སོ་ལོ་མོན་གླིང་ཕྲན་རྒྱལ་ཁབ་ཀྱིས་རྒྱ་ནག་ལ་ཕྱི་འབྲེལ་མགོ་བཏགས་ཞུས།

ཐའེ་ཝན་གྱི་མཐུན་ཕྱོགས་གླིང་ཕྲན་རྒྱལ་ཁབ་སོ་ལོ་མོན་གྱིས་ཐའེ་ཝན་ལ་འབྲེལ་བ་བཅད་དེ་རྒྱ་ནག་ལ་ཕྱི་འབྲེལ་འཛུགས་རྒྱུར་མང་མོས་ཐག་གཅོད་བྱུང་རྗེས་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་མཆོག་ནས་རྒྱ་ནག་གཞུང་གི་ཕྱི་འབྲེལ་བྱུས་ངན་ལ་སྐྱོན་བརྗོད་གནང་འདུགཉེ་སྔོན་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་ཕྱོགས་གཏོགས་སོ་ལོ་མོན་གླིང་ཕྲན་རྒྱལ་ཁབ་ (Solomon Islands) ལ་འཛུགས་སྐྲུན་ཆེད་ཨ་སྒོར་ས་ཡ་ ༨།༥ ཡི་རོགས་དངུལ་སྤྲོད་རྒྱུ་ཁས་ལེན་བྱས་ཡོད་པ་དང་། འདས་པའི་ཟླ་གཅིག་རིང་སོ་ལོ་མོན་གླིང་ཕྲན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྲིད་བྱུས་རྒྱ་ནག་དང་ཐའེ་ཝན་གཉིས་ཀྱི་གང་ལ་ཁ་ཕྱོགས་དགོས་མིན་ལ་བསྐྱར་ཞིབ་བྱས་མཐར། ཁ་སང་རྒྱལ་ཁབ་དེའི་གྲོས་ཚོགས་ནང་འོས་འདེམས་ཐག་གཅོད་བྱེད་སྐབས། ངོ་བཅར་འཐུས་མི་ ༣༣ ཡོད་པ་ནས་འཐུས་མི་ ༦ བར་གནས་དང་། འཐུས་མི་ ༢༧ གྱིས་རྒྱ་ནག་ལ་ཁ་ཕྱོགས་དགོས་པའི་འོས་བླུགས་ཡོད་པར་བརྟེན། མང་མོས་ཀྱི་ཐོག་ནས་རྒྱལ་ཁབ་དེའི་ཕྱི་འབྲེལ་སྲིད་བྱུས་རྒྱ་ནག་ལ་ཁ་ཕྱོགས་རྒྱུའི་ཐག་གཅོད་བྱུང་ཡོད་འདུག

ཐག་གཅོད་དེ་བྱུང་མ་ཐག་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་ (Tsai Ing-wen) མཆོག་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འདས་པའི་ལོ་འགའི་རིང་རྒྱ་ནག་གཞུང་གིས་དཔལ་འབྱོར་དང་ཆབ་སྲིད་ཀྱི་གནོན་ཤུགས་ལ་བརྟེན་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ནས་ཐའེ་ཝན་གྱི་འབྲེལ་ལམ་འགོག་ཐབས་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གི་བྱེད་ཐབས་དེ་ནི་ངོ་ཚ་ཁྲལ་མེད་ཀྱི་བྱ་སྤྱོད་ཅིག་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་གནོད་སྐྱོན་བཟོ་ཡི་ཡོད་པ་རེད། ཅེས་གསུངས་འདུགཁ་སང་ཕྱི་དྲོར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་སྤེལ་བའི་བསྒྲགས་གཏམ་ཞིག་གི་ནང་། སོ་ལོ་མོན་མཚོ་གླིང་རྒྱལ་ཁབ་ཀྱིས་ཐའེ་ཝན་དང་མཉམ་དུ་ཕྱི་འབྲེལ་སྲིད་བྱུས་བཅད་དེ། རྒྱ་ནག་གཅིག་གི་སྲིད་བྱུས་བཟུང་བ་ནི་བསྔགས་བརྗོད་དུ་འོས་པ་ཞིག་ཡིན་སྐོར་བརྗོད་འདུག་ལ། ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་ཧྭ་ཁྲིན་ཡིན་ (Hua Chunying) གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ང་ཚོ་ནི་སོ་ལོ་མོན་གླིང་ཕྲན་རྒྱལ་ཁབ་དང་མཉམ་དུ་ཕྱོགས་གཉིས་ཀྱི་རྒྱ་ཆེ་བའི་འབྲེལ་བ་གསར་པ་ཞིག་སྒོ་འབྱེད་པར་གྲ་སྒྲིག་ཡིན། ཞེས་བརྗོད་འདུག

ཡང་ལྕམ་ཚའེ་ཡེ་ཝིན་མཆོག་གིས།  རྒྱ་ནག་གི་བྱེད་ཐབས་དེ་ནི་ཟླ་ཤས་རིང་ཧོང་ཀོང་མི་མང་གིས་མུ་མཐུད་ངོ་རྒོལ་ཁྲོམ་སྐོར་བྱེད་ཀྱི་ཡོད་པའི་གནད་དོན་དེར་དོ་སྣང་གི་ཁ་ཕྱོགས་གཞན་ལ་སྒྱུར་ཐབས་ཤིག་ཀྱང་ཡིན་སྲིད་པ་དང་། རྒྱ་ནག་གཞུང་གིས་ཐའེ་ཝན་ལ་གནོན་ཤུགས་སྤྲད་དེ་ད་ལྟ་ཧོང་ཀོང་ནང་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་ལམ་ལུགས་དེར་དྭང་ལེན་ཡོང་ཐབས་བྱེད་ཀྱི་ཡོད་ཀྱང་། ཐའེ་ཝན་མི་མང་ས་ཡ་ ༢༣ ནས་དེའི་ཐད་རེ་བ་ཙམ་ཡང་མེད་ཅེས་པའི་ལན་འདེབས་དེ་གནང་རྒྱུ་ཡིན་པར་ང་ལ་གདེང་ཚོད་ཡོད། ཅེས་གསུངས་འདུགདེ་བཞིན་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཇའོ་སི་ཧྥེ་ཝོ་ (Joseph Wu) ཡིས། སོ་ལོ་མོན་གླིང་ཕྲན་རྒྱལ་ཁབ་ནང་གི་ཐའེ་ཝན་གྱི་གཞུང་ཚབ་ཁང་མྱུར་དུ་སྒོ་རྒྱག་རྒྱུ་ཡིན་པ་དང་། ཕྱི་འབྲེལ་མི་སྣ་རྣམས་ཕྱི་འཐེན་བྱ་རྒྱུ་ཡིན་སྐོར་དང་། གནས་ཚུལ་འདིའི་ཐོག་ནས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་ཐའེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ནང་ཆེད་དུ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་གསལ་པོ་ཡིན་ལ། ཐའེ་ཝན་གཞུང་ནས་གནད་དོན་དེར་སྐྱོན་བརྗོད་ཤུགས་ཆེན་དང་མི་མང་ནས་ཐའེ་ཝན་གྱི་བདག་དབང་དང་། དེ་བཞིན་དམངས་གཙོ་དང་རང་དབང་གི་རིན་ཐང་ཉར་བར་འབད་བརྩོན་བྱེད་དགོས་སྐོར་བརྗོད་འདུག

རོའུ་ཊར་གསར་ཁང་ལ་མིང་བརྗོད་མེད་པའི་ཐའེ་ཝན་གྱི་བདེ་སྲུང་ལ་རྒྱུས་ཡོད་ཆེས་མཐོའི་དཔོན་རིགས་ཤིག་གིས། རྒྱ་ནག་གཞུང་གིས་ཁ་སང་ཛ་དྲག་གི་བཀའ་རྒྱ་བཏང་སྟེ་སོ་ལོ་མོན་གླིང་ཕྲན་རྒྱལ་ཁབ་གྱི་ཕྱི་འབྲེལ་སྲིད་བྱུས་རྒྱ་ནག་ལ་ཕྱོགས་པར་ཐབས་བརྒྱ་བྱུས་སྟོང་གིས་འགུག་ཐབས་བྱེད་དགོས་པ་བསྒྲགས་ཡོད་པ་དང་། དེ་ནི་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་རྒྱ་ནག་དམར་ཤོག་རྒྱལ་ཁབ་མགོ་བཙུགས་ནས་ལོ་ངོ་ ༧༠ འཁོར་བའི་རྒྱལ་སྟོན་དུས་ཆེན་སྔོན་ལ། རྒྱ་ནག་གི་མི་སེར་རྣམས་ཀྱི་སེམས་པ་ཧོང་ཀོང་གི་གནད་དོན་ལས་གནད་དོན་གཞན་ལ་ཁྲིད་ཐབས་ཤིག་ཡིན་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་ཐའེ་ཝན་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་མངའ་ཁོངས་ཤིག་ཡིན་པ་དང་། ཐའེ་ཝན་ལ་རྒྱལ་ཁབ་གཞན་དང་ཕྱི་འབྲེལ་གྱི་སྲིད་བྱུས་འཛིན་པའི་ཐོབ་ཐང་མེད་པ་བརྗོད་ཀྱི་ཡོད་ནའང་། རྒྱལ་སྤྱིའི་ཐོག་ཐའེ་ཝན་ལ་ད་ལྟ་ཕྱི་འབྲེལ་སྲིད་བྱུས་ཡོད་མཁན་རྒྱལ་ཁབ་ ༡༦ ཡོད་པ་ལས་མང་ཤོས་གླིང་ཕྲན་རྒྱལ་ཁབ་ཡར་རྒྱས་དེ་ཙམ་ཕྱིན་མེད་པ་ཁག་ཡིན་འདུག ཕྱི་ལོ་ ༢༠༡༦ ལོར་ལྕམ་ཚའེ་ཡེན་ཝིན་མཆོག་གིས་སྲིད་འཛིན་གྱི་ལས་ཁུར་ཞུས་པ་ནས་བཟུང་། བྷར་ཀི་ན་ཧྥ་སོ་ (Burkina Faso) དང་ཌོ་མི་ནི་ཁ་སྤྱི་མཐུན་རྒྱལ་ཁབ་ (Dominican Republic) ། ཤོ་ཐོ་མེ་དང་པེ་རིན་སི་ཕི་ (Sao Tome and Principe) དང་པ་ན་མ་ (Panama) ། ཨེལ་སལ་ཝོ་ཌོར་ (El Salvador) དང་སོ་ལོ་མོན་ (Solomon Islands) བཅས་གླིང་ཕྲན་རྒྱལ་ཁབ་ ༦ གྱིས་ཕྱི་འབྲེལ་གྱི་སྲིད་བྱུས་རྒྱ་ནག་ལ་ཁ་ཕྱོགས་བསྒྱུར་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༩/༡༧

Leave a Reply

One thought on “སོ་ལོ་མོན་གླིང་ཕྲན་རྒྱལ་ཁབ་ཀྱིས་རྒྱ་ནག་ལ་ཕྱི་འབྲེལ་མགོ་བཏགས་ཞུས།

  1. གཞུང་པ་ཚེ་དབང་བསོད་ནམས་

    གསར་སྐྱེས་འབྱོར་མེད་རྒྱལ་ཁབ་ཆུང་བ་དེ་ཚོའི་མི་མང་གིས་
    འཐུས་མིའི་ཌོ་ལར་ས་ཡ་ཁ་ཤས་ལ་རྔམས་ནས་རྒྱ་ནག་གི་
    མཐུན་ཕྱོགས་སུ་ཤོར་བ་ནི་རྐེ་ཁྱེར་ནས་ཞག་པ་ཉོ་རུ་ཕྱིན་པ་
    མ་རེད་དམ་ཧཧཧཧ།