བོད་དོན་སྐོར་གྱི་ཁྲིམས་འཆར་དང་འབྲེལ་བའི་གསར་འགོད་གསལ་བསྒྲཊ་གནང་།

ཨ་རིའི་ནང་ཡོད་པའི་བོད་མི་ཚོས་ངེས་པར་དུ་འབྲེལ་ཡོད་ཨ་རིའི་དཔོན་རིགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོར་བོད་དོན་ཐད་ནས་ཞུ་གཏུག་དང་ཁྲིམས་འཆར་གཏན་འབེབ་ཡོང་བའི་འབོད་སྐུལ་ཞུ་དགོས་སྐོར་གསུངས་སོང་།

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣:༣༠ སྟེང་། བཀའ་ཤག་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་གཉིས་ནས། ཉེ་སྔོན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་ཕྱི་ལོ་ ༢༠༠༢ ལོའི་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་ཐོག་བསྐྱར་བཅོས་ཁྲིམས་འཆར་བཏོན་གནང་བའི་ཐོག་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་བ་དང་། སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཚང་མར་ཁྲིམས་འཆར་དེ་བསྣམས་ཕེབས་པར་ཐུགས་རྗེ་ཆེ་ཞུ་ཞེས་གསུངས་སོང་།

གསར་འགོད་གསལ་བསྒྲགས་སྟེང་སྲིད་སྐྱོང་མཆོག་གིས་ཐེངས་འདིར་ཨ་རིའི་གྲོས་ཚོགས་ནང་ཕྱི་ལོ་ ༢༠༠༢ ལོའི་བོད་དོན་རྒྱབ་སྐྱོར་ཁྲིམས་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་བསྣམས་ཕེབས་ཡོང་བར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཚང་མ་དང་། དམིགས་བསལ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་སྡེ་ཚན་གྱི་ཚོགས་གཙོ་སྐུ་ཞབས་ཇེམ་སི་མེག་གྷོ་ཝེན་(James McGovern)ལགས་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མཱར་ཁོ་རུ་བྷི་ཡོ་(Marco Rubio)ལགས་གཉིས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ལ། ཁོང་རྣམ་པ་གཉིས་དང་ཁོང་གཉིས་ཀྱི་ལས་བྱེད་ཚོས་འགན་འཁུར་བཞེས་པའི་ཐོག་ནས་ཁྲིམས་འཆར་དེ་བཏོན་པ་དང་། ད་ལྟའི་ཆར་ཁྲིམས་འཆར་དེ་གཞུང་འབྲེལ་ཁྲིམས་ཆགས་ཡོང་གི་ཡོད་པ་དང་། གྲོས་ཚོགས་འོག་མའི་ནང་འཐུས་མི་མང་པོ་ཞིག་གིས་རྒྱབ་སྐྱོར་གནང་ཡོད་པ་དང་། ང་ཚོའི་རེ་བར་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནཱན་སིན་པི་ལོ་སི་ལགས་ཡིན་པ་ལྟར། ཉེ་སྔོན་ཨ་རིར་ཕྱོགས་སྐྱོད་སྐབས་དངོས་སུ་ཐུགས་འཕྲད་ཀྱིས་ངེས་པར་དུ་ཁྲིམས་འཆར་དེར་རྒྱབ་སྐྱོར་ཞུ་རོགས་གནང་ཞེས་ཞུས་པར་ཏན་ཏན་རྒྱབ་སྐྱོར་གནང་གི་ཡིན་ཞེས་གསུངས་སོང་ལ། ཕྱི་ལོ་ ༢༠༠༢ ལོར་ཁྲིམས་འཆར་བསྣམས་ཡོང་སྐབས་ཁོང་མོས་རྒྱབ་སྐྱོར་གནང་ཡོད་པས། ཐེངས་འདིར་ཁྲིམས་འཆར་དེར་རེ་བ་ཆེན་པོ་ཡོད། ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་ནས་ཨ་རིའི་ནང་ཡོད་པའི་བོད་མི་ཚོར་འབོད་སྐུལ་ཞུ་རྒྱུར། ཨ་རིའི་ནང་ཡོད་པའི་བོད་མི་ཚོས་ངེས་པར་དུ་འབྲེལ་ཡོད་ཨ་རིའི་དཔོན་རིགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོར་བོད་དོན་ཐད་ནས། ཛ་དྲག་ཆེན་པོར་རྩིས་ནས་ཞུ་གཏུགས་དང་ཁྲིམས་འཆར་དེ་གཏན་འབེབ་ཡོང་བའི་འབོད་སྐུལ་ཞུ་དགོས་པ་དང་། ཁྲིམས་འཆར་ལྟ་བུ་གྲོས་ཚོགས་ནང་འཁུར་བའི་སྐབས་གོ་སྐབས་འཛིན་ཐུབ་པ་ཡིན་ན་ཁྲིམས་འཆར་དེ་ཁྲིམས་རང་ཆགས་པའི་རེ་བ་ཆེན་པོ་ཡོད་པ་བཞིན། ཕྱི་ཟླ ༩ ནས་ ༡༢ བར་གྲོས་ཚོགས་འཐུས་མི་ཚོ་སོ་སོའི་མངའ་སྡེ་དང་གྲོས་ཚོགས་རྒྱབ་སྐྱོར་ཡོད་ས་ཁག་ཏུ་ཕེབས་ཡོང་གི་ཡོད་སྟབས། བོད་མི་ཚོས་ངེས་པར་དུ་གྲོས་ཚོགས་འཐུས་མི་ཚོའི་ལས་ཁུངས་སུ་བཅར་ནས་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཞུ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་གསུངས་སོང་།

ཡང་ཨ་རིའི་གྲོས་ཚོགས་ཀྱི་ཁྲིམས་འཆར་ནང་དམིགས་བསལ་ག་རེ་བཀོད་ཡོད་པའི་སྐོར་ལ་ཁོང་གིས། ཕྱི་ལོ་ ༢༠༠༢ ལོའི་ཁྲིམས་གཞི་དེའི་ནང་གཙོ་ཆེ་ཤོས་བོད་ཀྱི་གནས་སྟངས་ཛ་དྲག་ཤོས་ཡིན་པའི་སྐོར་བྲིས་ཡོད་པ་ལྟར། ད་ལྟ་ཡིན་ན་ཡང་བོད་ཀྱི་གནས་སྟངས་ཛ་དྲག་ངང་གནས་ཡོད་པ་དང་། ཐེངས་འདིའི་ཁྲིམས་འཆར་ནང་ཕྱི་ལོ་ ༢༠༠༢ ལོར་གང་བཀོད་ཡོད་གཞིར་བཞག་ཐོག ཕྱི་ལོ་ ༢༠༡༩ ལོའི་ཁྲིམས་འཆར་ནང་བོད་ཀྱི་ཁོར་ཡུག་དང་བོད་མིའི་ཆོས་དད་རང་དབང། བོད་ཀྱི་ཡང་སྲིད་དང་འབྲེལ་བའི་སྐོར། བོད་མིའི་དམངས་གཙོ་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ། གཞན་དེ་སྔ་ཨ་རིའི་གཞུང་ནས་བོད་ནང་གི་བོད་མི་ཚོར་རོགས་དངུལ་གནང་བསྡད་ཡོད་པ་བཞིན་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོར་རོགས་དངུལ་གནང་དགོས་སོགས་གསར་སྣོན་བྱུང་ཡོད་པ་རེད། ཅེས་གསུངས་སོང་།

ཐེངས་འདིའི་ H.R.4331 ཕྱི་ལོ་ ༢༠༠༢ ལོའི་བོད་ཐོག་འཛིན་པའི་སྲིད་བྱུས་ཁྲིམས་ཡིག་ལ་བསྐྱར་བཅོས་དང་ཕན་ནུས་ལྡན་པ་བཟོ་ཆེད། གནད་དོན་གཞན་གྱི་ཐོག་ (H.R.4331- To modify and reauthorize the Tibetan Policy Act of  2002, and for other purposes) ཅེས་པའི་ཁྲིམས་འཆར་དེར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཁི་རི་སི་ཊོ་ཧྥར་སི་མིཌ་(Christopher Smith)ལགས་དང་། མཱར་སི་ཀབ་ཊོར་ (Marcy Kaptur)ལགས། བྷེ་རེ་ཌི་ཤེར་མན་ (Brad Sherman)ལགས། མཱག་མི་ཌོ་སི་ (Mark Meadows)ལགས། ཐོ་མ་སི་སུའོ་ཛི་ (Thomas Suozzi)ལགས། ཊོམ་མེ་ལི་ནོག་སི་ཀི་ (Tom Malinowski)ལགས། བྷེན་མེག་ཨེ་ཌེམ་སི་ (Ben McAdams)ལགས་བཅས་ཁྱོན་འཐུས་མི་ ༧ ནས་རྒྱབ་གཉེར་གནང་བའི་ཐོག་ནས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་བཏོན་ཡོད་པ་རེད།

གཞན་ཡང་། བསྐྱར་བཅོས་ཁྲིམས་འཆར་དེའི་ནང་། ཨ་རིའི་གཞུང་ངོས་ནས་ལྷོ་ཤར་ཨེ་ཤ་ཡའི་ནང་གི་བོད་མི་བཙན་བྱོལ་བ་རྣམས་ལ་ཁེ་ལས་དང་། རིག་གཞུང་ཉར་ཚགས་བཅས་ཀྱི་ཐད་ལ་རོགས་དངུལ་སྦྱིན་དགོས་པ་མ་ཟད། ཨ་རིའི་འཛིན་སྐྱོང་གིས་བལ་ཡུལ་གཞུང་ལ་ཡུལ་དེར་ཡུན་རིང་གནས་སྡོད་བྱས་པའི་བོད་མི་རྣམས་ལ་གཞུང་འབྲེལ་ཡིག་ཆ་སྤྲོད་དགོས་པར་སྐུལ་འདེད་གཏོང་དགོས་སྐོར་བཀོད་འདུག་པ་མ་ཟད། ཨ་རིའི་འཛིན་སྐྱོང་ལྷན་ཁང་གིས་བོད་ཀྱི་ཁོར་ཡུག་གཙིགས་ཆེར་ངོས་འཛིན་གྱིས། རྒྱ་ནག་དང་རྒྱལ་སྤྱིའི་ལྟེ་གནས་ཁང་ཁག་དང་མཉམ་འབྲེལ་ཐོག་བོད་མཐོ་སྒང་གི་ཁོར་ཡུག་ཐད་དོ་ཁུར་གནང་དགོས་སྐོར་བཀོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༩/༢༥

Leave a Reply

One thought on “བོད་དོན་སྐོར་གྱི་ཁྲིམས་འཆར་དང་འབྲེལ་བའི་གསར་འགོད་གསལ་བསྒྲཊ་གནང་།

  1. གཞུང་པ་ཚེ་དབང་བསོད་ནམས

    ང་ཚོ་བོད་མི་ཚོའི་ཨ་རིའི་མཚོན་པའི་ཤར་ནུབ་ཀྱི་རྒྱལ་ཁབ་ག་འདྲ་ཞིག་ལ་འབྲེལ་བ་གནང་གི་ཡོད་
    ཀྱང་འདྲེ་ལ་མ་ཕོག་ལྷ་ལ་ཕོག་ཐུག་འགྲོ་བའི་ཆབ་སྲིད་སྟངས་འཛིན་ཟབ་ནན་དགོས་པ་ནི་རྒྱལ་
    འབྲེལ་ཆབ་སྲིད་ཀྱི་བརྟན་ལྷིངས་ངོ་མ་དེ་ཡིན་པ་ཞུ་ག་ལ་དགོས།