ཏང་གི་བཀའ་ལྟར་མཆོང་ཕོད་པ་དང་འཐབ་ཕོད་པ་དགོས་ཟེར།

རྒྱ་ནག་གཞུང་གིས་སྐྱེས་ཆེན་དམ་པས་རྒྱལ་ཁབ་དབུ་བརྙེས་པར་དགའ་བསུ་བྱེད་པ་ཟེར་བ་སོགས་ཀྱི་ཚོགས་འདུ་བསྡུས་ཏེ་དམར་ཤོག་ཚོགས་པའི་བཀའ་དུས་ཐོག་ལག་བསྟར་བྱས་ཏེ་འཐབ་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ་སོགས་དགོས་པའི་དམ་བཅའ་འཇོག་ཏུ་འཇུག་གི་ཡོད་འདུགཁ་སང་ཕྱི་ཚེས་ ༨ ཉིན། རྒྱ་ནག་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་ ༧༠ འཁོར་བའི་དུས་དྲན་མཛད་སྒོ་འཚོགས་ལ་ཉེ་བ་དང་བསྟུན། བདེ་འཇགས་སྲུང་སྐྱོང་ལ་དམ་བཅའ་འཇོག་པའི་མཛད་སྒོ་ཟེར་བ་ཞིག་བསྡུས་ཏེ། བོད་རང་སྐྱོང་ལྗོངས་དྲག་ཆས་ཉེན་རྟོག་པ་དང་། སྤྱི་བདེ་ཉེན་རྟོག་པ། འཇིགས་སྐུལ་ལ་ངོ་རྒོལ་བྱེད་མཁན་ཚོགས་པ། མེ་གསོད་སྲུང་སྐྱོབ་པ་སོགས་མཉམ་ཞུགས་ཀྱིས། དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༧༠ འཁོར་བའི་དུས་དྲན་སྐབས་ཞི་མཐུན་བརྟན་ལྷིང་དང་། བདེ་འཇགས་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་ཏེ། དམར་ཤོག་ཚོགས་པ་དང་མི་མང་ལ་སླར་ཡང་བྱས་རྗེས་འཇོག་རྒྱུ་ཡིན་ལུགས་ཀྱི་དམ་བཅའ་བཞག་ཡོད་པ་མ་ཟད། མཛད་སྒོའི་སྟེང་དྲག་ཆས་དམག་མི་དང་ཉེན་རྟོག་པ་སོགས་ཀྱིས་མཚོན་ཆ་དང་མེ་སྒྱོགས་རླངས་འཁོར་སོགས་ཀྱིས་རྔམ་སྟོན་དང་ཉེན་བརྡ་བཏང་སྟེ་མི་མང་ལ་འཇིགས་སྐུལ་བྱས་ཡོད་འདུག

ཚོགས་འདུའི་སྟེང་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་ཡེན་ཅེ་ཟེར་བ་དེས། དམར་ཤོག་ཚོགས་པ་དབུ་བརྙེས་ནས་ལོ་ ༧༠ འཁོར་བའི་རྟེན་འབྲེལ་ཆེན་མོའི་བདེ་འཇགས་ཞི་མཐུན་ཡོང་བར་འགན་ལེན་བྱ་རྒྱུ་ནི་མགོ་འཁྲིད་ཞི་ཅིན་ཕིན་དང་ཏང་ཀྲུང་དབྱང་གིས་གནང་བའི་གཟི་བརྗིད་ལྡན་པའི་འགན་འཁྲི་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ཟབ་མོ་ཞིག་ཡིན་པས། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ངང་སྲུང་སྐྱོབ། འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བྱེད་ཐུབ་པ་བཅས་ཀྱི་ཁར། ཏང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་ནས་བཀའ་ཕབ་མ་ཐག་ཐོན་ཕོད་པ་དང་། མཆོང་ཕོད་པ། རྒྱལ་ཁ་ལེན་ཕོད་པ་བཅས་བྱས་ཏེ་བསྐོང་ན་ཡོང་ཐུབ་པ་དང་། ཡོང་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ངེས་ཡིན་པ་བཅས་ཀྱི་ཟིལ་རྔམས་ལྡན་པ་བྱ་དགོས། ཞེས་བརྗོད་འདུགཡང་ཁོས།  བརྟན་ལྷིང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། རྐྱེན་མ་བྱུང་གོང་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནས་ཚུལ་ཚབས་ཆེ་མི་ལྷག་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་འགན་འཁྲི་ལྕི་པོ་འཁུར་ཕོད་པ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་གཟི་བརྗིད་ལྡན་པའི་དམ་བཅའ་དོན་ཐོག་ཏུ་འཁྱོལ་བ་བྱ་དགོས། འགག་རྩའི་དུས་སུ་དཔའ་བོའི་གཟུགས་བརྙན་མངོན་པར་བྱེད་དགོས་པ་དང་། སྤྱོད་ཚུལ་བཟང་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཀྱིས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་ལམ་གཉིས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་དགོས་པ་དང་། ངལ་དུབ་ལ་མི་སྐྲག་པར་མུ་མཐུད་དམག་འཐབ་བྱེད་པ་དང་གཞོགས་འདེགས་དམ་ཟབ་ཀྱིས་ཐུན་མོང་མཉམ་སྒྲུབ་བྱེད་དགོས་པ། འཐབ་འཛིང་གི་ནུས་ཤུགས་ཆེན་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་རྟེན་འབྲེལ་ཆེན་མོའི་བདེ་འཇགས་སྲུང་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ལོ་ངོ་ ༧༠ འཁོར་བར་ལེགས་སྐྱེས་འབུལ་དགོས། ཞེས་བརྗོད་འདུག

ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ནི་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་པའི་ཉིན་མོ་ཡིན་སྟབས། རྒྱ་ནག་གཞུང་གིས་སྔོན་ཚུད་ནས་བོད་ཁུལ་ཡོངས་སུ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་ལྟར།  འདི་ལོའི་ཕྱི་ཟླ ༨ ནས་བཟུང་བོད་ཀྱི་མཚོ་སྔོན་ས་ཁུལ་སོགས་ནས་བརྟན་བརླིང་དང་སྲུང་སྐྱོབ་སོགས་ལ་ཁ་གཡར་ནས་ཆེད་དམིགས་དྲག་རྡུང་ཚོགས་པ་བཙུགས་ཏེ། ཞིང་ཆེན་ཡོངས་སུ་གཞི་རིམ་གྱི་ཁྲིམས་མེད་ལུགས་མེད་ཀྱི་གནད་དོན་ཁག་དྲག་རྡུང་གི་ལམ་ནས་བཅོས་སྒྲིག་བྱ་རྒྱུ་ཡིན་ལུགས་བསྒྲགས་ཡོད་ཀྱང་། དྲག་རྡུང་གི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དུས་དྲན་ལ་གྲ་སྒྲིག་བྱེད་ཀྱི་ཡོད་པ་ཞིག་ཡིན་འདུགཟླ་འདིའི་ཕྱི་ཚེས་ ༥ དང་ ༦ ཉིན་རྔ་བ་ཁུལ་རྒྱང་སྒྲོག་ཁང་དང་མཛོད་དགེ་བོད་ཡིག་གསར་འགྱུར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་རྔ་བ་ཁུལ་ནང་སྐྱེས་ཆེན་དམ་པས་རྒྱལ་ཁབ་དབུ་བརྙེས་པར་དགའ་བསུ་བྱེད་པ་ཟེར་བ་སོགས་ཀྱི་མིང་བྱང་འོག བོད་ཀྱི་བླ་ཆེན་དང་མཁས་པ་སོགས་ལ་ཆེད་དུ་ཚོགས་འདུ་བསྐོངས་ཏེ། དམར་ཤོག་ཚོགས་པའི་དུས་དྲན་སྐབས་ཟིང་འཁྲུག་མི་ཡོང་བ་མི་མང་ཁྲོད་བསླབ་བྱ་དང་འགན་འཁུར་དགོས་པའི་སྐུལ་འདེད་གཏོང་གི་ཡོད་པ་དང་། བླ་ཆེན་མཁས་དབང་རྣམ་པའི་ལས་འགན་གཙོ་བོ་ནི་མི་མང་ལ་ཏང་གི་ཁ་ལ་ཉན་པ་དང་དམར་ཤོག་པའི་བཀའ་དྲིན་དྲན་དགོས་པ་སོགས་ཆབ་སྲིད་ཀྱི་སློབ་གསོ་རྒྱག་གི་ཡོད་འདུག

ད་ལྟའི་ཆར་རྒྱ་ནག་གཞུང་གིས་དྲ་རྒྱའི་བདེ་འཇགས་སོགས་ལ་ཁ་གཡར་ནས་ཁ་པར་དང་ཅ་དངོས་རིགས་གང་བྱུང་སྔོག་བཤེར་བྱེད་ཀྱི་ཡོད་པ་མ་ཟད། བོད་ནང་གི་བོད་མི་མང་པོས་ཕྱི་ཕྱོགས་སུ་སྐད་ཆ་བཤད་སྐབས་ཡིད་གཟབ་ཆེན་པོ་བྱེད་བཞིན་ཡོད་པ་དང་། སྤྱིར་བཏང་གི་སྐད་ཆ་ལས་གནད་དོན་ཅན་བཤད་མ་ཡོང་ཟེར་ནས་འཛེམས་ཟོན་ཆེན་པོ་བྱེད་ཀྱི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༩/༠༩

Leave a Reply

3 thoughts on “ཏང་གི་བཀའ་ལྟར་མཆོང་ཕོད་པ་དང་འཐབ་ཕོད་པ་དགོས་ཟེར།

  1. གཞུང་པ་ཚེ་དབང་བསོད་ནམས་

    འདས་པའི་མི་ལོ་དྲུག་བཅུའི་ནང་རྒྱ་མིའི་བོད་ཀྱི་ཕྱི་ནང་སྣོད་བཅུད་ཡོངས་
    རྫོགས་རྩ་མེད་བཏང་ནས་ད་དུང་མ་ངོམས་ནས་འཐབ་རྒྱུ་དང་རྒྱལ་ཁ་
    ལོན་རྒྱུ་ག་རེ་ལྷག་ཡོད་པ་ཡིན་ནམ།

  2. གཞུང་པ་ཚེ་དབང་བསོད་ནམས་

    རང་བཙན་མེད་ན་གཞན་དབང་རེད།
    གཞན་དབང་ཐམས་ཅད་སྡུག་བསྔལ་རེད།
    རང་བཙན་ཡོད་ན་རང་དབང་རེད།
    རང་དབང་ཐམས་ཅད་བདེ་་བ་རེད།