ཨ་རིའི་གྲོས་ཚོགས་ནང་ཧོང་ཀོང་གི་གནད་དོན་ཐད་ཉན་ཞིབ་གནང་།

ཨ་རིའི་གྲོས་ཚོགས་ཀྱིས་ཧོང་ཀོང་གནད་དོན་ཐད་ཉན་ཞིབ་གནང་སྐབས་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཞོན་གྱིས་ཧོང་ཀོང་བ་རྣམས་ཀྱི་འཐབ་རྩོད་དེ་ནི་རང་དབང་དང་ཐོབ་ཐང་ལ་མོས་པའི་མིའི་རིགས་ཀྱི་འཐབ་རྩོད་ཅིག་ཡིན་པས་ཨ་རིའི་ངོས་ནས་རྒྱབ་སྐྱོར་ཡོད་སྐོར་བརྗོད་འདུགཁ་སང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་ཀེ་པི་ཊོལ་ཧིལ་དུ་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཚོགས་ཆུང་(Congressional-Executive Commission on China)གིས་ད་ལྟའི་ཧོང་ཀོང་ནང་གི་ཞི་རྒོལ་ལས་འགུལ་དང་འབྲེལ། ཧོང་ཀོང་གི་ན་གཞོན་མགོ་འཁྲིད་ཇོ་ཧྲོ་བོང་(Joshua Wong) གཙོས་པའི་ཧོང་ཀོང་གི་གླུ་མ་དང་འཁྲབ་སྟོན་པ་གྲགས་ཆེན་ཌེ་ནི་སི་ཧོ་(Denise Ho)དང་། ཧོང་ཀོང་གི་མཐོ་རིམ་སློབ་མའི་རྒྱལ་སྤྱིའི་ལས་དོན་སྐུ་ཚབ་ཁང་གི་མགྲིན་ཚབ་པ་སཱ་ཎི་ཁྲུང་(Sunny Cheung)བཅས་ཀྱི་ཞུ་འབོད་ལ་ཉན་ཞིབ་བྱེད་སྐབས། ཚོགས་ཆུང་གིས་ཧོང་ཀོང་ནང་གི་དམངས་གཙོའི་ཞི་རྒོལ་བར་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད་སྐོར་གྱི་བརྡ་ལན་སྤྲད་ཡོད་འདུག

ཚོགས་ཆུང་གི་ཉན་ཞིབ་ཚོགས་འདུའི་སྟེང་། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་གྱི་སྣེ་འཁྲིད་པ་ཇོ་ཧྲོ་བོང་གིས། ངས་སྐད་ཆ་བཤད་བཞིན་པའི་སྐབས་ཐོག་འདིར། ཧོང་ཀོང་དེ་ཉེན་ཚབས་ཆེ་བའི་གནས་སྐབས་ཤིག་ལ་ལྷུང་ཡོད་ལ། ང་ཚོར་རྒྱབ་སྐྱོར་དགོས་པའི་ཚད་ཀྱང་མཐོ་ཤོས་སུ་སླེབས་ཡོད། ཅེས་དང་། ཧྲིན་ཀྲིན་ས་མཚམས་ཁུལ་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་དམག་སྡེས་ང་ཚོར་གདོང་གཏད་ནས་བསྡད་ཡོད། སྲིད་འཛིན་ཞི་ཅིན་ཕིན་གྱིས་བསླེབ་ལ་ཉེ་བའི་རྒྱལ་སྟོན་དུས་ཆེན་གྱི་ཡར་སྔོན་ནས་ཐག་གཅོད་བཙན་པོ་ལེན་མི་སྲིད་པ་ལྟ་བུ་ཡིན་ཡང་། སུས་ཀྱས་བཤད་ཚོད་ཐིག་གི་མ་རེད། ཧོང་ཀོང་ནང་མེ་སྒྱོགས་གཏོང་རྒྱུ་དེ་རྒྱུ་མཚན་མེད་པ་ཞིག་ཡིན་ཡང་། གཏོང་མི་སྲིད་པ་ཞིག་ཀྱང་མ་རེད། རྒྱ་ནག་གིས་ཤིན་ཅང་གཙོས་པའི་ཨོ་མིན་དང་། ཐའེ་ཝན། བོད་བཅས་ནང་ཐེ་བྱུས་བྱེད་བཞིན་པ་དེས། རྒྱ་ནག་གིས་རང་གི་བཙན་རྒྱལ་རྒྱ་བསྐྱེད་ཀྱི་ལས་གཞིའི་ཆེད་གང་ཡང་བྱ་སྲིད་པའི་རང་བཞིན་དེ་མཚོན་ཡོད། ཅེས་དང་། ད་ནས་བརྩིས་པའི་ལོ་རབས་དུ་མའི་རྗེས་ལོ་རྒྱུས་སྨྲ་བ་དག་གིས་ཕྱིར་མིག་ལྟ་དུས། ཕྱི་ལོ་ ༢༠༡༩ ལོ་དེ་ཕྱི་ལོ་ ༢༠༡༤ ལས་ཀྱང་ཀྱོག་མཚམས་ཆེ་བ་ཞིག་ཏུ་ངོས་འཛིན་བྱ་ངེས་རེད། དེ་བཞིན་ངའི་རེ་བ་ལ། ལོ་རྒྱུས་སྨྲ་བ་དག་གིས་ཨ་རིའི་གྲོས་ཚོགས་དེ་ཧོང་ཀོང་བའི་ཕྱོགས་དང་། འགྲོ་བ་མིའི་ཐོབ་ཐང་། དམངས་གཙོ་བཅས་ཀྱི་ཕྱོགས་སུ་ལངས་པ་དེར་རྗེས་དྲན་བྱ་རྒྱུ་རེད། ཅེས་དང་། ད་ལྟ་ཨ་རིའི་གྲོས་ཚོགས་ངོས་ནས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་ཡིག་གཏན་འབེབ་བྱ་རྒྱུའི་དུས་ལ་བབ་ཡོད་པ་མ་ཟད། ཨ་རི་གཞུང་གིས་རྒྱ་ནག་དང་འབྲེལ་མོལ་བྱེད་སྐབས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གཙིགས་ཆེར་གཟུང་རྒྱུའི་དུས་ལ་བབ་ཡོད། ཅེས་བརྗོད་ཡོད་འདུགདེ་བཞིན་ཧོང་ཀོང་གི་གློག་བརྙན་འཁྲབ་སྟོན་པ་དང་དམངས་གཙོ་དོན་གཉེར་བ་ཌེ་ནི་སི་ཧོས་ཀྱང་། ད་ལྟའི་ཆར་ཧོང་ཀོང་བ་རྣམས་ཞེད་སྣང་འོག་ནས་འཚོ་དགོས་ཀྱི་ཡོད་ལ། སྟབས་མ་ལེགས་པར་ང་ཚོའི་རང་དབང་མང་ཆེ་བའང་འཕྲོག་ཟིན། མི་རབས་གཞོན་པ་རྣམས་ཀྱིས་གཞུང་གི་དྲག་གནོན་ལ་མ་ལྟོས་པར་རང་ཁྱིམ་སྲུང་སྐྱོབ་དང་རུལ་སུངས་སུ་གྱུར་བའི་གཞུང་ལ་ཁ་གཏད་གཅོག་བཞིན་ཡོད། དེར་བརྟེན་ངས་ཨ་རིའི་གྲོས་ཚོགས་ངོས་ནས་ཧོང་ཀོང་གི་རྒྱབ་ལ་ལངས་ཏེ། ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་ཡིག་དེ་གཏན་འབེབ་བྱ་རྒྱུའི་རེ་སྐུལ་ཞུ་ཡི་ཡོད། འདི་ནི་ཕྱིའི་ཤུགས་རྐྱེན་དང་། ཧོང་ཀོང་གི་རང་བཙན་ཆེད་དུ་བཏོན་པའི་རེ་བ་ཞིག་མིན་པར། འདི་ནི་འཇིག་རྟེན་ཀུན་ཁྱབ་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོ། འདེམ་སྒྲུག་རང་དབང་བཅས་ཀྱི་ཆེད་དུ་ཡིན། ཅེས་སོགས་བརྗོད་འདུག གཞན་ཡང་ཧོང་ཀོང་གི་མཐོ་རིམ་སློབ་མའི་རྒྱལ་སྤྱིའི་ལས་དོན་སྐུ་ཚབ་(Hong Kong Higher Institutions International Affairs Delegation)ཀྱི་མགྲིན་ཚབ་པ་སཱ་ཎི་ཁྲུང་(Sunny Cheung)གྱིས་འདས་པའི་ཉིན་གྲངས་ ༡༠༠ ལྷག་རིང་ཧོང་ཀོང་ནང་གི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་གྱི་རྒྱབ་ལྗོངས་དང་། ངོ་རྒོལ་ལས་འགུལ་བའི་རེ་འདུན་དོན་ཚན་ལྔ། དེ་བཞིན་ཉེན་རྟོག་ཕྱོགས་ནས་ལས་འགུལ་བའི་ཐོག་ལ་དྲག་པོའི་ཐབས་བྱུས་བཀོལ་བ་སོགས་ཀྱི་གནས་སྟངས་འགྲེལ་བརྗོད་དང་འབྲེལ། ཧོང་ཀོང་དེ་དམངས་གཙོ་དང་རང་དབང་འཐབ་རྩོད་ཀྱི་མདུན་སར་ལངས་ཡོད་སྟབས། ཨ་རིའི་གྲོས་ཚོགས་ཀྱིས་གང་མྱུར་ཧོང་ཀོང་གི་ཁྲིམས་ཡིག་དེ་གཏན་འབེབ་བྱ་གལ་ཆེ་སྐོར་བརྗོད་ཡོད་འདུག

ཞུ་འབོད་ཉན་ཞིབ་སྐབས་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཞོན་སྐུ་ཞབས་མར་ཁོ་རུ་བྷི་ཡོ་(Marco Rubio)ལགས་ཀྱིས། ཧོང་ཀོང་བ་རྣམས་ཀྱི་འཐབ་རྩོད་དེ་ནི་རང་དབང་དང་ཐོབ་ཐང་ལ་མོས་པའི་མིའི་རིགས་ཀྱི་འཐབ་རྩོད་ཅིག་ཡིན་པ་དང་། ཨ་རིའི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཧོང་ཀོང་བ་རྣམས་ལ་རྒྱབ་སྐྱོར་ཡོད་པ་དང་། རྒྱ་ནག་གཞུང་གིས་དབྱིན་གཞུང་དང་མཉམ་དུ་བཞག་པའི་ཆིངས་ཡིག་རྡོག་རོལ་བཏང་སྟེ། ཧོང་ཀོང་གི་རང་སྐྱོང་གནས་བབ་ལ་དོ་ཕོག་ཤུགས་ཆེར་གཏོང་བཞིན་ཡོད་པ་མ་ཟད། འདས་པའི་ཟླ་གསུམ་རིང་ཉེན་རྟོག་པས་ལས་འགུལ་བའི་ཐོག་ལ་མིག་ཆུའི་དུག་རླངས་དང་འགྱིག་མདེའུ་འཕངས་པ་སོགས་དྲག་པོའི་ཐབས་བྱུས་བཀོལ་སྤྱོད་བྱས་ཡོད་པ་དང་། ཧོང་ཀོང་གཞུང་གིས་གནད་དོན་དེར་སྐབས་བསྟུན་ཐག་གཅོད་བྱས་མེད་པ་དེར་ངོ་རྒོལ་ཡོད་སྐོར་བརྗོད་འདུག

སྤྱིར་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་འདི་ལོའི་ཕྱི་ཟླ་ ༥ པའི་ནང་། ཧོང་ཀོང་ཀི་དམངས་གཙོ་དོན་གཉེར་བ་དང་ཁྲིམས་རྩོད་པ་རྒན་པ་མཱར་ཊིན་ལི་(Martin Lee) དང་། ཉི་གདུགས་གསར་བརྗེའི་སྣེ་འཁྲིད་པ་ནཱ་ཐན་ལཱའོ་(Nathan Law)གཉིས་ཀྱི་ཧོང་ཀོང་གི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཁྲིམས་འཆར་སྐོར་གྱི་ཞུ་འབོད་ལ་ཉན་ཞིབ་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཁི་རི་སི་ཊོ་ཧྥར་སི་མི་ཐི་(Christopher Smith)དང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷི་ཡོ་རྣམ་གཉིས་ཀྱིས་གྲོས་ཚོགས་གོང་འོག་ནང་ཕྱི་ལོ་ ༢༠༡༩ ལོའི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་འཆར་(Hong Kong Human Rights and Democracy Act of 2019)ཅེས་པ་བཏོན་པ་དེར་འཐུས་མི་ ༢༩ ཡིས་རྒྱབ་གཉེར་བྱས་ཡོད་པ་མ་ཟད། གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་། ཁྲིམས་ཞིབ་ཚོགས་ཆུང་། དཔལ་འབྱོར་ལས་དོན་ཚོགས་ཆུང་བཅས་ལ་སྙན་གསེང་ཞུས་ཡོད་འདུག

གཞན་ཡང་། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཊེ་ཌི་ཁུ་རུ་ཛི་(Ted Cruz)ཡིས་གྲོས་ཚོགས་གོང་མའི་ནང་ཕྱི་ལོ་ ༢༠༡༩ ལོའི་ཨ་རིའི་ཧོང་ཀོང་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱི་ཁྲིམས་འཆར་(Hong Kong Policy Reevaluation Act of 2019)བཏོན་ཡོད་པ་དང་། ཕྱི་ཟླ་ ༨ ཚེས་ ༣༠ ཉིན་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ བྷེ་རེ་ཌི་ཤེར་མན་ (Brad Sherman)ལགས་ཀྱིས་གྲོས་ཚོགས་འོག་མའི་ནང་། ཧོང་ཀོང་དང་ཨ་རིའི་བར་གྱི་འབྲེལ་ལམ་ངོས་འཛིན་དང་། རྒྱ་ནག་གིས་ཧོང་ཀོང་གི་ལས་དོན་ཐོག་ཐེ་བྱུས་བྱེད་བཞིན་པར་ངོ་རྒོལ། དེ་བཞིན་ཧོང་ཀོང་བའི་ངོ་རྒོལ་གྱི་ཐོབ་ཐང་ལ་རྒྱབ་སྐྱོར་བྱ་རྒྱུའི་གྲོས་འཆར་བཏོན་ཡོད་འདུག  ཧོང་ཀོང་ནང་ཉེན་རྟོག་པས་ཞི་རྒོལ་ལས་འགུལ་བའི་ཐོག་མིག་ཆུ་དུག་རླངས་སོགས་ཚད་ལས་བརྒལ་བ་བཀོལ་སྤྱོད་བྱེད་བཞིན་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་སི་མེག་གྷོ་ཝན་ལགས་ཀྱིས་ཧོང་ཀོང་ནང་མིག་ཆུའི་དུག་རླངས་དང་མི་ཚོགས་དོ་དམ་མ་ལག་ཕྱིར་འདྲེན་ལ་ཚོད་འཛིན་བྱ་རྒྱུའི་ཁྲིམས་འཆར་(Placing Restrictions on Teargas Exports and Crowd Control Technology to Hong Kong Act)ཞེས་པ་ཞིག་བཏོན་པ་དེར་འཐུས་མི་ ༡༡ གི་རྒྱབ་གཉེར་བྱས་ཡོད་འདུག

གཞན་ཡང་ཁ་སང་ལས་འགུལ་བ་སྐོར་ཞིག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ། ཧོང་ཀོང་གི་དམངས་གཙོའི་ལྷན་ཚོགས་(The Hong Kong Democracy Council, HKDC)ཞེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གསར་འཛུགས་བྱས་ཡོད་པ་དང་། ཚོགས་པ་དེ་ནི་ཧོང་ཀོང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་གཅིག་འགྱུར་གྱི་རེ་བའི་འབོད་སྒྲ་གསར་བ་ཞིག་ཡིན་སྐོར་བརྗོད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་གིས་ཇོ་ཧྲོ་བོང་དང་ཁོ་པར་ཐུག་འཕྲད་བྱེད་མཁན་གྱི་ཕྱིའི་རྒྱལ་ཁབ་ཀྱི་མགོ་འཁྲིད་དང་ཆབ་སྲིད་མི་སྣ་རྣམས་ཀྱིས་རྒྱ་ནག་ཁ་བྲལ་གཏོང་རྒྱུའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་ངོ་རྒོལ་ཡོད་སྐོར་དང་། ཨ་རིའི་གྲོས་ཚོགས་ཀྱི་ཧོང་ཀོང་གི་ཁྲིམས་འཆར་བཏོན་པ་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་སྐོར་གྱི་སྐྱོན་བརྗོད་བྱེད་རྒྱུ་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་།  དབྱེ་ཞིབ་པ་ཚོས་ད་ལན་ཨ་རིའི་གྲོས་ཚོགས་ནང་བཏོན་པའི་ཧོང་ཀོང་གི་ཁྲིམས་འཆར་དེར་སྲིད་དོན་ཚོགས་པ་གཉིས་ཀའི་འཐུས་མིའི་ཁྲོད་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་སྟབས། ཁྲིམས་ཡིག་གཏན་འབེབ་ཡོང་རྒྱུར་གཏན་འཁེལ་ཡིན་སྐོར་བརྗོད་ཡོད་ན་ཡང་། ཆབ་སྲིད་དབྱེ་ཞིབ་པ་རེ་འགས་ད་ལྟའི་ཆར་ཨ་རྒྱའི་ཚོང་དམག་གྲོས་མོལ་འགྲོ་མུས་ཡིན་སྟབས། དེར་དོ་ཕོག་མི་ཡོང་བའི་ཆེད་དུ་གྲོས་ཚོགས་ནང་ཁྲིམས་འཆར་དེར་མང་མོས་འཐོབ་རྒྱུ་ཁག་པོ་ཡིན་སྐོར་ཡང་བརྗོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༩/༡༩

Leave a Reply