དེ་རིང་པེ་ཅིན་གྱི་རྒྱས་སྤྲོས་ཆེ་བའི་ཉིན་མོ་དེ་ང་ཚོའི་མྱ་ངན་གྱི་ཉིན་མོ་ཡིན།

དེ་རིང་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༧༠ འཁོར་བའི་དུས་སྟོན་ཉིན་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་དང་ཧོང་ཀོང་བ། ཐའེ་ཝན་སོགས་ཀྱི་གཞུང་མང་གིས་ངོ་རྒོལ་བསྒྲགས་གཏམ་སྤེལ་བ་དང་ཁྲོམ་སྐོར་གདོང་ཐུག་རྒྱག་བཞིན་འདུགདེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་གནང་བའི་ནང་། པེ་ཅིང་གིས་རྒྱས་སྤྲོས་ཆེན་པོས་སྲུང་བརྩི་བྱེད་བཞིན་པའི་དུས་སྐབས་འདིར།  ཧོང་ཀོང་ནང་མི་མང་གིས་གཞུང་ལ་ངོ་རྒོལ་བྱེད་བཞིན་པ་མ་ཟད། བོད་དང་ཡུ་གུར་ནང་དུའང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་བརྟེན་ལྷིང་འཇགས་རྩ་བ་ནས་མེད་སྟབས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་ཀྱི་ཉིན་མོ་དེ་ནི་མྱ་ངན་གྱི་ཉིན་མོ་ཞིག་རེད། དེ་ཡང་བོད་ལ་མཚོན་ན་ཞིང་གཤེགས་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས། “རྒྱ་ནག་གི་དབང་སྒྱུར་འོག་བོད་ལ་ཁེ་ལས་གྱོང་ཆེ་བ་བྱུང་ཡོད་” ཅེས་གསུངས་འདུག

བོད་སར་རྒྱ་ནག་གཞུང་གིས་ཁྲིམས་འགལ་བཙན་བཟུང་བྱས་རྐྱེན་བོད་རང་བཙན་ཤོར་བ་དང་།  ཞི་བདེའི་དཔལ་ཡོན་ལ་ལོངས་སུ་སྤྱོད་བཞིན་པའི་བོད་གངས་ཅན་ལྗོངས་སུ་མི་གསོད་ཁྲག་སྦྱོར་དང་གཏོར་བཅོམ་སྣ་ཚོགས་བྱུང་བ་དང་།  དེ་ཡང་ཕྱི་ལོ་ ༡༩༤༩ ནས་ཕྱི་ལོ་ ༡༩༧༩ བར་ལོ་ངོ་བཅུ་ཕྲག་གསུམ་རིང་རྒྱ་ནག་གི་དབང་སྒྱུར་འོག་བོད་མི་ས་ཡ་གཅིག་དང་འབུམ་གཉིས་འདས་གྲོངས་སུ་གྱུར་བ་དང་། བོད་ནང་དགོན་པ་དྲུག་སྟོང་ཙམ་གཏོར་བཤིག་བཏང་ཡོད།  རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་ཡར་རྒྱས་གོང་འཕེལ་གཏོང་བཞིན་ཡོད་ཚུལ་གྱི་མིང་སྣ་ཚོགས་འོག་ལས་གཞི་འདྲ་མིན་སྤེལ་བཞིན་པ་དེ་དག་དོན་དངོས་རྒྱ་མི་རིགས་ཕོན་ཆེ་བོད་ནང་སྤོ་བཞུད་བྱ་རྒྱུ་དང་།  ལྷག་པར་གཙང་ཞིང་དྭངས་བའི་བོད་ཀྱི་རང་འབྱུང་ཁོར་ཡུག་ལ་བག་ཚ་སྤུ་ཙམ་མེད་པར་རང་སྣང་གང་དྲན་གྱིས་གཏོར་བཅོམ་བྱས་དང་བྱེད་མུས་རེད། རྒྱ་ནག་གཞུང་གིས་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་རྒྱུའི་སྲིད་བྱུས་འོག་བོད་ནང་རྒྱ་རིགས་མི་འབོར་ཧ་ཅང་ཕོན་ཆེ་གནས་སྤོ་བྱས་བཅུག་ནས་བོད་ཀྱི་ཐུན་མིན་སྐད་ཡིག་དང་མི་རིགས་ཀྱི་ཁྱད་ཆོས་རྩ་མེད་གཏོང་བཞིན་ཡོད། ཅེས་གསུངས་འདུག

ཡང་བསྒྲགས་གཏམ་ནང་དུ། མི་ལོ་ ༦༠ རིང་བོད་མིས་ཡ་ང་སྙིང་རྗེ་མེད་པའི་གུང་བྲན་རིང་ལུགས་ཀྱི་དབང་སྒྱུར་ལ་དཔའ་མཛངས་སྙིང་སྟོབས་ཆེན་པོས་གདོང་ལེན་བྱས་ནས་མི་ལོ་ ༦༠ འཁོར་བའི་ཉིན་མོ་ཞིག་ཀྱང་ཆགས་ཡོད། མེ་མགྱོགས་དང་མེ་མདས་དཔའ་མཛངས་ལྡན་པའི་བོད་མིའི་སྙིང་སྟོབས་ནམ་ཡང་གཞོམ་མི་ཐུབ།  དྲག་པོའི་སྟོབས་ཤུགས་ཀྱིས་བོད་མིའི་སྙིང་སྟོབས་ཉམས་དམས་སུ་གཏོང་ཐབས་མེད། དེ་ཡང་རྒྱ་གར་གྱི་དབུ་ཁྲིད་གྲགས་ཅན་པ་སྐུ་ཞབས་ཛ་ཡཱ་པྲཱ་ཀཱཤ་ན་ར་ཡན་ Shri Jayaprakash Narayan  མཆོག་གིས། “བོད་དེ་བཞིན་རྩ་མེད་འགྲོ་ཐབས་མེད། གང་ཡིན་བརྗོད་ན་འགྲོ་བ་མིའི་སྙིང་སྟོབས་ནི་དུས་ནམ་ཡང་གསོན་པོར་གནས་པ་ལས་འཆི་མི་སྲིད།  གཞན་གྱི་བྲན་གཡོག་ཏུ་སྡོད་རྒྱུ་ནི་མིའི་ལྷན་སྐྱེས་ཤིག་མིན་སྟབས་དམར་པོའི་རིང་ལུགས་ལ་མདུན་ལམ་མེད། ”ཅེས་གསུངས་ཡོད་པ་སོགས་བཀོད་འདུག

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་ཚོགས་འདུ་དང་འབྲེལ་བའི་གསལ་འགོད་ལྷན་ཚོགས་ཐོག་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཡིག་ཆ་ཁག་ཅིག་བསྒྲགས་པའི་ནང་བོད་ནང་ཆོས་དད་རང་མོས་ཡོད་སྐོར་བརྗོད་ཀྱི་ཡོད་པ་ནའང་། བོད་ནང་དགོན་སྡེ་སྟོང་ཕྲག་མང་པོ་གཏོར་ཡོད་པ་མ་ཟད། ལོ་ཤས་གོང་ནས་ཡ་ཆེན་སྒར་དང་བླ་རུང་སྒར་སོགས་གཏོར་བཤིག་གཏོང་གི་ཡོད་པ་དང་། དགོན་སྡེ་ཁག་གི་ནང་དམར་ཤོག་ཚོགས་པའི་སྟངས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། བོད་རིགས་ས་གནས་རང་སྐྱོང་ཁུལ་དུ་ས་གནས་མི་མང་གིས་མགོ་ཁྲིད་བྱེད་ཀྱི་ཡོད་སྐོར་བརྗོད་ཀྱི་ཡོད་ནའང་། བོད་ས་བཙན་བཟུང་བྱས་པ་ནས་བོད་ནང་ཏང་གི་དྲུང་ཆེ་ཆེན་པོ་ ༡༤ ལྷག་བསླེབས་ཡོད་པ་ཚང་མ་རྒྱ་རིགས་ཡིན་པ་ལས་བོད་རིགས་མིན་པ་དང་། བོད་མི་ཚོར་འགན་འཛིན་ལས་རོགས་སོགས་ཀྱི་མིང་གནས་ཙམ་སྤྲད་པ་ཁ་ཤས་ཡོད་ནའང་མིང་དོན་མཚུངས་པའི་དབང་ཚད་ཤིག་མེད་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པ་དང་ལྷག་པར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཐད་ཐེ་བྱུས་བྱེད་བཞིན་པ། ཉེ་ཆར་བོད་ནང་བླ་ཆེན་ཁག་བརྒྱ་ཙམ་བསྐོངས་ཏེ། ཏང་གི་སྲིད་བྱུས་ཐོག་བསྐྱོད་དགོས་པའི་བཙན་བཀའ་བཏང་བ་སོགས་ལ་བརྟེན་ནས། བོད་ནང་ཆོས་དད་རང་མོས་དང་བོད་མིར་འཛིན་སྐྱོང་གི་བདག་དབང་ཡོད་པ། འགྲོ་བ་མིའི་ཐོབ་ཐང་སོགས་ཡོད་སྐོར་སྒྲོག་གི་ཡོད་པ་ནི་འཁྱོག་བརྗོད་ཙམ་ཡིན་སྐོར་གསུངས་སོང་།དེ་རིང་ཞོགས་པར་ཧོང་ཀོང་ནང་རྒྱལ་སྟོན་དུས་ཆེན་ཆེད་གཞུང་འབྲེལ་མི་སྣ་དང་རྒྱ་ནག་ལ་ཕྱོགས་ཞེན་ཆེ་བ་མང་པོ་འདུ་འཛོམས་བྱས་ཏེ།  འགྲེམས་སྟོན་ཁང་དུ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་ཀྱིས་རྒྱལ་སྟོན་མཛད་སྒོ་ཞིག་ཚོགས་ཡོད་ཀྱང་། མཛད་སྒོའི་ཐོག་ཉེན་རྟོག་པས་དམ་དྲག་ཤུགས་ཆེན་དང་མཛད་སྒོ་གྲོལ་མ་ཐག་འགྲེམས་སྟོན་ཁང་སོགས་སྒོ་བརྒྱབས་ཡོད་འདུག་ལ། ཧོང་ཀོང་གི་ངོ་རྒོལ་བ་ཚོས་མུ་མཐུད་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་མ་ཟད། མི་མང་ངོ་རྒོལ་བ་དང་ཉེན་རྟོག་པའི་བར་གདོང་ཐུག་ཤུགས་ཆེན་བྱུང་སྟེ། ཉེན་རྟོག་པ་ཞིག་གིས་ངོ་རྒོལ་བ་ཕོ་གསར་ཞིག་གི་བྲང་ཁར་ཐུང་མདས་བརྒྱབས་ནས་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་དང་། ས་གནས་གཞན་ཁག་ཅིག་ལ་ཉེ་རྟོག་པས་ནམ་མཁར་མེ་མདའ་འཕངས་ཏེ་མི་མང་འཇིགས་སྐུལ་བྱས་པ་སོགས་ཡུལ་དེའི་གནས་སྟངས་སྔར་ལས་ཛ་དྲག་དང་ཉེན་ཁའི་གནས་སུ་ལྷུང་ཡོད་འདུགདེ་རིང་ཐའེ་ཝན་གྱི་རྒྱ་ནག་སྐམ་སའི་ལས་དོན་ཚོགས་པས་ (Taiwan’s Mainland Affairs Council) བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་ནག་དམར་ཤོག་ཚོགས་པས་མི་ལོ་ ༧༠ རིང་དབང་ཆ་གཅིག་སྡུད་ཀྱི་གཞུང་སྐྱོང་འོག་དམངས་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ཡོད་པ་དང་། རྒྱ་ནག་སྐམ་སའི་ཡར་རྒྱས་ལ་འགོག་རྐྱེན་བཟོ་ཡི་ཡོད་པ། དེ་བཞིན་རྒྱ་ནག་དམར་གཞུང་གིས་ཆིག་སྒྲིལ་དང་གཅིག་གྱུར་སོགས་སྒྲོག་གི་ཡོད་པ་ནི་དམག་དོན་རྒྱ་བསྐྱེད་ཙམ་ལ་ཁ་གཡར་ཐབས་ཡིན་པས། རྒྱ་ནག་ནི་ས་གནས་ཞི་བདེ་ཡི་ཉེན་ཁ་ཞིག་ཡིན་པ་མ་ཟད། འཛམ་གླིང་གི་དམངས་གཙོ་དང་འགྲོ་བ་མིའི་དཔལ་ཡོན་ཉེན་ཁའི་གནས་སུ་སྐྱེལ་གྱི་ཡོད་སྐོར། རྒྱ་ནག་སྐམ་སའི་ཡར་རྒྱས་དང་གནས་མིན་གྱི་གཞི་རྩ་ནི་གང་ཟག་གཅིག་དང་ཚོགས་པ་གཅིག་ཙམ་ལ་འབྲེལ་བ་མེད་པ་དང་། རྒྱ་ནག་གི་འཇིགས་སྐུལ་ལ་ཐའེ་ཝན་གྱིས་ངོས་ལེན་རྩ་བ་ནས་བྱ་ཐབས་མེད་སྐོར་བཀོད་འདུགཐའེ་ཝན་གྱི་སྲིད་འཛིན་ཚའེ་ཡེན་ཝིན་མཆོག་གིས། ང་ཚོ་ནི་དམངས་གཙོ་དང་རང་དབང་གི་རྒྱལ་ཁབ་ཅིག་ཡིན་པ་དང་། འཛམ་གླིང་ཐོག་སུས་དམངས་གཙོ་དང་རང་དབང་དོན་དུ་གཉེར་ཚེ་དེར་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་སྟོན་རྒྱུ་ཡིན་པ་དང་། གཅིག་མཚུངས་ཀྱིས་མགོ་འཁྲིད་སུས་མི་མང་གི་དམངས་གཙོ་དང་རང་དབང་མངོན་འདོད་ལ་ཞིབ་ཏུ་བསམ་གཞིགས་དང་བརྩི་བཀུར་བྱེད་ཚེ་རྒྱབ་སྐྱོར་ཀྱི་རྣམ་པ་སྟོན་གྱི་ཡིན། ཞེས་གསུངས་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༠/༠༡

Leave a Reply

One thought on “དེ་རིང་པེ་ཅིན་གྱི་རྒྱས་སྤྲོས་ཆེ་བའི་ཉིན་མོ་དེ་ང་ཚོའི་མྱ་ངན་གྱི་ཉིན་མོ་ཡིན།

  1. གཞུང་པ་ཚེ་དབང་བསོད་ནམས

    ང་ཚོའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགན་འཁུར་ནས་བོད་དོན་བདེན་མཐའ་སེལ་ཐབས་
    གནང་གི་ཡོད་ན་ཐེ་ཝན་དང་ཧོང་ཀོང་སོགས་ཉ་དང་མྱུང་མ་མཉམ་བསྲེས་མ་གནང་ན་ཡག་ག་
    མིན་འགྲོ་ང་ཚོའི་དབུ་མའི་ལམ་གྱི་དགོས་མདུན་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་
    ཁྲིམས་ཀྱི་སྒྲོམ་གཞིའི་འོག་བསྡད་ནས་ས་གནས་མི་རིགས་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་
    རྩོད་ཀྱི་ཡོད་ན་རྒྱ་མིའི་མཉམ་དུ་ང་ཚོའི་སྐད་ཆ་བཤད་ནས་བོད་རྒྱའི་དཀའ་སྙོགས་སེལ་དགོས་པ་
    ལས་བོད་རྒྱ་གཉིས་འདས་པའི་མི་ལོ་དྲུག་བཅུའི་རིང་ཕར་སྐྱོན་ཚུར་སྐྱོན་ལ་འགན་འཁུར་ནས་རྒྱལ་
    སྤྱིའི་ནང་ཁ་དམག་རྒྱབ་ནས་ཕྱོགས་གཉིས་ཀའི་དུས་ཚོད་འཕྲོ་རླག་བཏང་བ་ལ་ཕྱི་མིག་སློག་ནས་གོང་
    ས་མཆོག་གི་སྐུ་དུས་འདིར་བོད་རྒྱའི་དཀའ་སྙོགས་སེལ་ཐུབ་པའི་ཆབ་སྲིད་རིག་པའི་ཐབས་ལམ་ཚོལ་
    དགོས་པ་དེ་གལ་ཆེའི་ནང་གི་གལ་ཆེན་ལ་ངོས་འཛིན་དང་བཅས་ཧོང་ཀོང་དང་ཐེ་ཝན་སོགས་ཉ་མྱུང་
    མཉམ་བསྲེས་མ་གནང་ན་ཡག་ག་མིན་འགྲོ།