སྨར་ཁམས་གཞིས་བྱེས་གཉིས་ཀྱིས་བརྟན་བཞུཊ་བསྟར་འབུལ་ཞུས།

སྨར་ཁམས་བརྟན་བཞུགས་སྐབས་༧ས་སྐྱ་གོང་མ་ཁྲི་ཆེན་མཆོག་ནས་བརྟན་བཞུགས་ཟབ་རྒྱས་གནང་བའི་བདེན་པའི་ནུས་མཐུ་ཡིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་རྒྱུ་ཡིན་སྐོར་གསུངས།

འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁ་སང་ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོར། རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་ཁུལ་གྱི་དཔལ་ས་སྐྱའི་བྱེས་ཀྱི་གདན་ས་བརྩེ་ཆེན་བསྟན་པའི་དགའ་ཚལ་བཤད་སྒྲུབ་ཆོས་འཁོར་གླིང་དུ། ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༧༥ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན། སྨར་ཁམས་གཞིས་བྱེས་ལྷ་སྡེ་མི་སྡེ་སྤྱི་མགྲིན་ནས་༧ས་སྐྱ་ཁྲི་ཆེན་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་དུ་བརྟན་ཆེད་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། བརྟན་བཞུགས་མཛད་སྒོའི་སྟེང་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་དབུས་པའི་སྐུའི་གདུང་སྲས་རྣམ་པ་དང་། ངོར་དང་ཚར་པའི་ཁྲི་པ་རྣམ་པ། བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་མཆོག་དང་དྲུང་ཆེ་ལགས། ལྷོ་སྤྱི་གཙོས་པའི་ས་གནས་མགོ་འཛིན་རྣམ་དང་། གཞན་ཡང་སྨར་ཁམས་པའི་བླ་དཔོན་རྣམས་གཙོས་པའི་གནད་ཡོད་མི་སྣ་དང་ཕྱོགས་མཐའ་ནས་ཕེབས་པའི་བླ་སྤྲུལ་དགེ་བཤེས་གྲྭ་བཙུན་མི་མང་བཅས་ཁྱོན་སྐྱ་སེར་ ༥༠༠༠ ལྷག་འཛོམས་ཡོད་འདུག

མཛད་སྒོའི་ཐོག་མར་ཆོས་རིག་བཀའ་བློན་མཆོག་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས། ༸སྐྱབས་མགོན་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ད་བར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བོད་བསྟན་སྲིད་སྤྱིའི་བདེ་དོན་ཐོག་ཐུགས་འཁུར་བླ་མེད་དུ་བསྐྱངས་དང་སྐྱོང་བཞིན་ཡོད་པའི་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་པའི་གསུང་བཤད་དང་། ཉིན་རྒྱབ་ནས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་ནས་གསུང་བཤད་དང་། སྨར་ཁམས་པའི་བླ་ཆེན་རྣམ་པའི་བཀའ་སློབ་བཅས་གྲུབ་མཚམས། ༸སྐྱབས་མགོན་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་བླ་ན་མེད་པའི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་དང་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བའི་མཚོན་དོན་དུ། རིན་ཆེན་དང་པོ་དངུལ་ལས་གྲུབ་པའི་ཆོས་ཀྱི་འཁོར་ལོ་ལ་དར་ཚོན་སྣ་ལྔས་བརྒྱན་ཏེ། སྨར་ཁམས་པའི་བླ་དཔོན་རྣམ་པས་སྣེ་དྲངས་ནས་ཆོས་འཁོར་འདེགས་འབུལ་ཞུས་ཡོད་འདུག

དེའི་རྗེས་༸སྐྱབས་མགོན་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་བརྟན་བཞུགས་དང་འབྲེལ་བའི་གསུང་བཤད་གནང་སྐབས། བརྟན་བཞུགས་ཟབ་རྒྱས་གནང་བའི་བདེན་པའི་ནུས་མཐུ་འདིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་པ་དང་། དེ་བཞིན་ངོར་ཆེན་རྒྱལ་བའི་རྒྱལ་ཚབ་༸སྐྱབས་རྗེ་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཆོག་ཀྱང་དེང་སང་དགུང་ན་མཐོན་པོར་ཕེབས་ཀྱི་ཡོད་པས་ཁོང་ཀྱང་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་ལམ་དང་འབྲེལ། རིས་མེད་སྐྱེས་ཆེན་དམ་པ་མཐའ་དག་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་ཐུགས་སྨོན་གནང་གལ་ཆེ་བ་ཅེས་དང་། གདན་ས་དཔལ་ལྡན་ས་སྐྱ་ནས་དུས་འགྱུར་མ་བྱུང་བར་སྨར་ཁམས་ཀྱི་ཕྱོགས་སུ་ཡོད་པའི་ས་དགོན་རྣམས་ལ་དམིགས་བསལ་བླ་སྐོས་ཆེད་གཏོང་གནང་བ་སོགས་ཀྱི་ས་སྐྱ་དང་སྨར་ཁམས་ཀྱི་ཕྱོགས་ནས་ཆོས་དང་གང་ཐད་ནས་འབྲེལ་བ་རྒྱ་ཆེར་ཡོད་སྐོར་སོགས་གསུངས་ཡོད་པ་རེད།

བརྟན་བཞུགས་གྲུབ་པའི་མཇུག་ཏུ་སྨར་ཁམས་སྐྱིད་སྡུག་དང་མ་སུ་རི་བོད་ཁྱིམ་སོགས་ཚོགས་སྡེ་ཁག་དང་སྨར་ཁམས་ཁོངས་ནས་གླུ་པ་གླུ་མ་བཅས་ནས་ཕྱི་དྲོའི་ཆུ་ཚོད་ ༥ པ་བར་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་སོགས་ཞུས་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༢༦ ནས་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་བརྟན་བཞུགས་ཀྱི་རྡོར་སློབ་དང་དགེ་འདུན་པ། དེ་བཞིན་གྲྭ་བཙུན་ ༥༠༠ ཡས་མས་ཤིག་ནས་བརྟན་བཞུགས་ཀྱི་སྒྲུབ་ཞག་མཛད་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༡༠/༠༡

Leave a Reply