ངའི་གླིང་ཕྲན་དང་ངའི་རྒྱལ་ཁབ་ལབ་ནས་མི་ཚོགས་རེ་འགའི་དོན་དུ་བསམ་བློ་གཏོང་བ་དེ་བསམ་བློ་རྙིང་པ་ཆགས་ཡོད།

༧གོང་ས་མཆོག་ནས་རང་ཉིད་རྩེར་སོན་ཡོང་ཆེད་གཞན་ལ་རང་ཤུགས་ཀྱིས་དཀའ་ངལ་བཟོ་ཡི་ཡོད་པ་དེ་ནོར་འཁྲུལ་ཡིན་ཡང་རང་ཉིད་རྩེ་ཕུད་ཆགས་རྒྱུའི་འགྲན་རྩོད་ཀྱི་བསམ་བློ་འཆང་བའི་ཐོག་ནས་གཞན་རྣམས་ཡར་རྒྱས་འགྲོ་རྒྱུར་སེམས་ཤུགས་སྤར་ན་ཕན་ཐོགས་ཆེན་པོ་ཡོད་སྐོར་བཀའ་སློབ་གནང་འདུགདེ་རིང་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༠༠ ཐོག ལྡི་ལི་གསར་པའི་ཤྲི་རཱམ་སློབ་གྲྭའི་ (Shri Ram school, Vastiit Vihar) ནང་རྒྱ་གར་གྱི་སྲོལ་རྒྱུན་རོལ་མོའི་ཚོགས་པའི་ (SPIC Macay) གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སློབ་གྲྭ་གྲངས་ ༥༠ ཡི་སློབ་མ་ཁྱོན་ ༢༣༠༠ ཙམ་ལ་སེམས་བཅོས་ཐབས་ཀྱི་ཤེས་ཡོན་སྐོར་བཀའ་སློབ་བཀའ་དྲིན་བསྐྱངས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་གོ་ལའི་ཤར་ཕྱོགས་ཀྱི་མ་འོངས་པ་ནུབ་ལ་བརྟེན་གྱི་ཡོད་པ་དང་ནུབ་ཀྱང་ཤར་ལ་བརྟེན་གྱི་ཡོད་པ་རེད། དེ་བཞིན་ལྷོ་བྱང་གཉིས་ཀྱང་གཅིག་ལ་གཅིག་བརྟེན་ཡིན་སྐོར་གསུངས།

ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་འདིར་ཁྱེད་ཚོ་དང་མཉམ་དུ་ཐུག་འཕྲད་བྱུང་བར་དགའ་པོ་བྱུང་ལ། ལྷག་པར་དུ་གཞོན་སྐྱེས་ཚོེར་མཇལ་བ་ཧ་ཅང་དགའ་པོ་བྱུང་། གཞོན་སྐྱེས་སློབ་ཕྲུག་ཚོ་ནི་དུས་རབས་ཉེར་གཅིག་གི་མི་རབས་ངོ་མ་དེ་ཡིན་པ་དང་། ངོས་དང་གཞན་རྒན་པ་ཚོ་ནི་དུས་རབས་ཉི་ཤུ་པའི་ཁུངས་གཏོགས་ཀྱི་མི་རབས་དང་དུས་རབས་དེ་ནི་ཡོལ་ཟིན་པ་རེད། འདས་ཟིན་པ་ལས་ང་ཚོས་ལེགས་བྱ་ལེན་པ་ལས་འགྱུར་བ་གཏོང་ཐབས་ཡོད་པ་མ་རེད། འོན་ཀྱང་མ་འོངས་པ་ནི་ད་དུང་ཡོང་རྒྱུ་ཡིན་པས་མ་འོངས་པ་དེ་བདེ་སྐྱིད་ལྡན་པ་ཞིག་གམ་ཡང་ན་དཀའ་རྙོག་ཅན་ཞིག་ཡོང་བར་ང་ཚོ་རང་ལ་རག་ལུས་ཀྱི་ཡོད་པས། དུས་རབས་ཉེར་གཅིག་གི་གཞོན་སྐྱེས་རྣམས་ཀྱིས་བདེ་སྐྱིད་སྔར་ལས་ལྡན་པ་ཞིག་བསྐྲུན་པར་འབད་བརྩོན་བྱེད་དགོས་པ་རེད། ངོས་ཀྱི་བསམ་པར་དུས་རབས་འདིའི་ནང་། གཞི་རྩའི་ཐོག་ནས་ང་ཚོས་གོ་ལ་ཧྲིལ་བོ་འདིར་འགྱུར་བ་གཏོང་ཐུབ་ཀྱི་ཡོད་པ་རེད། དེང་གི་དུས་འདིར་དཀའ་རྙོག་ཧ་ཅང་མང་པོ་ཡོད་པ་རེད། གོ་ལའི་ཚ་དྲོད་རྒྱས་པ་དང་རང་བྱུང་གི་གོད་ཆག་མང་པོ་ཞིག་ང་ཚོའི་སྟངས་འཛིན་ལས་བརྒལ་ཡོད་པ་རེད་དེ། དཀའ་རྙོག་གཞན་མང་པོ་ཞིག་མིས་བཟོས་པ་ལས་བྱུང་བ་རེད། ཚན་རིག་པས་འགྲོ་བ་མིའི་གཞི་རྩའི་རང་བཞིན་ནི་བྱམས་བརྩེ་དང་ལྡན་པ་ཞིག་ཡིན་པར་བརྗོད་པ་ནི་རྒྱུ་མཚན་དང་ལྡན་པ་ཞིག་རེད། འགྲོ་བ་མི་ནི་སྤྱི་ཚོགས་འདུས་སྡོད་ཀྱི་སྲོག་ཆགས་ཤིག་ཡིན་པས་མི་རེ་རེའི་འཚོ་གནས་དང་ལེགས་འགྲུབ་ནི་སྤྱི་ཚོགས་ཁྱོན་ཡོངས་ལ་བརྟེན་ཡོད་པ་དང་། གང་ཟག་སྒེར་གྱི་སྤྱི་ཚོགས་དེའང་ཐད་ཀར་དང་ཐད་ཀར་མ་ཡིན་པའི་ཐོག་ནས་གོ་ལ་འདིའི་མི་འབོར་དུང་ཕྱུར་ ༧༠ ལས་གྲུབ་པའི་གོ་ལའི་སྤྱི་ཚོགས་ལ་རག་ལུས་ཀྱི་ཡོད་པ་རེད། མི་འབོར་དང་འཕྲུལ་རིག བརྡ་འཕྲིན་སོགས་ལ་བརྟེན་ནས་གོ་ལའི་ཤར་ཕྱོགས་ཀྱི་མ་འོངས་པ་ནུབ་ལ་བརྟེན་གྱི་ཡོད་པ་དང་ནུབ་ཀྱང་ཤར་ལ་བརྟེན་གྱི་ཡོད་པ་རེད། དེ་བཞིན་ལྷོ་བྱང་གཉིས་ཀྱང་གཅིག་ལ་གཅིག་བརྟེན་ཡིན་པ་རེད། དེང་སྐབས་ངའི་གླིང་ཕྲན་དང་ངའི་རྒྱལ་ཁབ་ལབ་ནས་མི་ཚོགས་རེ་འགའི་དོན་དུ་བསམ་བློ་གཏོང་བ་དེ་བསམ་བློ་རྙིང་པ་ཆགས་ཡོད་པ་རེད། དུས་རབས་ཉི་ཤུ་པའི་ནང་ངའི་སྤྱི་ཚོགས་དང་ངའི་རྒྱལ་ཁབ་ལབ་ནས་བསམ་བློ་གཏོང་ཆེ་དྲགས་ཏེེ་དབྱེ་བ་ཆེན་པོ་བྱུང་སྟབས། ང་ཚོ་དང་ཁོང་ཚོ་ཞེས་པའི་གཞི་རྩའི་ཐོག་མི་གསོད་ཁྲག་སྦྱོར་བྱུང་བ་རེད། ཅེས་གསུངས་ཏེ། ཡུ་རོབ་སྤྱི་མཐུན་མཉམ་འབྲེལ་བྱུང་བ་ལ་བརྟེན་ནས་ཚོགས་ཁོངས་རྒྱལ་ཁབ་ཚོའི་བར་ཕལ་ཆེར་མི་གསོད་ཀྱི་དོན་རྐྱེན་བྱུང་མེད་པ་དང་། གལ་སྲིད་མཉམ་འབྲེལ་ཆགས་མེད་ཚེ་དོན་རྐྱེན་བྱུང་ཡོད་ངེས་པས། ཡུ་རོབ་མཉམ་འབྲེལ་ནི་གོ་ལའི་མིག་དཔེ་ཞིག་ཡིན་སྐོར་གསུངས་འདུག

ཡང་ཁོར་ཡུག་དང་འབྲེལ་ནས་༧གོང་ས་མཆོག་གིས། ང་ཚོའི་འཚོ་གནས་ནི་རང་བྱུང་དང་ཁོར་ཡུག་ལ་ཤུགས་ཆེན་བརྟེན་ཡོད་པས་ང་ཚོས་ངེས་པར་དུ་བདག་སྐྱོང་བྱེད་དགོས་པ་རེད། ང་ཚོས་རང་བྱུང་གི་ཐོན་རྫས་རྣམས་འཛད་སྤྱོད་ཁོ་ན་བྱས་ཏེ་འགྲིག་གི་ཡོད་པའི་བསམ་ཚུལ་འཛིན་པ་དེ་ནི་ནོར་འཁྲུལ་ཅན་ཡིན་པས་ང་ཚོར་རང་བྱུང་ཐོན་རྫས་རྣམས་གཅེས་སྐྱོང་བྱེད་པའི་འགན་འཁྲིའང་ཡོད་པ་རེད། ངོས་ཀྱི་མི་ཚེ་འདིའི་རིང་གོ་ལའི་ཚ་དྲོད་རྒྱས་པ་ཛ་དྲག་ཏུ་འགྱུར་བཞིན་པ་རེད། སྣོད་བཅུད་རྟེན་འབྲེལ་དཔྱད་ཞིབ་པ་རེ་འགས་འབྱུང་འགྱུར་གྱི་ལོ་བཅུ་ཕྲག་འགའི་ནང་གོ་ལའི་ཚ་དྲོད་རྒྱས་པ་ལ་བརྟེན་ནས་དཀའ་རྙོག་ཧ་ཅང་མང་པོ་ཡོང་སྲིད་པར་བརྗོད་ཀྱི་ཡོད་པས། ང་ཚོར་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཡོད་པ་རེད། དེ་ནི་ཧ་ཅང་གལ་ཆེན་རེད། ཅེས་དང་། ཕྱི་ལོ་ ༡༩༦༠ ལོར་ཧི་མ་ཅལ་མངའ་སྡེར་ཐོག་མར་འབྱོར་བའི་དགུན་ཁར་ཁ་བ་ཧ་ཅང་མཐུག་པོ་བབས་ཡོད་ནའང་རིམ་གྱིས་ཇེ་ཉུང་དུ་ཕྱིན་པ་དང་། དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སའི་རི་ཁ་ཤས་ལ་སྔོན་ཆད་གངས་ཀྱིས་གཡོགས་ཡོད་ནའང་རིམ་པས་ཉུང་དུ་ཕྱིན་ཡོད་པ་སོགས། གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་ཆུའི་ཐོན་ཁུངས་ནི་མིའི་དཀའ་ངལ་ཆེན་པོ་ཞིག་ལ་འགྱུར་རྒྱུ་ཡིན་སྐོར་སོགས་གསུངས་འདུགདྲི་བ་དྲིས་ལན་གྱི་སྐབས་སུ་སློབ་ཕྲུག་ཞིག་གིས་སྐུ་ཉིད་ཀྱི་གྲོགས་པོ་ཡག་ཤོས་སུ་ཡིན་བཀའ་འདྲི་ཞུས་པར། ངོས་ལ་གྲོགས་པོ་ཧ་ཅང་མང་པོ་ཡོད། གྲོགས་པོ་ཡག་ཤོས་སུ་ཡིན་བཤད་རྒྱུ་ཁག་པོ་འདུག ངོས་དང་ཆེས་ཉེ་བའི་མི་ནི་ངོས་ཀྱི་ཡུམ་ཆེན་ཡིན། ནམ་རྒྱུན་ངོས་ཀྱི་ཡུམ་ཆེན་ནི་ངོས་ཀྱི་བྱམས་བརྩེའི་དགེ་རྒན་དང་པོ་ཡིན་པ་ངོས་ཀྱིས་བརྗོད་ཀྱི་ཡོད། ཡུམ་ཆེན་གྱི་ནམ་ཡང་ཁོང་ཁྲོའི་རྣམ་པ་སྟོན་གྱི་མེད་པ་དང་དེ་ནི་དམིགས་བསལ་པ་ཞིག་རེད། ཡིན་ནའང་ངོས་ཀྱི་ཡབ་ཆེན་དེ་ལྟར་མིན་པ་རེད། ཐེངས་འགར་ངོས་ལ་ཕྱག་གིས་གཞུས་མྱོང་ཡོད།  ཆུང་དུས་ངོས་རང་ཡབ་ཆེན་ལ་དེ་ཙམ་དགའ་མོས་མེད་པར་ཡུམ་ཆེན་ནི་ཧ་ཅང་བྱམས་བརྩེ་ལྡན་པ་ཞིག་ཡིན་ལ་ངོས་རང་ཧ་ཅང་དགའ་པོ་ཡོད། ངོས་རང་ཆུང་དུས་ང་ཚོ་ནི་གྲོང་གསེབ་དང་ཁྱིམ་གཞིས་ཧ་ཅང་སྐྱོ་བས་ཡུམ་ཆེན་གྱིས་ངོས་རང་རྟག་ཏུ་ཕྲག་པར་འཁུར་ནས་ཞིང་ལས་འབྲོག་ལས་བྱེད་ཀྱི་ཡོད་པ་རེད། རིམ་གྱིས་ངོས་ནས་ཡུམ་ཆེན་གྱི་ཕྲག་པར་ཧ་ཅང་བདེ་བོ་ཚོར་ཡོད་པ་དང་མཚམས་རེར་ཕྲག་པར་ཉོབ་སྣང་སྐྱེས་དུས། ཡུམ་ཆེན་གྱི་རྣ་གཉིས་ནས་བཟུང་སྟེ་གཡས་ལ་འགྲོ་བསམ་དུས་གཡས་ཕྱོགས་ནས་འཐེན་པ་དང་། གཡོན་ལ་འགྲོ་བསམ་དུས་གཡོན་ནས་འཐེན་གྱི་ཡོད། ངོས་ལ་གྲོགས་པོ་མང་པོ་ཡོད་པ་རེད་དེ། ཕྱི་ལོ་ ༡༩༥༩ ལོར་ངོས་རང་ནོར་བུ་གླིང་ག་ནས་བྲོས་བྱོལ་དུ་ཡོང་ནས་ཁ་ཁར་ཕྱིན་པ་རེད། ཁོང་ཚོ་མང་པོ་ཞིག་དེར་སྡོད་དགོས་བྱུང་བ་རེད། མཚམས་རེར་ངོས་རང་ལ་ཧ་ཅང་སྐྱོ་བའི་ཚོར་བ་ཞིག་ཡོང་གི་འདུག དེ་མིན་ངོས་ཀྱིས་རྟག་ཏུ་འགྲོ་བ་མི་ཚང་མ་གཅིག་ཡིན་པའི་འདུ་ཤེས་འཛིན་གྱི་ཡོད། ས་ཆ་གང་དུ་སོང་ནའང་ཚང་མ་ངོས་ཀྱི་གྲོགས་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་ལས་ས་མཚམས་འཛིན་གྱི་མེད། ཅེས་གསུངས་སོང་།

སློབ་མ་ཞིག་གིས་༧གོང་ས་མཆོག་ནས་དུས་རྒྱུན་སེམས་ནང་བདེ་སྐྱིད་ལྡན་དགོས་སྐོར་གསུང་གི་འདུག་ཀྱང་། ང་ཚོ་སློབ་མ་ཞིག་ཡིན་པའི་ཆ་ནས་བསམ་བློའི་ནང་འཆར་སྣང་འདྲ་མིན་སྐྱེ་ཡི་ཡོད་སྟབས། བདེ་སྐྱིད་དང་ལྡན་པའི་སེམས་ཞིག་ཇི་ལྟར་བསྐྲུན་དགོས་གྱི་ཡོད་དམ། ཅེས་བཀའ་འདྲི་ཞུས་པར་ཁོང་གིས། ང་ཚོ་རྒན་གཞོན་ཚང་མར་སེམས་པ་གཅིག་མཚུངས་ལྡན་ཡོད། མཚམས་རེར་སློབ་མ་ཚོར་འགྲན་རྩོད་ཀྱི་བསམ་བློ་དེ་ཡོད་དགོས། ཡིན་ན་ཡང་འགྲན་རྩོད་ལ་རིགས་གཉིས་ཡོད། གཅིག་དེ་རང་ཉིད་རྩེར་སོན་ཡོང་ཆེད་གཞན་ལ་རང་ཤུགས་ཀྱིས་དཀའ་ངལ་བཟོ་ཡི་ཡོད། འདི་ལྟ་བུའི་འགྲན་རྩོད་ནི་ནོར་འཁྲུལ་ཅན་ཞིག་ཡིན། འོན་ཀྱང་རང་ཉིད་རྩེ་ཕུད་ཆགས་རྒྱུའི་འགྲན་རྩོད་ཀྱི་བསམ་བློ་འཆང་བའི་ཐོག་ནས་གཞན་རྣམས་ཡར་རྒྱས་འགྲོ་རྒྱུར་སེམས་ཤུགས་སྤར་ཚེ། དེ་ནི་འགྲན་རྩོད་གྱི་བསམ་བློ་འགྲིག་པ་ཞིག་རེད། དེས་རང་གཞན་གཉིས་ཀ་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་ཡོད། དེ་འདྲ་མ་རེད་དམ། ང་རང་ཆུང་དུས་ཅུང་ལེ་ལོ་ཡོད། དེར་བརྟེན་ངའི་དགེ་རྒན་གྱིས་མཚམས་རེར་ང་ལ་རྟ་ལྕག་བཏོན་ཏེ་ཞེད་སྣང་བསྐུལ་གྱི་ཡོད། སྐབས་དེར་ངས་རྟ་ལྕག་མཐོང་དུས་དགའ་པོ་བྱེད་ཀྱི་མེད། འོན་ཀྱང་དེ་ནི་ཐབས་ལམ་ཞིག་ཡིན་པ་མ་ཟད། དམིགས་ཡུལ་ཡང་ངའི་སློབ་སྦྱོང་ཡར་རྒྱས་འགྲོ་ཆེད་རེད། དེར་བརྟེན་བྱ་འགུལ་ཅི་འདྲ་ཞིག་ཡིན་ཡང་གཞན་ཕན་གྱི་བསམ་བློའི་ཐོག་ནས་བྱས་པ་ཡིན་ན། འཁྲུག་འཛིང་ཆུང་ཚགས་རིགས་ཀྱང་འགྲིག་བསྡད་ཀྱི་ཡོད། ཅེས་ལྗགས་ལན་གནང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༩/༢༠

Leave a Reply