བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱུང་ནས་ལོ་ངོ་ ༣༥ འཁོར།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ད་ལྟ་བར་བོད་ནས་ཡོང་བའི་ཤེས་ཡོན་གོ་སྐབས་མ་ཐོབ་པ་དང་ལས་ཀའི་གོ་སྐབས་ཞན་པའི་བུད་མེད་ ༡༤༥ ལ་འཚེམ་བཟོའི་སྦྱོང་བརྡར་སྤྲད་དེ་རང་ཁ་རང་གསོ་ཐུབ་ཡོད་སྐོར་བརྗོད་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༨ སྟེང་དྷ་རམ་ས་ལའི་ལྷ་རྒྱལ་རིར། བཙན་བྱོལ་ནང་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱུང་སྟེ་ལོ་ངོ་ ༣༥ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚོགས་སོང་བ་དང་། ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་བོད་ཀྱི་བཙུན་མའི་ལས་འཆར་གྱི་འགན་འཛིན་དང་བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་ལགས་དང་། དམིགས་བསལ་སྐུ་མགྲོན་དྷ་ས་ས་གནས་མགོ་འཛིན་ཀུན་དགའ་ཚེ་རིང་ལགས་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་ཁག་ཅིག དེ་བཞིན་གྲྭ་བཙུན་དང་བུད་མེད་ལྷན་ཚོགས་ཀྱི་དབུ་ལས་བཅས་ཁྱོན་མི་གྲངས་ ༡༢༠ ཙམ་འཛོམས་འདུག

དབུས་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱུང་སྟེ་ལོ་ངོ་ ༣༥ འཁོར་བའི་དུས་དྲན་དང་འབྲེལ་བའི་གསར་འགོད་བསྒྲགས་གཏམ་ཞིག་སྒྲོགས་སྦྱངས་གནང་སོང་བ་དང་། བསྒྲགས་གཏམ་ནང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་སྐོར་གོ་རྟོགས་ཡོད་པའི་ཐོག་ནས་ས་གནས་ཡན་ལག་ ༥༨ དང་ཚོགས་མི་ ༡༧༠༠༠ ཅན་གྱི་བོད་ཀྱི་བུད་མེད་ལྷན་ཚོགས་ནས་རང་རེའི་གཞོན་སྐྱེས་བརྒྱུད་བོད་མིའི་ངོ་བོ་དང་ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གཞུང་དང་། སྐད་ཡིག ཆོས་ལུགས་བཅས་སྲུང་སྐྱོབ་དང་དར་སྤེལ་གཏོང་རྒྱུའི་འབད་བརྩོན་གང་ཐུབ་ཞུ་བཞིན་ཡོད། ང་ཚོས་བོད་མདོ་དབུས་ཁམས་གསུམ་གྱི་རྡོག་རྩ་གཅིག་སྒྲིལ་གྱི་ནུས་པ་ལ་ཡིད་ཆེས་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྣེ་འཁྲིད་འོག ཆོལ་གསུམ་བུད་མེད་ཡོངས་ཀྱིས་ལག་གདང་སྦྲེལ་ནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་འཁྲིད་འོག རང་རེའི་སྤྱི་ཚོགས་ནང་མཐུན་སྒྲིལ་སྲ་བརྟན་བཟོ་རྒྱུ་དང་ཞི་བདེ་ལྷིང་འཇགས་ཀྱི་ཁོར་ཡུག་བསྐྲུན་རྒྱུར་མུ་མཐུད་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

ཡང་བསྒྲགས་གཏམ་ནང་། བོད་ཀྱི་བུད་མེད་ལྷན་ཚོགས་ནས་ད་ལྟའི་བར་མཐོ་སློབ་འགྲིམ་མཁན་དང་ལས་སྣེ་འདྲ་མིན་ནང་ཕྱག་ལས་གནང་བཞིན་པའི་ཤེས་ལྡན་བུད་མེད་ ༤༠༠ ལྷག་ཙམ་ལ་མགོ་འཁྲིད་གསོ་སྐྱོང་ཡོང་སླད། ཤེས་ཡོན་དང་ནུས་སྟོབས་གོང་འཕེལ་གྱི་སྦྱོང་བརྡར་ཕུལ་ཐུབ་པ་བྱུང་ཡོད་སྐོར་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པའི་དམིགས་བསལ་བོད་ནས་ཕེབས་པ་གང་ཞིག་ལ་ཤེས་ཡོན་གྱི་གོ་སྐབས་མ་ཐོབ་པ་དང་ལས་ཀའི་གོ་སྐབས་ཞན་པ་ཚོར་རང་ཁ་རང་གསོ་ཡོང་ཆེད་ཟླ་བཅོ་བརྒྱད་རིང་འཚེམ་བུའི་ལག་ཤེས་སྦྱོང་བརྡར་འབུལ་བཞིན་ཡོད་པ་མ་ཟད། ཟླ་རེར་འཚོ་སྣོན་མི་ཉུང་བ་ཞིག་དང་སྦྱོང་བརྡར་ཚར་རྗེས་འཚེམ་བུའི་འཕྲུལ་འཁོར་རེ་རེ་འབུལ་གྱི་ཡོད་པ་དང་། ཕྱི་ལོ་ ༡༩༩༥ ནས་ད་བར་བུད་མེད་ ༡༤༥ ཙམ་འཚེམ་བུའི་སྦྱོང་བརྡར་གྲུབ་སྟེ་འཚེམ་བུའི་ལས་ཀར་ཞུགས་པའམ་རང་ཁ་རང་གསོ་ཐུབ་པ་བྱུང་ཡོད་སྐོར།  དེ་བཞིན། བཙུན་མའི་ནུས་སྟོབས་གོང་འཕེལ་སླད་ད་སྔ་བར་རྒྱ་གར་དང་བལ་ཡུལ་ནང་གི་བཙུན་མ་གྲངས་ ༣༥༠ ལྷག་ཙམ་ལ་སྦྱོང་བརྡར་སྤྲད་ཡོད་པ་དང་། ས་གནས་བུད་མེད་ལྷན་ཚོགས་བརྒྱུད་ས་གནས་ཁག་ལ་ཡོད་པའི་ཁྱིམ་ཚང་ཉམ་ཐག་རྣམས་ལ་ཟླ་རེའི་འཚོ་སྣོན་ངེས་ཅན་ཞིག་འབུལ་བ་དང་། བོད་མིའི་མི་འབོར་འཕེལ་རྒྱས་ཆེད་ཕྲུ་གུ་གསུམ་ལས་མང་བ་ཡོད་མཁན་གྱི་ཁྱིམ་ཚང་ཚོར་ལེགས་སྐྱེས་འབུལ་བཞིན་ཡོད་སྐོར་སོགས་བརྗོད་སོང་།

བསྒྲགས་གཏམ་གྱི་མཇུག་ཏུ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཏོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་བརྟན་པོ་ཡོད་པའི་ཐོག རྒྱ་ནག་གི་དབུ་འཁྲིད་ཚོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལྷན་དུ་ཕྱིར་བཤོལ་མེད་པའི་ཐོག་བོད་རྒྱ་ཞི་མོལ་སླར་གསོ་ཡོང་བར་ནན་སྐུལ་ཞུ་རྒྱུ་ཡིན། དེ་རིང་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱུང་སྟེ་ལོ་ངོ་ ༣༥ འཁོར་བའི་ཉིན་མོར། ང་ཚོས་གཞོན་སྐྱེས་ཀྱི་ཤེས་ཡོན་དང་ནུས་སྟོབས་གོང་དུ་སྤེལ་རྒྱུར་སླར་ཡང་ཁས་ལེན་དམ་བཅའ་ཞུ་བ་དང་། སྤྱིར་བོད་པའི་སྤྱི་ཚོགས་དང་ཡང་སྒོས་སུ་བུད་མེད་རྣམས་ལ་ཕོ་མོ་ཁྱད་མེད་དང་ཁྱིམ་ཚང་ནང་གི་གནོད་འཚེ་མི་ཡོང་བའི་བདེ་འཇགས་དང་ཞི་བདེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་གྲོས་འཆར་འབུལ་བ་དང་། མི་མང་ལ་ཤེས་ཡོན་དང་གནོད་འཚེ་ཕོག་པའི་མི་སྒེར་ལ་ཁྲིམས་ལུགས་ཀྱི་གཞོགས་འདེགས་བརྒྱུད། ང་ཚོས་ཉེན་ཁ་མེད་པའི་ཞི་བདེ་ལྷིང་འཇགས་ཀྱི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་ངེས་ཡིན། ཞེས་བསྒྲགས་འདུགདེའི་རྗེས་དམིགས་བསལ་སྐུ་མགྲོན་དྷ་ས་ས་གནས་མགོ་འཛིན་ཀུན་དགའ་ཚེ་རིང་ལགས་ཀྱིས་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱུང་སྟེ་ལོ་ངོ་ ༣༥ འཁོར་བར་འཚམས་དང་འབྲེལ། དེང་སང་འཛམ་གླིང་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གལ་གནད་ཆེན་པོར་བརྩི་དགོས་པའི་རྒྱབ་ལྗོངས་དང་། བཙན་བྱོལ་སྤྱི་ཚོགས་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གལ་གནད། དམིགས་བསལ་དེ་རིང་བོད་ཀྱི་བུད་མེད་ལྷན་ཚོགས་གལ་གནད་ཆེན་པོར་བརྩི་དགོས་པར་རྒྱབ་ལྗོངས་མི་འདྲ་བ་མང་པོ་ཡོད་པའི་ནང་ནས། གཙོ་བོ་གཅིག་གཞུང་གིས་མི་མང་གི་ཆེད་དུ་ཕྱག་ལས་མང་པོ་ཞིག་གནང་བཞིན་ཡོད་ཀྱང་། གཞུང་གིས་གནང་མ་ཐུབ་པ་མང་པོ་ཞིག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་སྒྲུབ་ཀྱི་ཡོད་སྟབས། ངས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གལ་གནད་འདི་འདྲ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་མི་ལོ་ ༣༥ ཧྲིལ་པོ་འཁོར་བའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་པ་ཡིན་ན། ལས་དོན་ག་རེ་བྱས་པ་ཡིན་ནའང་ཚང་མ་༧རྒྱལ་བ་དོན་གྱི་བདག་པོའི་དགོངས་པ་གཞིར་བཟུང་གནང་ཡོད་པ་ཞིག་དང་། དེ་བཞིན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དཔུང་བ་དཔུང་འདེགས་ཡོད་པའི་ཐོག་ནས་ལས་དོན་བསྒྲུབས་ཡོད་པ་ཞིག་ལ་ངས་ངོས་འཛིན་བྱེད་ཀྱི་ཡོད་ལ། མ་འོངས་པའང་སྡིངས་ཆ་འདི་བརྒྱུད་མུ་མཐུད་གནང་རོགས་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།མཇུག་ཏུ་སྐུ་མགྲོན་གཙོ་བོ་ཕྱི་འབྲེལ་དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་ལགས་ཀྱིས། བོད་ཀྱི་བུད་མེད་ལྷན་ཚོགས་དེ་ཆབ་སྲིད་ཀྱི་ཚོགས་པ་ཞིག་བྱས་ནས་གནས་བསྡད་ཡོད་པ་རེད་དེ། ཆབ་སྲིད་ཀྱི་ཚོགས་པ་ཙམ་མ་ཡིན་པར་སྤྱི་ཚོགས་ཀྱི་བདེ་དོན་དང་འཕྲོད་བསྟེན། ཤེས་ཡོན་དང་སྤྱི་ཚོགས་ཞབས་ཞུ་སོགས་ས་ལ་མར་བབས་ནས་ཕྱག་ལས་གནང་མཁན་གྱི་ཚོགས་པ་ཞིག་ཡིན་པ་ཞུ་མ་དགོས་པར་ཚང་མས་མཁྱེན་མཁྱེན་པ་རེད་བསམ་གྱི་འདུག དེ་འདྲའི་ཐོག་བུད་མེད་ཚོགས་པའི་ལས་འགུལ་ཙམ་མ་ཡིན་པར་སྐྱེས་པ་ཚོས་སྤྱི་པའི་ལས་དོན་ཡིན་པར་ངོས་འཛིན་གནང་སྟེ་ལས་རིམ་མང་པོའི་ནང་མཉམ་ཞུགས་གནང་གི་ཡོད་པ་རེད། དེར་བརྟེན་སྐྱེས་པ་ཚོར་ང་ཚོ་བུད་མེད་ཚོའི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་། འདས་པའི་ལོ་ངོ་ ༣༥ རིང་ལས་དོན་ག་རེ་བསྒྲུབས་ཡོད་པ་ད་ལྟ་ཚང་མས་མཐོང་བཞིན་པ་དེ་ཡིན་ཡང་། མ་འོངས་པར་ལས་དོན་ག་རེ་བསྒྲུབ་རྒྱུ་ཡིན་པ་དང་ད་ལྟའི་བར་དུ་གནང་བ་ལས་གནང་རྒྱུ་ལྷག་བསྡད་ཡོད་པ་དེ་བོད་ཀྱི་རྩ་དོན་རྩོད་རྒྱུ་དེ་ཡིན་སྐོར་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གལ་གནད་ནི་གཞུང་ལ་འཕྱར་གྲུ་མཉམ་འདེགས་བྱེད་རྒྱུ་དང་། གཞུང་དེ་མི་མང་གི་ཆེད་ཡིན་པས་མི་མང་གི་གནས་སྟངས་ལ་མ་འགྲིག་པ་གང་བྱུང་སྐབས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་མཚམས་རེར་གཞུང་ལ་སྐྱོན་བརྗོད་བྱེད་མཁན་གྱི་ཚོགས་པ་དེ་འདྲ་ཡིན་དགོས་ཀྱི་ཡོད་སྐོར། དེ་བཞིན།  ཕྱི་ལོ་ ༢༠༢༡ ལོར་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་བྱེད་རྒྱུ་ཡིན་སྟབས། ད་ལྟ་ནས་འོས་བསྡུའི་སྒྲིག་གཞི་དང་འོས་མི་ཉམས་ཞིབ་བྱས་ཏེ་ལྟ་རྒྱུ་གལ་ཆེན་ཡིན་སྐོར་སོགས་བརྗོད་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༩/༡༠

Leave a Reply

2 thoughts on “བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱུང་ནས་ལོ་ངོ་ ༣༥ འཁོར།

  1. གཞུང་པ་ཚེ་དབང་བསོད་ནམས་

    བཙན་བྱོལ་སྤྱི་ཚོགས་ནང་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་
    ( NGO ) ཚོའི་ཐུགས་འགན་ཆེ་ཤོས་དེ་དབུས་བོད་མིའི་སྒྲིག་འཛུགས་
    ནས་མ་སླེབས་པ་དང་མ་འདངས་པ་མ་སྙོབས་ས་དེ་ཚོར་གཞུང་འབྲེལ་
    མིན་པའི་ཚོགས་པ་ཁག་ནས་ས་གནས་སོ་སོའི་མི་མང་ལ་དུས་ནས་དུས་
    ལ་ཆབ་སྲིད་ཀྱིས་གོ་རྟོགས་སྤེལ་རྒྱུ་དང་འཕྲོད་བསྟེན་སློབ་གསོ་དང་འཁོར་
    ཡུག་གཙང་སྦྲ་ཤེས་ཡོན་སློབ་གསོ་ལྷག་པར་དུ་ཆོས་ལུགས་ལ་མ་བསྟེན་པའི་
    ཡ་རབས་བཟང་སྤྱོད་སྤེལ་རྒྱུ་སོགས་སྤྱི་ཚོགས་ཀྱིས་འཚོ་བ་དང་འབྲེལ་བའི་
    ལས་དོན་ཁག་ལ་འགན་འཁུར་གྱིས་ལས་འགུལ་སྤེལ་དགོས་པ་དང་མང་གཙོའི་
    རིག་པའི་གཞུང་ལུགས་དང་མཐུན་པའི་ཐོག་ནས་སྒྲིག་འཛུགས་ཀྱིས་ལས་དོན་
    འཐུད་ཤོར་ཁག་ལ་དགེ་སྐྱོན་གསལ་གཏོན་ཐུབ་པའི་འགན་འཁུར་བཞེས་དགོས་པ་ནི་
    གཞུང་འབྲེལ་མིན་པའི་རང་དབང་ཅན་གྱིས་ཚོགས་པའི་ལས་འགན་ཆེ་ཤོས་དེ་
    ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད།

  2. 😂 😂 😂 😂 😂 བཙན་བྱོལ་ནང་ རང་ཁ་རང་གསོ། ༧གོང་ས་མཆོག་གི་དགོང་པ་གཏོར་བཤམ། 🙀 👉🏼 ཕར་ཕྱོགས་བོད་ནང་ རང་ལུས་མེར་སྲེག 🔥🥵😪😪😪