ཧོང་ཀོང་གི་མཚོ་གླིང་བརྒྱུད་ནས་རྒྱ་དམར་གཞུང་དང་མི་མང་ལ་བསྐྱར་ཞིབ་བྱེད་པ།

ཀུན་ཚང་ཐོགས་མེད། ཨོག་སུ་སྤོར་སློབ་ཆེན།

ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ (Basic Law) དང་།  རྒྱ་ནག་དང་ཨིན་ཇི་གཞུང་གཉིས་ཀྱིས་ཧོང་ཀོང་སྐོར་ལ་མཉམ་འབྲེལ་གྱི་བསྒྲགས་གཏམ་ (Sino-British Joint Declaration) སྤེལ་ནས་མི་ལོ་བཅུ་ལྷག་གི་རྗེས་ཏེ།   ཕྱི་ལོ ༡༩༩༧ ལོའི་ཟླ ༠༦ ཚེས ༠༡ ཉིན།   ཧོང་ཀོང་དངོས་སུ་རྒྱ་ནག་སྐམ་ས་ཆེན་མོའི་”རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” ཅན་གྱི་སྲིད་འཛིན་ས་ཁུལ་དུ་གྱུར།  བརྒྱུད་རིམ་འདིའི་སྔ་ཕྱི་བར་གསུམ་དུ།  མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་ཁབ་མང་བོ་ཞིག་གིས་ཁྲིམས་ཀྱི་བདེན་པའི་དཔང་པོ་བྱས་ཡོད།  འོན་ཀྱང་།  ཧོང་ཀོང་རྒྱ་ནག་ཏུ་ལོག་ནས་མི་ལོ་ལྔ་ཡང་མ་འགོར་བར།   ཧོང་ཀོང་གི་གསར་འགོད་རང་དབང་དང་ཕྱི་མི་གནས་སྤོའི་གནས་བབ་ལ།   རྒྱ་ནག་གི་གནོན་ཤུགས་འོག་ཏུ་ལྡོག་ཕྱོགས་ནས་འགྱུར་བ་ཐེབས་ཤིང་།  ཕྱི་ལོ་ ༢༠༡༤  ནས་བཟུང་།  རྒྱ་ནག་གིས་ཧོང་ཀོང་གི་དམངས་གཙོའི་འོས་བསྡུ་ལ་ཐད་ཀར་ཇུས་གཏོགས་དང་སྟངས་འཛིན་བྱས་བར་བརྟེན།   ཧོང་ཀོང་གི་ཤེས་ཡོན་པའི་སྡེས་སྣེ་ཁྲིད་ནས་ཉི་གདུགས་སེར་བོའི་ངོ་རྒོལ་གྱི་རྦ་རླབས་འཛམ་གླིང་ཡོངས་སུ་ཁྱབ།

དེ་ནས་བཟུང་།  རྒྱ་དམར་གྱིས་ཕྱི་སྲིད་བདེ་འཇགས་ལ་ཁ་གཡར་ནས་ཧོང་ཀོང་དུ་རྒྱ་དམག་རྒྱ་བསྐྱེད་དང་།  ལས་བཟོ་བར་ཁ་གཡར་ནས་རྒྱ་ནག་སྐམ་སའི་ (Mainland China) མི་འབོར་ཚད་ལས་བརྒལ་བ་ཧོང་ཀོང་དུ་གནས་སྤོ་བྱེད་དུ་བཅུག་ཡོད།  དེར་བརྟེན།  སྔོན་ཆད་ཆེས་བདེ་འཇགས་དང་ཡར་ཐོན་ཡིན་པའི་གྲོང་ཁྱེར་དེ།  ད་ལྟ་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཟིང་ཆའི་ནང་དུ་ལྷུང་ཡོད་ལ།  སྔོན་ཆད་མི་འབོར་ས་ཡ  ༥  ལས་མེད་པའི་མཚོ་གླིང་དེ།  ད་ལྟ་མི་འབོར་ས་ཡ  ༧ ལ་འཕར་ཡོད།

ཕྱི་ལོ ༢༠༡༩ ལོར།  རྒྱ་ནག་གིས་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ལ་འགྱུར་བ་བཏང་ནས།  ཧོང་ཀོང་གི་དོགས་ཡོད་ཉེས་ཅན་རྣམས་རྒྱ་ནག་སྐམ་སར་རྩིས་སྤྲོད་དང་།   དེ་ནས་ཐད་ཀར་ཁྲིམས་བཤེར་བྱེད་ཆོག་པའི་དགོས་འདུན་བཏོན་ཡོད།  རྩིས་སྤྲོད་ཁྲིམས་དོན (Extradition Bill) འདིས།  ཧོང་ཀོང་སྤྱི་དམངས་ཀྱི་གཞི་རྩའི་རང་དབང་དང་ཐོབ་ཐང་།  སྨྲ་བརྗོད་དང་འདྲ་མཉམ།   ཁྲིམས་ཀྱི་དབང་བསྒྱུར་སོགས་ལ་ཐད་ཀར་ཉེན་ཁ་འཕྲད་སྲིད་པར་བརྟེན།   སླར་ཡང་ན་གཞོན་དང་ཤེས་ཡོན་པའི་སྡེས་སྣེ་ཁྲིད་པའི་ངོ་རྒོལ་གཅིག་རྗེས་གཉིས་མཐུད་དུ་ལངས་འགོ་བརྩམས་ཡོད།   འདས་པའི་ཟླ་གསུམ་ལྷག་རིང་གི་ཆེས་གཞི་རྒྱ་ཆེ་བའི་ངོ་རྒོལ་མང་བོའི་རྗེས་སུ།  རྩིས་སྤྲོད་ཁྲིམས་དོན་དགོས་འདུན་ད་དུང་ཡང་རྩ་མེད་གཏོང་ཐུབ་མེད་ལ།   ཧོང་ཀོང་གི་འགན་འཛིན་དང་རྒྱ་དམར་གཞུང་གི་རྒྱུག་ཁྱི།  ལྕམ་ཁ་རེས་ལམ་(Carrie Lam) ད་དུང་ཡང་ཕྱིར་འབུད་གཏོང་ཐུབ་མེད།   སྙིང་སྟོབས་ཅན་གྱི་ཧོང་ཀོང་ན་གཞོན་དང་ཤེས་ཡོན་པའི་སྡེས།   འཇིགས་ཞུམ་མེད་པར་འགོག་རྒོལ་གྱི་ལས་འགུལ་མུ་མཐུད་དུ་སྤེལ་བཞིན་ཡོད་མོད།  རྒྱ་དམར་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་ཇུས་ད་དུང་མུ་ནས་ལག་བསྟར་བྱེད་བཞིན་ཡོད།   འདི་ལོའི་ཕྱི་ཟླ་ ༨ ཚེས་ ༣༠ ཉིན་ཧོང་ཀོང་གི་ན་གཞོན་མང་གཙོ་དོན་གཉེར་བ་གྲགས་ཅན་ཇོ་ཞི་བོང་(Joshua Wong) སོགས་དངོས་སུ་འཛིན་བཟུང་བྱས་ཡོད་ལ།  རྒྱ་དམག་གིས་མཚོ་འགག་ཏུ་དམག་མི་དང་མཚོན་ཆ་དབོར་ནས་མི་མང་དམར་གསོད་ལ་གྲ་སྒྲིག་བྱེད་བཞིན་ཡོད།

འདིར་ཧོང་ཀོང་གི་སྲིད་ཇུས་འགྱུར་ལྡོག་དང་ངོ་རྒོལ་ལས་འགུལ་ཁག་བརྒྱུད་ནས།   ང་ཚོས་རྒྱ་དམར་གཞུང་དང་རྒྱ་ནག་གི་མི་རབས་གསར་བ་ཚོའི་སྐོར་ལ་བསྐྱར་ཞིབ་ཐུང་ངུ་ཞིག་བྱེད།  འདིས་བོད་མི་རིགས་ཀྱི་མ་འོངས་འཐབ་རྩོད་ཀྱི་ཁ་ཕྱོགས་དང་གྲ་སྒྲིག་ལ་ཕན་ཐོགས་འབྱུང་ངེས་ཡིན།

གཅིག   རྒྱ་དམར་གཞུང་།

ཧོང་ཀོང་གི་གནད་དོན་ཐོག་ཏུ།  རྒྱ་ནག་གིས་ཐོག་མར་མཉམ་འབྲེལ་རྒྱལ་ཚོགས་གཙོས་འབྲེལ་ཡོད་རྒྱལ་ཁབ་ཁག་མང་བོ་དཔང་པོར་བཀུགས་ནས།  ཆིངས་ཡིག་དང་ཁྲིམས་དོན་ཡིག་ཆ་གལ་ཆེན་ཁག་ལ་ཁས་ལེན་མཚན་རྟགས་བརྒྱབས་ཡོད།  འོན་ཀྱང་།  མི་ལོ་ཁ་ཤས་ལས་མ་འགོར་བར་རྒྱ་དམར་གྱིས་ཁྲིམས་དོན་ཁས་ལེན་ཁག་རྩིས་མེད་གཏོང་འགོ་ཚུགས་ཡོད།  དཔེར་ན།   ད་ལྟའི་རྩིས་སྤྲོད་ཁྲིམས་དོན་འདི།  རྒྱ་དམར་དང་ཨིན་ཡུལ་གཉིས་ཀྱི་མཉམ་འབྲེལ་བསྒྲགས་གཏམ་གྱི་དོན་ཚན་ ༠༣  པ་དང་  ༠༥ གཉིས་དང་ཡོངས་སུ་འགལ་ཡོད་ལ།  འོས་བསྡུའི་ཁྲིམས་ལུགས་བཅོས་བསྒྱུར་དེ།  ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་ ༠༡ དང  ༠༢ གཉིས་དང་དངོས་སུ་འགལ་ཡོད།  དེར་བརྟེན།   རྒྱ་དམར་གཞུང་འདིས་རང་ཉིད་ལ་ཁེ་ཕན་ཡོད་ན་མ་གཏོགས།  ཁྲིམས་ལུགས་དང་མི་དམངས་ལ་ནམ་ཡང་བརྩི་བཀུར་མི་བྱེད་པ་དེ་གསལ་བོ་རེད།

ཉི་གདུགས་དང་སྦྱར་བྱང་ཙམ་ལས་ཅི་ཡང་མེད་པའི་ཧོང་ཀོང་སློབ་ཕྲུག་དང་མི་སེར་རྣམས།   དྲག་ཆས་བགོས་ཤིང་མེ་མདའ་ཐོགས་པའི་དམག་མི་དང་ཉེན་རྟོག་པ་སྟོང་ཕྲག་གིས་རུབ་བརྡུངས་བྱས།   འདས་པའི་ཟླ་གསུམ་རིང་།  ལས་འགུལ་བ་མི་སེར་ཆིག་སྟོང་ལྷག་བཙོན་དུ་ཚུད་ཅིང་།  རྨས་མ་སྟོང་ཕྲག་ཁ་ཤས་ཛ་དྲག་སྨན་ཁང་དུ་བསྐྱལ།  ཐ་ན་ལས་འགུལ་བ་ཁ་ཤས་ཀྱི་མིག་དང་ལག་པའང་གཏན་དུ་འཕྲོ་བརླག་བཏང་ཡོད།   ད་དུང་།  རྒྱ་གཞུང་དང་ས་གནས་ཇག་ཚོགས་མཉམ་འབྲེལ་བྱས་ནས།  མི་དམངས་ཚོར་རུབ་བརྡུང་གྲངས་མེད་ཕོག་ཡོད།   འོན་ཀྱང་།  རྒྱ་གཞུང་གིས་ད་དུང་ཧོང་ཀོང་གི་ངོ་རྒོལ་བ་རྣམས་དྲག་སྤྱོད་པ་ཡིན་རབས་དང་།  ཉེན་རྟོག་པ་དང་དམག་མིས་ཧོང་ཀོང་གི་བདེ་འཇགས་ལ་འགན་སྲུང་བྱེད་བཞིན་ཡོད་པར་སྒྲོག་བཞིན་ཡོད།   དེ་ལས་ཀྱང་ཆེས་འཇིགས་སུ་རུང་བ་ནི།  ད་ལྟ་རྒྱ་དམར་གྱིས་དམག་མི་དང་གོ་མཚོན་སྟོང་ཕྲག་མང་བོ་ཧོང་ཀོང་མཚོ་འགྲམ་དུ་སྤོར་ནས།   ཁྲག་དམར་འཕྱུར་བའི་དྲག་གནོན་ཞིག་ལ་གྲ་སྒྲིག་བྱེད་བཞིན་པ་དེ་རེད།

ཉེ་བའི་བདུན་ཕྲག་ཁ་ཤས་རིང་།  ངོ་དེབ་དང་།  བྱེའུ་སྐད་ (Twitter)།   ཡུ་ཊོབ་ (YouTube) སོགས་ཀྱིས་གཞུང་འབྲེལ་ཐོག    རྒྱ་དམར་གཞུང་དང་འབྲེལ་ཡོད་ཀྱི་སྤྱི་ཚོགས་དྲ་རྒྱའི་ཁ་བྱང་རྫུན་མ་སྟོང་ཕྲག་ཁ་ཤས་སྒོ་བརྒྱབས་ཡོད།   ཁ་བྱང་རྫུན་མ་དེ་དག་བརྒྱུད་ནས་རྒྱ་དམར་གྱིས་ཧོང་ཀོང་དང་།  བོད།  ཡུ་གུར་སོགས་གཙོས་འབྲེལ་ཡོད་ཀྱི་གནད་དོན་ཁག་ལ།   གནས་ཚུལ་རྫུན་མ་དང་སྤྱི་ཚོགས་དཀྲོག་གཏམ་སྣ་ཚོགས་ཁྱབ་སྤེལ་བྱེད་བཞིན་ཡོད།  སྐབས་འདིར་ང་ཚོས་ཤེས་དགོས་པ་ནི།   བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་ཡང་།  དངོས་མིང་དང་ངོ་གདོང་གང་ཡང་མེད་པའི་ངོ་དེབ་རྫུན་མ་བརྒྱ་ཕྲག་མང་བོ་བརྒྱུད་ནས།  ཆོལ་ཁ་དང་ཆོས་ལུགས་དཀྲུག་མཁན་གང་མང་ཡོད་པ་འདི་དག་ཕྱོགས་གང་ནས་ཡིན་མིན་ཤེས་གལ་ཆེ་བ་ཡིན།   ད་དུང་།   ཝ་ཤིན་ཊོན་ཆ་འཕྲིན་ (Washington Post)  ལྟར་ན།  རྒྱ་དམར་གྱིས་ལོ་རེ་བཞིན་དུ་གནས་ཚུལ་རྫུན་མ་ས་ཡ་ ༤༥༠ ལྷག་དྲ་ཐོག་བརྒྱུད་ཁྱབ་སྤེལ་བྱས་ནས་མི་མང་ལ་མགོ་སྐོར་གཏོང་བཞིན་ཡོད།   བྱེད་སྟངས་དེ་ནི་མིའི་རིགས་ཀྱི་བརྡ་འཕྲིན་ལོ་རྒྱུས་ཁྲོད་ཀྱི་རྫུན་བཟོ་ཆེས་སྡུག་ཤོས་དང་མང་ཤོས་དེ་ཆགས་ཡོད། 

རྒྱ་དམར་གཞུང་གིས་རྒྱལ་སྤྱིའི་སྲིད་ཁྲིམས་ཀྱི་གནད་དོན་ཡིན་པར་ཁ་གཡར་ནས།  ཧོང་ཀོང་ཕྱིར་རྒྱ་དམར་གྱི་སྲིད་འཛིན་ས་ཁུལ་དུ་བསྒྱུར་ཐུབ་ཡོད།  འོན་ཀྱང་།  ད་ལྟ་དམར་གཞུང་གི་ཕྱི་སྲིད་མགྲིན་ཚབ་པ་ལྟ་བུ།   ཨིན་ཡུལ་གྱི་སྐུ་ཚབ་དོན་གཅོད་ལོས་ཞོ་མེན་(Liu Xiaoming) གྱིས་ “ཧོང་ཀོང་གི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན་པས།  དེ་ལ་རྒྱལ་ཁབ་དང་ཚོགས་སྡེ་སུ་ལའང་ཇུས་གཏོགས་བྱེད་པའི་དབང་ཆ་མེད་”ཟེར།   ད་དུང་ཁོས།  “ང་ཚོས་ཧོང་ཀོང་གི་དྲག་སྤྱོད་པ་ཚོའི་ཐོག་ལ་གང་ཡང་ལག་བསྟར་བྱེད་སྲིད་པ་རེད་”ཟེར།   སྐད་ཆ་འདི་ཧོང་ཀོང་གི་ཁྲིམས་དོན་ལ་ཐད་ཀར་འབྲེལ་བ་ཡད་པའི་རང་དབང་དང་དམངས་གཙོའི་རྒྱལ་ཁབ་ཨིན་ཇིའི་རྒྱལ་སར་བཤད་པའི་སྐད་ཆ་རེད།  དེ་བཞིན།   ཞིན་ཧྭ་གསར་ཁང་གིས་”པེ་ཅིན་གཞུང་ལ་ཧོང་ཀོང་གི་རྩ་ཁྲིམས་རྩིས་མེད་གཏོང་བའི་དབང་ཚད་ཆ་ཚང་ཡོད་”ཅེས་བསྒྲགས་གཏམ་སྤེལ་ཡོད།   དེ་ནི་རྒྱ་དམར་གྱི་ཧམ་པ་དང་ཁྲིམས་དོན་ལ་འགན་འཁུར་མིན་གྱི་གདོང་རིས་ངོ་མ་དེ་རེད།

གཉིས།  རྒྱ་ནག་གི་མི་རབས་གསར་བ། 

ཕྱི་ལོ ༢༠༡༩  ཟླ  ༠༨  ཚེས ༢༦  ཉིན།  ཨོ་གླིང་གྱི་རྒྱལ་མོའི་ས་ཆའི་སློབ་ཆེན་(University of Queensland, Australia) དུ་སློབ་མ་ཁ་ཤས་ཀྱིས་ཧོང་ཀོང་མི་མང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་བར།  རྒྱ་ནག་སྐམ་སའི་སློབ་ཕྲུག་བརྒྱ་ཕྲག་ཁ་ཤས་ཀྱིས་ལས་འགུལ་བ་ཚོར་བརྙས་བཅོས་དང་ཁ་རྡུང་དྲག་པོ་བཏང་ཡོད། དེར་མཐུད་ནས།   ནེའུ་ཟི་ལན་ཊི་དང་(New Zealand)།  ཨ་རི།  འཇར་མན།  ཧྥ་རན་སི་སོགས་ནུབ་ཕྱོགས་ཀྱི་མཐོ་རིམ་སློབ་གླིང་མང་བོར།  རྒྱ་ནག་གི་སློབ་མས་ཧོང་ཀོང་གི་ལས་འགུལ་བ་ཁག་ལ་འགོག་རྒོལ་དང་སྡིགས་ར་བསྐུལ་བའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་ཐོན་ཡོད།   དཔེར་ན། ཁུ་རེསུ་ཆར་ཆི་(Christchurch) ས་ཆར།  སྐམ་སའི་སློབ་ཕྲུག་བུ་གསུམ་གྱིས་ཧོང་ཀོང་གི་སློབ་ཕྲུག་བུ་མོ་ཞིག་ལ་རུབ་བརྡུང་བྱས་ཡོད།  ཨེ་སྒྲི་བེན (Edwin Kwong) ནི་ཧོང་ཀོང་ནས་ཡོང་པའི་ཨོ་གླིང་གི་སློབ་མ་ཞིག་ཡིན།  ཁོས་ཧོང་ཀོང་གི་དམངས་གཙོའི་སྐོར་གྱི་འདུ་འཛོམས་ཤིག་ལ་མཉམ་ཞུགས་བྱས་པར་བརྟེན།  རྒྱ་ནག་གི་སློབ་མ་ཚོས་ཁོའི་འདྲ་པར་སྐད་འཕྲིན་ཚོགས་པ་འདྲ་མིན་དུ་བརྒྱུད་བསྐུར་བྱས་ནས་ཁོ་ལ་སྡིགས་ར་བསྐུལ་ཡོད།

རྒྱ་ནག་གི་སློབ་ཕྲུག་ཁ་ཤས་ཀྱིས།   རྒྱ་ནག་དང་ཧོང་ཀོང་གི་སྐོར་ལ་ཞིབ་འཇུག་བྱེད་མཁན་སློབ་དཔོན་ཨེ་མེ་ལེའ་ (Emilia Lile) ལགས་ཀྱི་ཁང་བ་དང་ཁོ་མོའི་རླངས་འཁོར་གྱི་སྒེའུ་ཁུང་ལ་རྡོ་གཞུས་ནས་གཏོར་བཅོམ་བཏང་ཡོད།   ཁོ་མོས་བཤད་དོན།   “འཛམ་གླིང་དམག་ཆེན་དང་གྲང་དམག་མཇུག་རྫོགས་པའི་ད་ལྟའི་དུས་ཚོད་འདིར།   ད་དུང་ཤེས་ཡོན་པའི་ཁོར་ཡུག་འདིར་ཐལ་ཆེ་བའི་རྒྱལ་ཞེན་རིང་ལུགས་ཀྱི་བྱེད་སྟངས་འདིས་ང་རང་ཧང་སངས་དུ་བཅུག་སོང་” ཟེར།   བེས་ཀེས་ཤོ་ནི་ (Vicky Xue) ཨོ་གླིང་ནང་གནས་སྡོད་རྒྱ་མོ་གསར་འགོད་པ་ཞིག་གིས་ “ཐལ་ཆེ་བའི་རྒྱལ་ཞེན་ཅན་གྱི་རྒྱ་ནག་གི་མི་རབས་གསར་བ་འདི།  གཡོ་ཇུས་ཆེ་བའི་རྒྱ་གཞུང་གི་ཆབ་སྲིད་སློབ་གསོའི་གྲུབ་འབྲས་ཡིན་པར་” བརྗོད།  ད་དུང་ཁོང་མོས་ཕྱིར་དྲན་བྱེད་རྒྱུར།   “སོ་སོས་མཚམས་ལན་རེར་རྒྱ་གཞུང་གི་ནོར་འཁྲུལ་མཐོང་ནའང་།  སེམས་གཏིང་ནས་ནོར་འཁྲུལ་ངོས་ལེན་བྱེད་ཁག་པོ་ཡོད།  གང་ཡིན་ཟེར་ན།  རང་ཉིད་སྐྱོན་བརྗོད་བྱེད་མི་ཆོག་པའི་སློབ་གསོའི་ཁོར་ཡུག་འོག་ཏུ་འཚར་ལོངས་བྱུང་བས་རེད” ཟེར།

འཆི་མེད་ལྷ་མོ་ནི་ཁ་ན་ཊའི་བོད་རིགས་སློབ་ཕྲུག་ཅིག་ཡིན།  ཁོ་མོ་ཁྲོ་རིན་གྲོ་སློབ་ཆེན་ (University of Toronto) གྱི་སློབ་མའི་ཚོགས་གཙོར་འདེམས་ཐོན་བྱུང་སྐབས།  རྒྱ་རིགས་སློབ་ཕྲུག་སྟོང་ཕྲག་ལྷག་གིས་ཁོ་མོར་ངོ་རྒོལ་དང་འཇིགས་སྐུལ།  དྲ་ཐོག་བརྒྱུད་སྙན་ཞུ་བསྡུས་ནས་ཁོ་མོ་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཁ་བྲལ་བ་ཡིན་པས།  སློབ་གྲྭའི་ལས་གནས་དེ་ལས་ཕྱིར་འབུད་གཏོང་དགོས་པའི་རེ་འདུན་བཏོན་ཡོད།  གནས་ཚུལ་འདི་ལྟ་བུ་བརྒྱ་ཕྲག་མང་བོ་ཉིན་རེ་བཞིན་དུ་འཛམ་གླིང་གི་རྒྱ་རིགས་སློབ་མ་ཡོད་སའི་ས་ཆ་ཁག་ཏུ་བྱུང་དང་འབྱུང་བཞིན་ཡོད།  ད་ལྟ།  འཛམ་གླིང་གང་སར་རྒྱ་དམར་གྱི་དྭང་བླངས་སློབ་ཕྲུག་དམག་མིས་ཁེངས་ནས་ཡོད།

འདི་ལོའི་ཕྱི་ཟླ ༨ ཚེས ༡༧ ཉིན་ཨིན་ཡུལ་རྒྱལ་ས་ལོན་གྲོན་དུ།   རྒྱ་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་དང་ཧོང་ཀོང་ལ་གདུང་སེམས་མཉམ་བསྐྱེད་བྱེད་མཁན་བཅས་ཤོག་ཁག་གཉིས་ཀྱིས་ཉིན་གཅིག་ལ་རྔམ་སྟོན་ཁྲོམ་སྐོར་བྱས།   རྒྱ་ནག་སྐམ་སའི་སློབ་ཕྲུག་དག་གི་ཐལ་ཆེ་བའི་བྱ་སྤྱོད་དང་རྣམ་འགྱུར་གྱིས་མི་རྣམས་ཧང་སངས་སུ་བཅུག   ད་དུང་།  རྒྱ་ནག་ཉིན་རེའི་ཚགས་པར་ (China Daily) གྱིས་བྱེད་སྟངས་དེ་ནི “རྒྱུ་མཚན་ལྡན་པའི་རྒྱལ་གཅེས་” རེད་ཅེས་འུད་བསྟོད་བྱས་འདུག   རྒྱ་དམར་དབུས་གཞུང་བརྙན་འཕྲིན་ཁང་ (China Central Television) གིས་དྲ་ལམ་བརྒྱུད་ནས་སྤེལ་བའི་” སྐར་ལྔའི་དར་དམར་སྲུང་སྐྱོབ” ཀྱི་དྲིལ་བསྒྲགས་ལ་རྒྱབ་སྐྱོར་བྱེད་མཁན་མི་གྲངས་ཐེར་འབུམ་ ༡།༤ བྱུང་འདུག་ལ།  རྒྱབ་སྐྱོར་བྱེད་མཁན་མང་ཆེ་བ་ལོ་རབས་དགུ་བཅུའི་རྗེས་ཀྱི་སློབ་གསོ་ཐོབ་པའི་རྒྱ་མི་གཞོན་སྐྱེས་ཤ་སྟག་ཡིན་པར་བརྗོད་འདུག  གནས་ཚུལ་འདིས་རྒྱ་རིགས་གཞོན་སྐྱེས་རྣམས་ཀྱི་འཇིགས་སུ་རུང་བའི་བསམ་བློ་དང་ཁ་ཕྱོགས་མཚོན་བཞིན་ཡོད།

ཨོག་སུ་སྤོར་ (Oxford University) དང་ཁམ་ཟམ་ (Cambridge University) གཙུག་ལག་སློབ་གྲྭ་ཆེན་མོ་སོགས་འཛམ་གླིང་གི་ཤེས་ཡོན་བསྟི་གནས་ཆེ་ཁག་རྣམས་སུ།  བདག་ལོ་ངོ་དུ་མར་རྒྱ་ནག་གི་སློབ་མ་རྩེ་ཕུད་ཁག་དང་མཉམ་དུ་ཤེས་ཡོན་དང་སྲིད་དོན་སོགས་ཀྱི་བགྲོ་གླེང་རིགས་མང་བོར་མཉམ་ཞུགས་བྱེད་བསྐལ་ལྡན།  བརྒྱུད་རིམ་དེའི་ཁྲོད་དུ།   རྒྱ་རིགས་སློབ་མ་ཚོའི་ཐལ་ཆེ་བའི་མི་རིགས་རིང་ལུགས་ཀྱི་ལྟ་བ་དང་ཞེན་པ།  དེ་བཞིན།  འགྲོ་བ་མིའི་ཐོབ་ཐང་དང་།   དམངས་གཙོ།   ཁོར་ཡུག་སྲུང་སྐྱོབ་སོགས་ལ་བརྩི་བཀུར་མེད་པའི་བྱེད་སྟངས་དེས་ང་རང་ཧ་ལས་སུ་བཅུག་སོང་།  ཀྲང་བང་ (Zhang Wang) ནི་པེ་ཅིན་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་དང་།  ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་མི་ལོ་གསུམ་འགོར་ཡོད་ལ།  ད་ལྟ་ཨོག་སུ་སྤོར་སློབ་གྲྭ་ཆེན་མོར་གློག་ཀླད་ཐོག་འབུམ་རམས་པའི་ཆེད་སྦྱོང་བྱེད་བཞིན་ཡོད།  ཁོས་བདག་ལ་འདྲི་རྒྱུར།  “རྒྱ་གཞུང་གིས་བོད་དུ་དེང་རབས་མེ་འཁོར་དང་།  དེང་རབས་འཛུགས་བསྐྲུན་དེ་འདྲ་མང་བོ་བྱས་ཀྱང་།  བོད་པ་ཚོ་ད་དུང་རྒྱ་ནག་གཞུང་ལ་མི་དགའ་དོན་ཅི་རེད”་ཟེར།

མདོར་བསྡུས་ན།   རྒྱ་ནག་གཞུང་གི་གདུག་རྩུབ་ཆེ་བའི་ཤེས་ཡོན་སྲིད་ཇུས་གྱི་ཤུགས་རྐྱེན་དང་།    ད་ལྟའི་འཛམ་གླིང་གི་གུ་དོག་རིང་ལུགས་ཀྱི་ཆབ་སྲིད་རླབས་རྒྱུན་གཉིས་མཉམ་དུ་བསྡེབས་པའི་འབྲས་བུར།  རྒྱ་དམར་གཞུང་གཅིག་པུ་མ་ཡིན་པར་རྒྱ་ནག་གི་མི་རབས་གསར་བ་ཚོའང་དུས་རབས་ཀྱི་ལྡོག་ཕྱོགས་སུ་སྐྱོད་བཞིན་ཡོད།

བསྐྱར་བཅོས།: ༢༠༡༩/༠༩/༠༩

Leave a Reply

One thought on “ཧོང་ཀོང་གི་མཚོ་གླིང་བརྒྱུད་ནས་རྒྱ་དམར་གཞུང་དང་མི་མང་ལ་བསྐྱར་ཞིབ་བྱེད་པ།

  1. མིག་ཡ་ལས་མི་མཐོང་བའི་རྒྱ་ནག་གི་སློབ་མ་ཉུང་ཤས་རྣམས། བདེན་རྫུན་གྱི་དབྱེ་འབྱེད་མི་ཤེས་མཁན། དམར་ཤོག་རྒྱ་ནག་གི་གསར་འགྱུར་རྫུན་མར་ཡིད་ཆེས་བྱེད་མཁན། ཉིན་ཞིག་མིག་གཉིས་ཀྱིས་མཐོང་སྐབས། དམར་ཤོག་རྒྱ་ནག་མཇུག་རྫོགས་པའི་དུས་ཡིན་ནོ།།
    ཧོང་ཀོང་མི་དམངས་རྒྱལ་གྱུར་ཅིག