རྒྱ་གཞུང་གིས་ང་ཚོ་བོད་ནང་འགྲོ་བཅུག་མ་སོང་བས་དྷ་རམ་ས་ལར་བཅར་བ་ཡིན།

འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་སྐུ་ཚབ་ཚོགས་མི་གསུམ་གྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུ་སྐབས་འཇར་མན་གཞུང་གིས་བོད་ཀྱི་རིག་གཞུང་ཁོར་ཡུག་སོགས་ལ་རྒྱབ་སྐྱོར་གནང་སྟེ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་གསུངས་འདུགའཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཚོགས་མི་གསུམ་སྟེ། རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧྥན་ཁི་ཧེན་རི་ཆི་ (Frank Heinrich)ལགས་ཀྱིས་དབུ་འཁྲིད་པའི་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་མར་གྷ་རི་ཊི་བྷོ་སི་ (Margaret Bause) ལགས་དང་། སྤྱི་ཚོགས་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ཨུ་ཊེ་ཝོག་ (Ute Vogt) ལགས་བཅས་ཀྱིས་བཞུགས་སྒར་དྷ་རམ་ས་ལའི་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་སོགས་སུ་གཟིགས་སྐོར་གནང་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོར་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུ་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས་འཇར་མན་གཞུང་གིས་དུས་རྒྱུན་བོད་དོན་དང་། བོད་ཀྱི་རིག་གཞུང་། ཁོར་ཡུག་བཅས་ལ་བློ་འཚབ་གནང་གི་ཡོད་པ་དེས་ཕན་ཐོགས་ཆེན་པོ་འབྱུང་གི་ཡོད་སྐོར་གསུངས་འདུག

མཇལ་བཅར་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེང་སྐབས་རྒྱ་ནག་ནི་འཛམ་གླིང་གི་ནང་པ་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པ་དང་། ནང་པ་ས་ཡ་ ༣༠༠ ཙམ་ཡོད་པ་རེད། དེ་ཚོའི་ཁྲོད་ཀྱི་མང་ཤོས་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཆགས་ཡོད་པས་དེ་ན་བཟང་ཕྱོགས་ཀྱི་གནས་སྟངས་ཤིག་ཡོད་པ་དང་། རང་དབང་ཅན་གྱི་རྒྱལ་ཁབ་ཚོ་དང་ལྷག་པར་དུ་འཇར་མན་གྱིས་དུས་ནས་དུས་སུ་བོད་ཀྱི་གནད་དོན་དང་གནའ་བོའི་ཤུལ་བཞག ཆོས་དང་རིག་གཞུང་། དེ་བཞིན་ཁོར་ཡུག་གི་ཐད་བློ་འཚབ་ཡོད་པ་སྟོན་གྱི་ཡོད་པ་དེས་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་རེད། མི་ལོ་ ༧༠ རིང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ནི་ལམ་ལྷོངས་མ་བྱུང་བ་ཞིག་དང་། རྒྱ་ནག་གཞུང་གི་ཆེས་མཐོའི་དཔོན་རིགས་ཚོའི་ཁྲོད་ནའང་ངེས་ཤེས་རྙེད་དེ་བོད་ཀྱི་གནད་དོན་ཐོག་དངོས་ཡོད་གནས་སྟངས་དང་འཚམ་པའི་སྲིད་བྱུས་འཛིན་དགོས་པའི་བསམ་ཚུལ་གསར་པ་ཡོད་མཁན་ཡོད་པ་རེད། ཅེས་གསུངས་འདུག

མཇལ་བཅར་རྗེས་གསར་འགོད་པས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་པའི་དམིགས་ཡུལ་ཅི་ཡིན་བཀའ་འདྲི་ཞུས་པར། འཇར་མན་གྱི་རྙིང་ཞེན་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧྥན་ཁི་ཧེན་རི་ཆི (Frank Heinrich)ལགས་ཀྱིས། ང་ཚོ་ནི་འཇར་མན་གྱི་གྲོས་ཚོགས་འཐུས་མིའི་འགྲོ་བ་མིའི་ཐོབ་ཐང་ཚན་པ་ནས་ཡིན་པ་དང་། ལོ་ཕྱེད་ཀ་འདིའི་རིང་ང་ཚོས་ཆོས་དད་རང་དབང་ནི་བརྗོད་གཞི་གཙོ་བོ་ཅིག་ལ་ཐག་གཅོད་བྱས་ཡོད།  ང་ཚོ་ལ་དམིགས་བསལ་གྱི་བརྗོད་གཞི་ཞིག་ཡོད་པ་ཡིན་ན། ང་ཚོས་ཆོས་དད་རང་དབང་མེད་པའི་ས་ཁུལ་ཞིག་ལ་འགྲོ་ཐབས་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་རྒྱ་ནག་གཞུང་ཕྱོགས་ནས་ང་ཚོ་བོད་ནང་འགྲོ་བར་བཀག་འགོག་བྱས་པ་རེད། དེ་བས་ང་ཚོ་རྒྱ་གར་གྱི་ཁྱེད་རང་ཚོའི་ཕྱོགས་སུ་ཡོང་སྟེ། ཆབ་སྲིད་པ་དང་ཆོས་ལུགས་མི་སྣ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་བརྗོད་གཞི་དེའི་ཐོག་ཅི་ལྟར་སྐད་ཆ་བཤད་དགོས་མིན་ལ་ལྟ་རུ་ཡོང་བ་ཡིན། ཞེས་གསུངས་བྱུང་།

ཡང་མཇལ་བཅར་གང་འདྲ་བྱུང་མིན་དྲིས་པར། མཇལ་བཅར་ཧ་ཅང་ཡག་པོ་བྱུང་སོང་། བདེ་སྐྱིད་ནི་ཁ་ནས་བཤད་དང་བསམ་བློ་ལ་འཁོར་སྡོད་རྒྱུ་ཞིག་མིན་པར། ཉིན་རེའི་འཚོ་བའི་ནང་ཉམས་སུ་མྱོང་རྒྱུ་དེ་ཡིན་པ་ང་ཚོ་ཚང་མས་ཚོར་བྱུང་བས། ང་ཚོ་ཚང་མར་ཧ་ཅང་ཡག་པོ་བྱུང་། ཞེས་གསུངས་བྱུང་།

བོད་མི་ཚོས་ཐེངས་འདིའི་འཇར་མན་གྱི་སྐུ་ཚབ་ཚོགས་ཆུང་གི་གཟིགས་སྐོར་ཐད་ནས་རེ་བ་ག་རེ་རྒྱག་ཆོག་མིན་དྲིས་པར། ང་ཚོས་གནས་ཚུལ་འཚོལ་སྡུད་བྱེད་བཞིན་ཡོད་པ་དང་། ང་ཚོས་ཁྱེད་ཚོའི་དཀའ་སྡུག་གི་གནས་ཚུལ་རྣམས་ཚོགས་ཆུང་ནང་འཁྱེར་ཏེ་སྙན་ཐོ་ཞིག་འབྲི་རྒྱུ་ཡིན་པ་དང་། དེ་རུ་གྲོས་གཞི་ཞིག་ཆགས་མིན་དང་ང་ཚོས་ཕྱི་སྲིད་བློན་ཆེན་ལ་ཞུས་ཏེ་ཇི་ལྟར་ཡ་ལན་སྤྲོད་དགོས་མིན་ལ་བལྟ་དགོས་ཀྱི་ཡོད་པ་རེད། ང་ཚོས་ད་དུང་མུ་མཐུད་གནས་ཚུལ་མཁོ་སྒྲུབ་བྱེད་དགོས་པ་རེད། ཅེས་གསུངས་བྱུང་།

ཉེ་སྔོན་འཇར་མན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་བོད་ནང་གཟིགས་སྐོར་ལ་ཕེབས་རྩིས་གནང་སྐབས། རྒྱ་ནག་གཞུང་གིས་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་དང་ཚོར་སྣང་ཅི་བྱུང་དྲིས་པར། ང་ཚོས་ལོ་ ༥ སྔོན་ནས་གཟིགས་སྐོར་འདིར་ཐབས་ཤེས་བྱས་པ་རེད་ལ་ཆོག་མཆན་སྤྲད་མེད་པ་རེད། དེ་ནི་གཅིག་བྱས་ན་ཁོང་ཚོས་བོད་ནང་གི་ཆོས་ལུགས་དང་མི་རིགས། བོད་ཀྱི་གནས་བབ་ལ་ལྟ་སྟངས་ཀྱི་རྐྱེན་པས་ཡིན་སྲིད་པ་རེད། ཁོང་ཚོས་བསམ་པར་ང་ཚོས་གནད་དོན་ལ་ཚད་ལས་བརྒལ་པའི་དོ་སྣང་བྱེད་ཀྱི་ཡོད་པ་བསམ་གྱི་ཡོད་པ་རེད། དེ་ནི་ང་རང་ཉིད་ཀྱིས་ཚོད་དཔག་བྱས་པའི་རྒྱུ་མཚན་ཞིག་རེད། བོད་ནང་འགྲོ་རྒྱུར་བཀག་པའི་ཐད་ལ་ང་ཚོ་ལ་ཚོར་བ་ཡག་པོ་ཞིག་བྱུང་མ་སོང་། གང་ཡིན་ཟེར་ན། ང་ཚོ་བོད་ཁུལ་གྱི་བོད་རིགས་ཚོར་ཐུག་འདོད་ཡོད་ལ། དེ་ནི་ང་ཚོའི་དམིགས་ཡུལ་ཡང་ཡིན་པ་རེད། བདུན་ཕྲག་འགའི་གོང་བར་དུ་ང་ཚོས་ཐབས་ཤེས་བྱས་པ་རེད་དེ་ལེགས་འགྲུབ་མ་བྱུང་བ་རེད། དེ་བས་ང་ཚོ་རྒྱ་གར་ལ་ཡོང་ནས་གནས་ཚུལ་མཁོ་སྒྲུབ་ཀྱིས་ཐབས་ཤེས་ཡག་ཤོས་དེ་གང་ཡིན་ལ་ལྟ་ཡི་ཡོད་པ་རེད། ཅེས་གསུངས་བྱུང་།

འདི་ལོའི་ཕྱི་ཟླ་ ༨ ཚེས་ ༤ ཉིན་འཇར་མན་གྱི་(Deutsche Welle)གསར་ཁང་གིས། འཇར་མན་ཡི་ཤུ་དམངས་གཙོ་ཚོགས་པ་དང་ཡི་ཤུ་སྤྱི་ཚོགས་ཚོགས་པ་མཉམ་འབྲེལ་ (Christian Democrats and Christian Social Union) གྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་མགྲིན་ཚབ་པ་གྲོས་ཚོགས་འཐུས་མི་མེ་ཁིལ་བྷེ་རན་ཌི་ (Michael Brand) ལགས་ཀྱིས། འདི་ལོའི་ཕྱི་ཟླ་ ༩ ནང་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཀྱི་ཚོགས་ཆུང་ཞིག་པེ་ཅིན་དང་བོད། ཤིན་ཅང་བཅས་སུ་ཆོས་དད་རང་དབང་གི་གནས་སྟངས་ཐད་གཟིགས་ཞིབ་གནང་བར་ཕེབས་འཆར་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཆོག་མཆན་སྤྲད་མེད་སྐོར་གསུངས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༩/༡༨

Leave a Reply

One thought on “རྒྱ་གཞུང་གིས་ང་ཚོ་བོད་ནང་འགྲོ་བཅུག་མ་སོང་བས་དྷ་རམ་ས་ལར་བཅར་བ་ཡིན།

  1. གཞུང་པ་ཚེ་དབང་བསོད་ནམས་

    འཇར་མན་གཞུང་དང་གྲོས་ཚོགས་འཐུས་མི་ཚོའི་བོད་དོན་ལ་རོགས་རམ་དང་ཐུགས་འཁུར་
    གནང་བ་ལ་རྗེས་སུ་ཡིད་རངས་དང་བསྔགས་བརྗོད་ཞུ་གི་ཡོད་ལ་གལ་ཆེ་ཤོས་དེ་ནུབ་ཕྱོགས་
    རྒྱལ་ཁབ་ཨ་རི་དང་ཡུ་རོབ་མཐུན་ཚོགས་སོགས་བོད་དོན་ལ་འགན་འཁུར་གནང་མཁན་གྱིས་
    རྒྱལ་ཁབ་ཚོའི་མཉམ་རུབ་ཀྱིས་ཐོག་ནས་བོད་དོན་དེ་མཉམ་འབྲེལ་རྒྱལ་ཚོགས་ནང་གླེང་ཐུབ་པའི་
    འགན་འཁུར་བཞེས་རྒྱུ་དེ་བོད་ནང་བལྟ་སྐོར་ཕྱིན་པ་ལས་དེ་ནུས་པ་ཆེ་བ་དང་ཕན་པ་ཆེ་བ་ཡོང་རྒྱུ་
    བཅས་བོད་མི་རིགས་ལ་ཛ་དྲག་གི་དུས་སྐབས་འདིར་རོགས་གནང་མཁན་ཚང་མར་སླར་ཡང་ཐུགས་
    རྗེ་ཆེ་ཞུ་གི་ཡོད།