བུ་ཆུང་བློ་ལྡན་ལ་སྤྲིངས་པའི་འཕྲིན།

  འབྲོག་འཆང་།

དེ་རིང་གཉིས་སྟོང་བཅུ་དགུ་ལོའི་ཟླ་གཉིས་པའི་ཚེས་བཅོ་བརྒྱད་དང་། རེས་གཟའ་ཟླ་བ་རེད། ནམ་རྒྱུན་ཡིད་ལ་གློ་བུར་གློ་བུར་དུ་འཆར་བ་ནི། ཁྱོད་ལ་འཕྲིན་ཡིག་ཅིག་འབྲི་རྒྱུ་དེ་རེད། ཡིན་ནའང་དེ་རིང་བར་དུ་འབྲི་མ་ཐུབ་པར་ལྷག་སོང་བ་རེད།

ཟླ་དགུ་དང་གཟའ་འཁོར་གསུམ་ལྷག་ལ་ཁྱོད་ཀྱི་ཨ་མས་ལུས་ཀྱི་དྲོད་དང་། ཟས་གང་ཞིམ། བཅུད་ནུས་གང་ལེགས། ལུས་སེམས་ཀྱི་དཀའ་ངལ་སོགས་ཁྱད་དུ་བསད་ནས། བག་ལྷོད་ཞི་འཇམ་དང་། དགའ་སྤྲོའི་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཅི་ཐུབ་ཐུབ་ཀྱིས་ཁྱོད་ཀྱི་བདེ་ཐང་དང་། བདེ་སྐྱིད་ལ་འཕྲོད་སྦྱོར་གང་ལེགས་ལེགས་བྱས་པ་བརྗོད་མ་དགོས་པ་རེད། རེད་ཡ་བུ་ཆུང་བློ་ལྡན། ཟླ་བ་དང་། བདུན་ཕྲག ཉིན་མ། མཐའ་ན་དུས་ཚོད་དང་སྐར་མ་རེ་རེར་དམ་འཛིན་བྱས་ནས། ཡིད་སེམས་ཀྱིས་གཙོས་ཤིང་བྱམས་བརྩེས་བསྐྱངས་མཐར། ལོ་རྟགས་རི་བོང་གི་སྤྱི་ལོ་གཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་པའི་ཚེས་བཅུ་གཅིག་གཟའ་ཉི་མའི་དགོང་མོར་དུས་ཚོད་དྲུག་དང་སྐར་མ་བཞི་བཅུ་ཡས་མས་ཤིག་ལ་ཕ་མའི་སྙིང་གི་ནོར་བུ། སེམས་ཀྱི་སྲོག་ཤིང་དེ་བུ་ཆུང་བློ་ལྡན་ཁྱོད་ཉིད་བཙས་པ་རེད། དུས་ཚོད་མ་གཏོགས་ངེས་གཏན་གྱི་སྐར་མ་གསལ་བོ་དག་པོ་ཞིག་སེམས་ན་མི་འདུག་པས་ཁྱོད་ལ་ཨ་ཕས་འདི་ནས་དགོངས་དག་ཞུ།

དེ་རིང་རེས་གཟའ་ཉི་མ་རེད། སྨན་པས་ཁྱོད་ཉིད་འབྱོར་དུས་གཏན་འཁེལ་བྱས་པ་དེ་ལས། བདུན་ཕྲག་གཉིས་ལྷག་ཅིག་ཕྱིར་འགྱངས་ཕྱིན་ཡོད་ནའང་། ད་དུང་ཁྱོད་ཀྱི་མགོ་མར་འཁོར་ཡོད་པ་ཙམ་མ་གཏོགས་བརྡ་རྟགས་གཞན་ཆུ་ཐུམ་ཐེད་པ་དང་། ཨ་མར་ན་ཟུག་ལངས་པ་སོགས་གང་ཡང་མི་འདུག སྤྱིར་བཏང་ཁྱོད་མ་བུ་གཉིས་ཀྱི་བདེ་ཐང་ལ་དམིགས་ནས། ན་ཟིག་སྨན་ཁབ་དང་གཤགས་བཅོས་སོགས་བྱེད་མ་དགོས་པར་བདེ་ཐང་ངང་ནས། རང་བཞིན་གྱིས་སྐྱེ་ཐུབ་ན་སྙམ་པའི་རེ་བ་དང་སྨོན་ལམ་བཏབ་པ་ཡིན། ཡིན་ནའང་སྨན་པས་བཤད་ན། འགོར་འགྱང་བྱས་ན་ཡག་པོ་ཡོད་རྒྱུ་མ་རེད། གཟའ་ཉི་མར་སྨན་ཁང་ལ་ཤོག དེ་མིན་ཨ་མ་དང་བུ་ཕྲུག་གི་བདེ་འཇགས་ལ་གནོད་རྒྱུ་རེད་ཟེར། དེ་གོ་མ་ཐག་སེམས་ལ་ག་འདྲ་ཡིན་ནམ་སྙམ་པའི་མི་བདེ་བའི་འཚེར་སྣང་སྐྱེས། ད་ནི་སྨན་པས་བཤད་པ་ལྟར་འགྲོ་རྒྱུ་ལས་ཐབས་གཞན་མེད་པར་བསམ་ནས། གཟའ་ཉི་མའི་ཉིན་གུང་བྷན་ཁུ་སུ་ཁྲོན་Bankstownསྨན་ཁང་ལ་བསྐྱར་དུ་ཕྱིན་པ་ཡིན། དུས་ཚོད་གསུམ་པ་ཡས་མས་སུ་སྨན་པས་ཁྱོད་ཀྱི་ཨ་མ་ལ་ན་ཟུག་སྨན་ཁབ་བརྒྱབ། ཨ་མས་ཁྱོད་ཀྱི་ཆེད་དུ་སེམས་ཁྲལ་མང་པོ་མི་བྱེད་པའི་ཕྱིར་དུ། ངས་མོ་རང་ལ་རྩེད་མོ་རྩེ་རོགས་འདྲ་བྱས་ནས་དུས་ཚོད་འགྲོ་ཐབས་ལ་འབད། སྨན་པ་རྣམས་ཚུར་ཡོང་ཕར་འགྲོ་ཡང་ཡང་བྱེད་ཀྱིན། ཁྱོད་ཀྱི་ཨ་མའི་ཁམས་དང་བདེ་ཐང་ལ་བརྟག་དཔྱད་དང་ཞོར་གྱིས་བཀའ་འདྲི་སྣ་ཚོགས་གནང་། དུས་ཚོད་བཞི་དང་ཕྱེད་ཀ་ཙམ་ནས། ངེད་གཉིས་ཀྱིས་རྩེད་མཚམས་འཇོག་དགོས་བྱུང་སོང་། སྨན་པས་སྨན་ཁབ་ཀྱི་བཞུར་ཚད་ཇེ་མགྱོགས་སུ་བཏང་། དེའི་རྗེས་སྐར་མ་ཁ་ཤས་ལས་མ་འགོར་བར་ཁྱོད་ཀྱི་ཨ་མ་ལ་ན་ཟིག་ཡང་ཡང་སློང་གྱིན་འདུག རྩེད་མོ་རྩེ་བའི་མོས་པ་ཕར་ཞོག ན་ཟིག་གིས་མི་བཟོད་པར་དཀའ་ངལ་མང་པོ་འཕྲད་བཞིན་འདུག ངས་ཁྱེད་ཀྱི་ཨ་མ་ལ་སེམས་གསོ་ཙམ་གྱི་སྐད་ཆ་འགའ་དང་། དབུགས་ཡར་ལེན་མར་གཏོང་ལ་སེམས་ཤུགས་ཀྱི་ཚུལ་དུ་རམ་འདེགས་བྱེད་ཙམ་མ་གཏོགས་ང་ལ་ནུས་པ་གང་ཡང་མི་འདུག ན་ཟུག་དྲག་པོ་སློང་ཐེངས་རེ་ལ། ཁྱོད་ཀྱི་ཨ་མས་དབུགས་ཡར་ལེན་མར་གཏོང་གི་འཁུན་སྒྲ་དང་། བཟོད་དཀའ་བའི་ན་ཟིག་དེས་ཁྱོད་ཀྱི་ཨ་མའི་ལུས་ཚོར་ཉམས་པར་གྱུར་ནས་ལུས་ཀྱི་ནུས་ཤུགས་ཞན། ད་དུང་ཁྱོད་ཀྱི་མགོ་མར་ཅུང་ཙམ་ཡོང་ཡོད་པ་ལས་ཕྱིར་ཐོན་མི་འདུག དེ་མ་ཐག་སྨན་པས་བྲེལ་འཚུབ་ཀྱིས་ཛ་དྲག་གི་སྐད་གཏོང་བརྡ་རྟགས་མནན། སྨན་མོ་རྣམས་ཚབ་ཚུབ་འུར་འུར་གྱིས་འདུས་ནས། མགྱོགས་པོ་གཤགས་བཅོས་མ་བྱས་ན། ཁྱོད་ཀྱི་བདེ་འཇགས་ལ་གནོད་པ་འགྲོ་རྒྱུ་རེད་ཟེར་ནས། སྨན་པ་བཞི་ལྔ་ཞིག་བསླེབས་ནས་ཚ་ཚ་འུར་འུར་གྱི་ངང་ནས་གཤགས་བཅོས་གནང་བར་གྲ་སྒྲིག་བྱེད་པར་བྲེལ། ཁྱེད་ཀྱི་ཨ་མའི་ངུ་སྐད་ཀྱིས་ངའི་བུ་ཆུང་བདེ་འཇགས་ཨེ་རེད་ཟེར་ནས། སེམས་ཁྲལ་གྱིས་ངུ་སྐད་རྒྱག་གིན་ནུས་ཤུགས་གང་ཡོད་ཀྱིས་དབུགས་འཚིར་ཐབས་ལ་འབད་པ་ཡང་ཡང་གནང་། ངའི་ལག་གཡོན་པས་ཁྱོད་ཀྱི་ཨ་མའི་མགོ་སྐྱོར། ལག་གཡས་པས་ལག་མགོ་འཇུས་ནས། སེམས་ཤུགས་ཀྱི་ཚུལ་དུ་བུ་ཆུང་བདེ་ལེགས་རེད། སེམས་ཁྲལ་མ་བྱེད། ནུས་ཤུགས་གང་ཡོད་ཀྱིས་མར་བཙིར་ཐབས་ལ་འབད་པ་བྱོས་ཅེས་བརྗོད་པ་ལས་ཐབས་གཞན་དཀོན་མཆོག་ལ་རེ་འདུན་བཅོལ་བ་གཅིག་པོ་རེད།

བར་སྐབས་ཤིག་ནས་སྨན་པས་བུ་ཕྲུག་གི་སྙིང་གི་འཕར་མཚམས་ཆད་ཐལ། འཇིབ་རྩལ་གཡོ་ཆས་མགྱོགས་པོ་སྤྲད་རོགས་ཟེར། ཅང་མ་འགོར་བར་འཇིབ་རྩལ་གཡོ་ཆས་ཀྱིས་བུ་ཆུང་ཁྱོད་ཉིད་དྲུད་ནས་ཕྱིར་ཐོན་སོང་། དེ་མ་ཐག་ངས་ཁྱོད་ཀྱི་འཆི་གསོན་ག་འདྲ་ཡིན་ནམ་སྙམ་ནས་བལྟས་པ་ན། ཁྱོད་ཀྱིས་མིག་འབྱེད་བཙུམ་བྱས་པ་མཐོང་སོང་བས་བློ་བདེ་བར་གནས། ཁྱེད་ཀྱི་ཨ་མས་བུ་ཆུང་བདེ་ལེགས་ཨེ་རེད་ཟེར། དེ་དང་མཉམ་དུ་སྨན་པས་བདེ་ལེགས་རེད་ཟེར་ནས། ཁྱོད་ཉིད་ཨ་མའི་པང་དུ་བཞག སྨན་པས་ང་ལ་ཁྱོད་ཀྱི་ལྟེ་ཐག་གཅོད་རོགས་གནང་ཞེས་ཇེམ་ཙེ་ཞིག་སྤྲད་སོང་། ལྟེ་ཐག་བཅད་མ་ཐག་སྨན་པས་ཨ་མའི་པང་ནས་ཁྱོད་ཉིད་ཕར་ཀློག་གི་དྲོད་ཆས་སྟེང་ལ་ཁྱེར་སོང་། ཁྱོད་ཀྱི་ཨ་མས་ད་དུང་ཁྱོད་གསོན་པོ་ཡིན་མིན་ཤེས་མི་འདུག ང་ལ་བུ་ཆུང་བདེ་ལེགས་ཡིན་མིན་དྲིས་སོང་། ང་དགའ་ནས་བདེ་ལེགས་རེད། བདེ་ལེགས་རེད་ཅེས་ལན་བཏབ་མ་ཐག་ཁྱོད་ཀྱིས་ཨ་ཟེར་ནས་དྲོད་ཆས་སྒང་ནས་ངུས་སོང་། དེ་ནི་ཁྱོད་ཀྱི་མི་ཚེའི་ངུ་སྐད་དང་པོ་རེད། སྐྱིད་སྡུག་ཅི་ཞིག་གི་ཆེད་དུ་ངུ་སྐད་བརྒྱབས་པ་ཆ་མ་འཚལ། ཡིན་ནའང་སྡུག་སྐད་མང་པོ་རྒྱག་མ་དགོས་པར་མི་ཚེ་གང་བོར་བདེ་སྐྱིད་དང་། དགའ་སྤྲོ་རྐྱང་རྐྱང་གིས་འཚོ་སྙེག་བྱ་ཐུབ་པའི་ཡིད་ཆེས་དང་རེ་བ་ཆེན་པོ་ཡོད། གང་ལྟར་ཁྱོད་ཀྱིས་ངུ་སྐད་བརྒྱབས་མ་ཐག ཁྱོད་ཀྱི་ཨ་མ་ད་གཟོད་བློ་བདེ་སེམས་སྐྱིད་ཀྱིས་གདོང་ཡོངས་འཛུམ་གྱིས་ཁེངས་སོང་། སྨན་པ་རྣམས་ཡང་དགའ་ནས་མ་བུ་གཉིས་ཆའི་བདེ་ཐང་ལེགས་འགྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཀྱིས་ཁ་གཡང་བརྗོད་ཀྱིན་ལ་ལས་ཁྱོད་ཀྱི་དྲོད་ཚད་དང་། ལྗིད་ཚད། རིང་ཚད། སྙིང་གི་འཕར་ཚད་སོགས་དཔྱད་ཀྱིན་འདུག ཁ་ཤས་ཀྱིས་ད་དུང་ཁྱོད་ཀྱི་ཨ་མའི་རྨ་ཁ་ཕྱིར་བཙེམ་ནས་གཙང་བཟོ་བྱེད་ཀྱིན་འདུག ངས་ཁྱོད་ཀྱི་ཨ་མའི་བདེ་ཐང་དང་གཤགས་བཅོས་ག་འདྲ་ཡིན་མིན་སོགས་བཀའ་འདྲི་ཞུས་པར། སྨན་པས་བློ་བདེ་གནང་རོགས། མོའི་བདེ་ཐང་ལ་སེམས་ཁྲལ་བྱེད་དགོས་པ་མ་རེད། ཡོད་ཚད་ལེགས་འགྲུབ་ཡག་པོ་ཧ་ཅང་བྱུང་སོང་ཞེས་སྨན་པའི་གདོང་པ་འཛུམ་དམུལ་དམུལ་གྱིས་ང་ལ་ངོ་དགའི་ཚུལ་དུ་ཁྱོད་ཀྱིས་བྱ་བ་ལེགས་པོ་བསྒྲུབས་སོང་ཟེར། གང་ལྟར་མ་བུ་གཉིས་ཀྱི་བཟོད་སྲན་དཀའ་བའི་སྡུག་བསྔལ་དང་ན་ཟུག་སོགས་ལས་ཐར་ནས། ཚེ་སྲོག་དང་བདེ་ཐང་ལ་གནོད་སྐྱོན་མ་ཤོར་བར་བདེ་འཇགས་ངང་ནས། ཁྱོད་ཉིད་འཇིག་རྟེན་འདིར་སླེབས་ཐུབ་པ་ནི། ཁྱོད་ཀྱི་ཕ་མའི་དུས་སྐབས་དེའི་སྡུག་བསྔལ་ཡོངས་སུ་སེལ་ནས། བླ་ན་མེད་པའི་བདེ་སྐྱིད་ཅིག་གི་མྱོང་ཚོར་ཐོག་མ་ཡིན།

གཏམ་དཔེ་ཞིག་ལ་འཆི་སླ་ལ་སྐྱེ་དཀའ་ཟེར་བ་ཁྱོད་ལ་མཚོན་ན་བདེན་པ་འདྲ་བོ་མཐོང་སོང་། གོང་ནས་བརྗོད་པ་བཞིན་དུས་ཚོད་གཉིས་ལྷག་ཙམ་རིང་དཀའ་སྡུག་མང་པོ་འཕྲད་པའི་རྗེས་ནས། ད་གཟོད་འཇིབ་རྩལ་ཡོ་ཆས་མགོ་ལ་བཞག་སྟེ་ཤུགས་ཀྱིས་འཐེན་ནས། ཕྱིར་ཐོན་སྐབས་ཁྱོད་ཀྱི་ཤ་མདོག་ཡོད་ཚད་སྔོན་པོ་སྔོན་ནག་རེད། ལུས་པོ་བཙིར་ནས་མགོ་དང་ཁ་སྣ་མིག་གསུམ་ཚང་མ་ཀྱོག་ཀྱོག་རེད། ཁྱོད་ཀྱི་ཕ་མའི་གྲོགས་པོ་དང་གྲོགས་མོ། རྨོ་མོ་དང་སྤོ་པོ་སོགས་ནས་བཀྲ་ཤིས་བདེ་ལེགས་ཀྱིས་ཁྱོད་ལ་ལྟ་གི་ཡོང་དུས། གདོང་པ་འཛུམ་གྱིས་ཁེངས་ནས། ངོ་མཚར་བའི་ཉམས་ཀྱིས་བུ་ཆུང་སྙིང་རྗེ་བོ་དང་། ཡག་པོ་ཧ་ཅང་རེད་ཟེར་ནས་བསྟོད་པ་སྣ་ཚོགས་བྱེད་ཁུལ་བྱེད་པ་ནི། ས་འདིའི་ཡུལ་མིའི་གོམས་གཤིས་ཁོ་ན་ཙམ་རེད། མ་ཡག་ན་ཡག་གི་དང་། ལེགས་པོ་མིན་རུང་ལེགས་པོ་རེད་ཅེས་བརྗོད་ངེས། དེ་ནི་ཁོ་ཚོས་གཞན་སེམས་བརྩི་སྲུང་བྱེད་པའི་གོམས་སྲོལ་ཞིག་རེད། ངས་ཁོ་ཚོ་ཚང་མར་དོན་དངོས་ཀྱིས་རྩེད་མཚར་གྱི་ཚུལ་དུ། བལྟས་མདོག་མེད་པའི་བུ་ཕྲུག་འདི་འདྲའི་རྩོག་པ་ཞིག་འཇིག་རྟེན་ན་དཀོན་པོ་ཡིན་རྒྱུ་རེད་ཅེས་བརྗོད་སྐབས། སེམས་སྐྱོ་མདོག་མདོག་གིས་ཁྱོད་ཀྱི་ཨ་མའི་མིག་ནས་མཆི་མ་ཤོར་ལ་ཁད་ཀྱིས་དངོས་གནས་ཟེར། གཞན་རྣམས་ཀྱིས་དེ་འདྲ་བལྟས་མདོག་མེད་ནི་ཞིག་ག་ལ་ཡིན། ཧ་ཅང་ཡིད་དུ་འོང་བའི་བུ་ཆུང་སྙིང་རྗེ་བོ་ཞིག་རེད་ཅེས་མུ་མཐུད་དུ་གླེང་མོལ་གཞན་གནང་ནས། འཛུམ་མདངས་དང་དགོད་སྒྲས་ཁྱོད་ལ་བཀྲ་ཤིས་བདེ་ལེགས་ཀྱི་སྨོན་ཚིག་བརྗོད་བཞིན་བདེ་སྐྱིད་ཀྱི་དཔལ་ལ་རོལ།

བདུན་ཕྲག་གསུམ་བཞི་འགོར་རྗེས་སུ་ཁྱོད་ཀྱི་བལྟས་མདོག་མེད་པའི་སྔོ་ནག་གི་ཤ་མདོག་རིམ་གྱིས་སྤྲིན་པ་མཁའ་ལས་འཐོར་བ་བཞིན་དྭངས་ཤིང་གཙང་བའི་རང་ཉམས་ལ་མཛེས་སྡུག་ལྡན། དེ་དང་མཉམ་དུ་གཅུར་འཁྱོག་གི་དབྱིབས་གཟུགས་རང་སོར་ཆུད་ནས། ཁྱོད་ཀྱི་དབྱིབས་གཟུགས་ཕྱིར་རང་སར་མངོན། ད་གཟོད་གཞན་གྱི་ཁ་ཡག་ངོ་བསྟོད་བྱས་ན། བྱེད་ཆོག་ཆོག་གི་བུ་ཆུང་ཡག་པོ་སྙིང་རྗེ་བོ་ཞིག་རེད་ཟེར་ན་ཐལ་དྲག་མེད་པ་འདྲ། དུས་དེ་ནས་བཟུང་ངས་ཁྱོད་ཀྱི་གཅུར་འཁྱོག་གི་གཟུགས་དབྱིབས་ཕྱིར་རང་སར་ཡོང་ཐུབ་མིན་ལ་སེམས་འཁུར་བྱ་མི་དགོས་པ་མ་ཟད། སེམས་འཁུར་བྱས་པ་ནི་བྱིས་པའི་སྐྱེ་འཕེལ་རང་གཞིན་གྱི་ནུས་སྟོབས་མ་རྟོགས་པའི་ཕ་རྒན་བླུན་པོ་ཞིག་ཡིན་པ་ངང་གིས་ཤེས་སོང་།

ཁྱོད་ཀྱི་ཕ་མའི་ལྟ་བ་དང་འདོད་ཕྱོགས་མི་འདྲ་བ་ནི། ཕལ་ཆེར་ཤར་ནུབ་ཀྱི་གོམས་སྲོལ་དང་། མི་རིགས་ཀྱི་བསམ་བློ། སློབ་གསོའི་འདུ་ཤེས་སོགས་སྒྲོམ་གཞི་ཆེན་པོ་དེའི་འོག་ནས་སྐྱེད་སྲིང་བྱས་པའི་ཁྱད་ཆོས་ཡིན་རྒྱུ་རེད། གཅེས་སྐྱོང་བྱེད་སྟངས། སློབ་གསོ་སྤྲོད་སྟངས་སོགས་གང་གི་ཆ་ནས་ཀྱང་ཅུང་ཙམ་མི་མཐུན་པ་དང་། མི་འདྲ་བ་རང་བཞིན་གྱིས་ཡོང་དང་ཡོང་བཞིན་འདུག ཡིན་ནའང་ཕ་མས་ཁྱོད་ལ་བཅངས་བའི་བརྩེ་སེམས་གཅིག་མཚུངས་རེད། ཐབས་ལམ་བཀོལ་སྟངས་མི་འདྲ་བ་གང་ཞིག་ལ། མོས་མཐུན་ཡོད་མེད་གང་རུང་རེད། གང་ལྟར་ཐབས་ཤེས་གང་ཡོད་ཀྱིས་སློབ་གསོ་དང་བྱེད་ཐབས་སྣ་ཚོགས་སྤེལ་ཡང་། ད་དུང་ཁ་ལེན་ཚིག་བརྩི་མ་བྱས་ན། ལག་འགྱོག་མི་འདོད་ནའང་ཨ་ཕས་རང་བཞིན་གྱིས་ཤོར་འགྲོ་བ་དང་། ཁྱེད་ཀྱི་ཨ་མས་ལག་འགྱོག་མི་སྲིད་ཟེར་ན་ཆོག ཡང་གཞན་ཞིག་ནི། བྱིས་པའི་བདེ་འཇགས་དང་། ཕ་མའི་བདེ་ཐང་སོགས་ལ་དམིགས་ནས། བྱིས་པར་ཉལ་ས་གཞན་ཞིག་བཀོད་སྒྲིག་བྱས་ནས་བྱིས་པ་ལོགས་སུ་བཞག་པ་དང་། ཡང་ན་རང་གི་ཉལ་ཁྲུང་གི་འཁྲིས་སུ་བསྙལ་བ་སོགས་ཀྱི་བྱེད་ཐབས་མི་འདྲ་བ་སྣ་ཚོགས་ཡོད། འོན་ཀྱང་ཕ་མས་རང་གི་འཁྲིས་སུ་བཟུང་ནས། བྱིས་པ་དང་མཉམ་དུ་ཉལ་བ་དཀོན་པོ་རེད། ཡིན་ནའང་ཁྱེད་ཀྱི་ཨ་ཕ་དེ་འདྲ་མ་རེད། ད་ལྟ་ཁྱོད་ལོ་གསུམ་དང་ཕྱེད་ཀ་རེད། ད་དུང་ཁྱོད་ཨ་ཕ་དང་མཉམ་དུ་ཉལ་ཡོད་ནོ་དེ་འདྲ་རེད། ཁྱེད་ཀྱི་ཨ་མས་མཚམས་མཚམས་སུ་ང་ལ་བུ་ཆུང་ངན་ལངས་བཏང་བའི་ནག་ཉེས་རེད་ཟེར་བའི་ལེ་བརྡ་བྱེད་གྱི་འདུག ཁྱེད་ཀྱི་ཨ་མར་ཁག་ཡོད་རྒྱུ་མ་རེད། རྒྱུ་མཚན་དེ་ནི་གཉིད་ཀྱི་དཀའ་ངལ་རེད། ཁྱེད་ཉིད་སྐྱེས་པ་ནས་བཟུང་གཉིད་ཡག་པོ་ཞིག་བྱུང་མ་མྱོང་ཟེར་ན་འགྲིག་གི་རེད། ད་དུང་ཐེངས་གསུམ་བཞིར་གཉིད་སད་ནས། ཁྱོད་ཀྱིས་སྐད་རྒྱག་པ་ནི་ཕལ་ཆེར་ཁྱོད་ཀྱི་རང་བཞིན་རེད། དེ་ཙམ་མ་གཏོགས་མི་གླེང་ནི་བྱེད། རྗེས་ཕྱོགས་ཨ་མས་དེའི་སྐོར་ཁྱེད་ལ་གླེང་ཁོ་ཐག་ཡིན་ནི་རེད།

གཞུག་ནས་ཨ་ཕས་ཁྱོད་ལ་སེམས་གཏམ་ཞིག་བཤད། དེ་ནི་མི་གཞི་དང་ཀུན་སློང་ཡག་པོ་ཞིག་བྱ་རྒྱུ་དེ་ཡིན། བསམ་བློའི་ཀུན་སློང་གཙོ་བྱས་པའི་བྱ་སྤྱོད་ལུས་ཀྱི་སྤྱོད་ལམ་ལ་བརྟེན་ནས་རྒན་པ་རྣམས་ལ་བརྩི་བཀུར། གཞོན་པ་རྣམས་བྱམས་ཀྱིས་སྐྱོང་དགོས། རང་དང་ལོ་མཉམ་ཡིན་པ་གང་ཞིག་ལ་བྱམས་པ་དང་བརྩེ་བ་སྤྲད་ཐུབ་ན། རང་སེམས་སྐྱིད་པོ་དང་གཞན་རྣམས་ཀྱང་སྐྱིད་པོ་འབྱུང་རྒྱུ་རེད། གཞན་སྐྱིད་པོ་དང་དགའ་བོ་བྱུང་ན། ཁྱོད་ལ་གཞན་གྱིས་དགའ་བོ་དང་འཆམ་པོ་བྱེད་ངེས་རེད། གང་ལྟར་གཞན་གྱིས་ཚུར་ཡག་པོ་དང་འཆམ་པོ་བྱེད་པར་བསྒུག་མི་རུང་། རང་གིས་གཞན་ལ་བྱམས་པོ་དང་མཐུན་པོ་ག་ཚོད་བྱ་ཐུབ་ན། དེ་ཙམ་གྱིས་རང་གི་སེམས་ལ་དགའ་ཚོར་ཞིག་ཏན་ཏན་འབྱུང་གི་རེད། དེ་ནི་གཞན་ཕན་གཉེར་བའི་བདེ་སྐྱིད་རེད། གཞན་ལ་སྣང་མེད་དང་། བསྟུན་ཤེས་མ་བྱས་པའི་རང་འདོད་རྐྱང་རྐྱང་གཉེར་བ་ཡིན་ན། བདེ་སྐྱིད་དེ་འདྲ་མྱོང་རྒྱུ་དཀའ་མོ་རེད། མྱངས་པ་ཡིན་ནའང་གནས་སྐབས་ཙམ་གྱིས་འགྱུར་འགྲོ་བ་དང་། རང་དང་འཚོ་གནས་ལ་ཕན་པའི་དོན་དངོས་ཀྱི་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་མིན་ཁོ་ཐག་ཡིན་ཟེར་ནས་ཨ་ཕས་འདི་ནས་ཁྱོད་ལ་སྤོབས་པ་ཆེན་པོས་བཤད་ཆོག མ་གཞི་སྤྱི་ཚོགས་འདིའི་ནང་དུ། རང་ཉིད་གཅིག་པོ་མིན་པ་ཤེས་དགོས། དེ་བས་བདེ་སྐྱིད་དང་སྙིང་རྗེ་སོགས་ནི་གཞན་ལ་བརྟེན་ནས་རང་ལ་འབྱུང་བ་ཡིན་པ་དང་། གཞན་མེད་ན་སྤྱི་ཚོགས་ཡོད་མི་སྲིད། གཞན་དང་སྤྱི་ཚོགས་ནི་རང་གི་འཚོ་བའི་བདེ་སྐྱིད་ཀྱི་འབྱུང་ཁོངས་ཡིན་པ་མ་བརྗེད་རོགས་གནང་། བཤད་ན་ལས་སླ་བོ་རེད། ལག་ལེན་བྱེད་ཐུབ་རྒྱུ་ནི་གནད་འགག་རེད། ཁྱོད་ཀྱི་ཨ་ཕ་ནི། གཞན་ལ་བདེ་ཚོར་དང་ཁེ་ཕན་ཡོད་ན། གཞན་གྱི་བདེ་ཚོར་དང་ཁེ་ཕན་གལ་ཆེན་རྩེས་ནས། གཞན་ལ་བསྟུན་ཤེས་དང་བཟོད་སྒོམ་བྱེད་རྒྱུར་དགའ་བོ་ཡོད། གནས་སྐབས་སུ་བལྟས་ན་ཕམ་ཁ་དང་། ཚོར་བ་མི་བདེ་བ་སྐྱེ་མི་སྲིད་པ་མ་རེད། བདག་གཞན་གཉིས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ། གནས་སྐབས་དེ་བཟོད་ཐུབ་སོང་བ་ཡིན་ན། དེ་ཡིས་གཞན་ལ་གནོད་པ་ལས་དགེ་ཕན་ཡོད་པ། རང་ལ་གནས་སྐབས་མི་བདེ་ནའང་། རང་ལས་གཞན་གཅེས་པའི་ཀུན་སློང་ཡང་དག་འདི་བདེ་སྐྱིད་ཀྱི་རྨང་གཞི་ཡིན། དེ་ཡོད་པ་ཡིན་ན། ཁྱོད་ཀྱི་མི་ཚེ་འདིར་བདེ་སྐྱིད་ལྡན་པ་དང་། ཚེ་ཕྱི་མ་ཡང་སྐྱེ་གནས་ཡག་པོ་ཞིག་ལོན་ཁོ་ཐག་ཡིན་ནི་རེད། གང་ལྟར་རྗེས་སུ་ཁྱོད་ཀྱིས་དེ་དག་གི་ལེགས་ཉེས་གསལ་བོར་རྟོགས་པའི་རེ་བ་དང་ཡིད་ཆེས་ཡོད།

ཨ་ཕས་བྲིས་པའི་འཕྲིན་ཡིག་དེ་དག་ཉིན་ཞིག་ཁྱོད་ཀྱིས་བཀླག་ཐུབ་པའི་ཡིད་ཆེས་ཏན་ཏན་ཡོད། ཨ་ཕའི་ཡིད་ཆེད་མེད་པར་མ་བཟོ་རོགས་གནང་། ད་དུང་ཨ་ཕས་ཁྱོད་ལ་འཕྲིན་ཡིག་མང་པོ་མང་པོ་ཞིག་འབྲི་ན་འདོད་ཡོད། གནས་སྐབས་སུ་འདི་ནས་འབྲི་མཚམས་འཇོག རྗེས་ཕྱོགས་མུ་མཐུད་ཁྱོད་ཀྱི་མི་ཚེའི་བརྒྱུད་རིམ་དང་འཚོ་བའི་ཉམས་མྱོང་། སློབ་གསོ་སོགས་ཀྱི་སྐོར་ལྷོད་ལྷོད་ཀྱིས་གླེང་ཆོག་གི་རེད།

སྤྱི་ལོ་༢༠༡༩ཟླ་༠༢ཚེས་༡༨ཉིན་ཁྱོད་ཀྱི་ཨ་ཕས་ཁྱོད་ལ་བྲིས་པ་ཡིན།

བསྐྱར་བཅོས།: ༢༠༡༩/༠༩/༢༨

Leave a Reply