོང་ཀོང་བའི་དགོས་འདུན་དང་དྲག་པོའི་གཞུང་གི་མདུན་དུ་མི་རེ་ངོ་རེ་ལ་རང་སྲུང་གི་ཐོབ་ཐང་ཡོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད།  གསུམ། ང་ཚོས་རང་དབང་གི་ལུང་པ་དག་གིས་ཧོང་ཀོང་ལ་རྒྱབ་སྐྱོར་དང་ཧོང་ཀོང་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་དཔོན་རིགས་ལ་ཉེས་ཆད་གཅོད་རོགས་ཞེས་འབོད་སྐུལ་བྱེད་ཀྱི་ཡོད་པར་མ་ཟད། གལ་ཏེ་རྒྱ་ནག་དམར་ཤོག་གཞུང་གིས་ཧོང་ཀོང་ལ་དྲག་གནོན་བྱས་པ་ཡིན་ན། དབྱིན་གཞུང་ལ་ཧོང་ཀོང་ནང་དམག་མིའི་སྨན་པ་གཏོང་བའི་ལས་འགན་ཡོད་ལ། ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལའང་དབྱིན་ཇི་ལ་གཞོགས་འདེགས་བྱེད་པའི་ཀུན་སྤྱོད་འོས་འགན་ཡོད་པར་འབོད་སྐུལ་ཞུ་ཡི་ཡོད། བཞི། ང་ཚོས་གལ་ཆེན་པོ་དང་ནན་ཏན་གྱིས་རྒྱ་ནག་མི་དམངས་ལ་ཧོང་ཀོང་བར་རྒྱབ་སྐྱོར་གནང་བར་འབོད་སྐུལ་བྱེད་ཀྱི་ཡོད། ཧོང་ཀོང་བའི་དཔའ་སྤོབས་དང་འབད་བརྩོན་རྒྱ་ནག་པ་མི་རེ་ངོ་རེ་ཡི་སེམས་ཁུང་དུ་ལོ་ངོ་བརྒྱ་ཕྲག་གཅིག་རིང་གཉིད་ལ་ཤོར་བའི་དམངས་གཙོ་དང་རང་དབང་གི་རྨི་ལམ་སློང་བྱེད་ཀྱི་དུང་བརྡར་འགྱུར་ངེས་ཡིན། མཐར་ཧོང་ཀོང་བའི་འདོད་འདུན་འགྲུབ་པ་དང་རང་དབང་དམངས་གཙོའི་མེ་རླབས་འཛམ་གླིང་ལ་ཁེངས་པར་སྨོན། ཧོང་ཀོང་པ་ལགས་འབད་བརྩོན་གནང་རོགས། ཞེས་བརྗོད་འདུག

ཐེངས་འདིར་ཧོང་ཀོང་ཁྲིམས་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་རྩོམ་པ་པོའི་ཁྲོད། བཙན་བྱོལ་ནང་གི་རྒྱ་རིགས་རྩོམ་པ་པོ་པའེ་ལིན་དང་། སུའུ་ཅོན་ཡན། ཅང་ཇུ་ཤན་དང་། ཐའེ་ཝན་གྱི་རྩོམ་པ་པོ་ལིས་མེས་ཡོན་དང་། ཀྲུའུ་མིང་ཡང་། ཝུའུ་ཅིན་ཧྥ། དེ་བཞིན་རྩོམ་པ་པོ་དང་མཁས་དབང་འཇམ་དབྱངས་ནོར་བུ་ལགས་དང་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་སོགས་རྩོམ་པ་པོ་དང་ལོ་ཙཱ་བ། སྙན་ངག་པ། གསར་འགོད་ལས་རིགས་མཁན་སོགས་བོད་རིགས་ ༣༥ ཡས་མས་ཤིག་གིས་རྒྱབ་སྐྱོར་གནང་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༨/༣༠

Leave a Reply

7 thoughts on “བོད་རྒྱ་ཐའེ་གསུམ་གྱི་རྩོམ་པ་པོ་ ༤༠ ལྷག་གིས་ཧོང་ཀོང་ཁྲིམས་རྒོལ་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ།

  1. ༄། བོད་ཀྱི་རྩོམ་པ་པོ་འཇམ་ནོར་དང་སྤྲེལ་ནག་པ་གཉིས་ལས་གཞན་སུ་དང་སུ་ཡོད་རེད། ཡི་གེ་འཁྱར་འཁྱོག་རེ་འབྲི་བ་ཙམ་གྱི་རྩོམ་པ་པོའི་མིང་ཐོབ་ཐུབ་པ་ཞིག་ཡིན་རྒྱུ་མ་རེད། ཁཽང་རྣམ་པ་རྩོམ་པ་པོའི་མིང་སུ་འི་སྤྲོད་པ་རེད།