གདོང་འབག་གྱོན་མི་ཆོག་པའི་ཁྲིམས་སྒྲིག་ལག་བསྟར་བྱས།  

མདང་དགོང་ནས་བཟུང་ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལིམ་གྱིས་ཕྱི་ལོ་ ༡༩༦༧ ནས་བེད་སྤྱོད་བཏང་མྱོང་མེད་པའི་དམིགས་བསལ་དབང་ཚད་ཅིག་གི་འོག་ནས་ངོ་རྒོལ་ལས་འགུལ་བས་གདོང་འབག་གྱོན་མི་ཆོག་པའི་ཁྲིམས་སྒྲིག་གསར་པ་ཞིག་ལག་བསྟར་མགོ་འཛུགས་བྱས།ཁ་སང་ཧོང་ཀོང་གི་ས་ཁུལ་འདྲ་མིན་ནང་ལས་འགུལ་བ་སྟོང་ཕྲག་མང་པོས་ངོ་རྒོལ་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་གཙོས་པའི་མཉམ་འབྲེལ་རྒྱལ་ཚོགས་སོགས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་དང་། ཧོང་ཀོང་ནང་གི་དམངས་གཙོ་དོན་གཉེར་བའི་གནད་ཡོད་མི་སྣ་མང་པོས་ཉེན་བརྡ་དང་སྐྱོན་བརྗོད་དྲག་པོ་བྱས་མིན་ལ་མ་ལྟོས་པར། མདང་དགོང་མཚན་གུང་ས་གནས་ཀྱི་ཆུ་ཚོད་ ༡༢ ནས་བཟུང་ཧོང་ཀོང་གཞུང་གིས་ཛ་དྲག་གནས་སྟངས་འོག ངོ་རྒོལ་བ་རྣམས་ཀྱིས་ལས་འགུལ་སྤེལ་སྐབས་གདོང་འབག་གྱོན་མི་ཆོག་པའི་ཁྲིམས་སྒྲིག་གསར་པ་དེ་དངོས་སུ་ལག་བསྟར་བྱས་ཡོད་འདུག

ཁ་སང་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤྱི་ཁྱབ་ལྕམ་ཁེ་རི་ལེམ་གྱིས་ཁྲིམས་སྒྲིག་གསར་པ་དེ་གཞུང་འབྲེལ་ཐོག་ནས་གསལ་བསྒྲགས་བྱེད་སྐབས། ད་ལྟའི་གནས་སྟངས་དེ་མི་མང་རྣམས་ལ་ཉེན་ཁ་ཆེན་པོ་ཞིག་ཏུ་མཐོང་སྟེ། དེ་རིང་ཞོགས་པར་ཧོང་ཀོང་གི་སྤྱི་ཁྱབ་ལྷན་ཚོགས་ཀྱི་ཚོགས་འདུའི་སྟེང་སྤྱི་ཁྱབ་པར་ཛ་དྲག་ཁྲིམས་སྒྲིག་དབང་ཚད་ (Emergency Regulation Ordinance) སྦྱིན་པའི་ཐོག་ནས་ད་ལྟའི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ། ལས་འགུལ་བ་རྣམས་ཀྱིས་གདོང་འབག་གྱོན་མི་ཆོག་པའི་ཁྲིམས་སྒྲིག་གསར་པ་ཞིག་གཏན་འབེབ་བྱས་ཡོད། ང་ཚོའི་རེ་བ་ལ་ཁྲིམས་སྒྲིག་གསར་པ་འདིས་འཚེ་བའི་ལས་འགུལ་བ་རྣམས་དང་ཟིང་འཁྲུག་སློང་མཁན་ཚོར་ཤུགས་རྐྱེན་གང་འཚམ་སྤྲོད་ཐུབ་པ་མ་ཟད། ཉེན་རྟོག་པར་ཁྲིམས་སྐྱོང་གི་ཕྱོགས་ལ་ཡང་རོགས་འདེགས་བྱ་ཐུབ། ཅེས་དང་། གདོང་འབག་གྱོན་མི་ཆོག་ཁྲིམས་སྒྲིག་ཅིག་གཏན་འབེབ་བྱ་རྒྱུར་དཀའ་ཁག་ཡོད་ཀྱང་། ད་རེས་ཀྱི་གནས་སྟངས་ལ་གཞིགས་ན་དེ་ནི་དགོས་ངེས་ཀྱི་ཐག་གཅོད་ཅིག་རེད། ཡིན་ན་ཡང་། ཁྲིམས་སྒྲིག་འདི་ཛ་དྲག་གི་གནས་སྟངས་འོག་གཏན་འབེབ་བྱས་པ་ཙམ་ལས། ད་ལྟ་ཧོང་ཀོང་འདི་ཛ་དྲག་གི་གནས་སྟངས་ (State of Emergency) འོག་ཡོད་ཟེར་གྱི་མེད་ལ། དེའི་ཕྱོགས་ལ་སྐྱོད་བཞིན་པའི་བརྡ་ཡང་སྟོན་གྱི་མེད། ཅེས་བརྗོད་ཡོད་འདུག

དེའི་ཐད་ཧོང་ཀོང་ནང་གི་གཞུང་འབྲེལ་ཚོགས་པ་ ༥༠ ལས་གྲུབ་པའི་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་(The Civil Human Rights Front) བསྒྲགས་གཏམ་ཞིག་སྤེལ་བའི་ནང་། གལ་ཏེ་གདོང་འབག་གྱོན་མི་ཆོག་པའི་ཁྲིམས་སྒྲིག་དེ་ལག་བསྟར་བྱས་ཚེ། དེས་མི་སྒེར་གྱི་བདེ་འཇགས་དང་། སྨྲ་བརྗོད་དང་ཆོས་དད་རང་དབང་སོགས་ལ་དོ་ཕོག་གཏང་རྒྱུ་རེད། གདོང་འབག་དང་བཙོག་རླུང་འགོག་པའི་ཁ་རས་(Industrial respirator) སྤྱོད་དོན་གཙོ་བོ་ནི་མིག་ཆུའི་དུག་རླངས་ (Tear gas) ལས་སྐྱོབ་ཆེད་ཡིན་ལ། ཆབ་སྲིད་ཀྱི་མཚོན་དོན་ཞིག་ཀྱང་རེད། ཅེས་དང་། དོན་དངོས་ཐོག་ཧོང་ཀོང་གི་ཉེན་རྟོག་པས་གདོང་འབག་གྱོན་རྒྱུ་མཚམས་འཇོག་བྱེད་དགོས་པ་དང་། ཧོང་ཀོང་གཞུང་ནས་ཀྱང་མི་མང་གི་རེ་འདུན་ལ་བརྡ་ལན་གསལ་པོ་སྤྲོད་དགོས་པ་ལས་ལས་འགུལ་བའི་ཐོག་དྲག་གནོན་བྱེད་རྒྱུ་མཚམས་འཇོག་དགོས། ཅེས་བརྗོད་འདུགའགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཚན་པའི་འགནའ་ཛིན་སོ་ཧྥི་རི་ཆར་ཌི་སན་ (Sophie Richardson) གྱིས། ཧོང་ཀོང་གི་མགོ་འཁྲིད་ཚོས་ལས་འགུལ་བ་རྣམས་ཀྱིས་གདོང་འབག་གྱོན་མི་དགོས་པའི་ཁོར་ཡུག་ཅིག་བསྐྲུན་དགོས་པ་ལས་གདོང་འབག་སྤྱོད་རྒྱུ་བཀག་སྡོམ་དང་། སྨྲ་བརྗོད་རང་དབང་ལ་ཚད་བཀག་བཟོ་རྒྱུ་མེད་སྐོར་བརྗོད་ཡོད་འདུག་ཀྱང་། རྒྱ་ནག་གཞུང་གིས་ཧོང་ཀོང་གཞུང་གི་ཐག་གཅོད་དེར་རྒྱབ་སྐྱོར་གྱི་ཚུལ་དུ། དབྱིན་ཡུལ་དུ་ཡོད་པའི་རྒྱ་ནག་གི་གཞུབ་ཚབ་པ་ལོའུ་ཤོ་མིན་ (Liu Xiaoming) ཟེར་བ་དེས་བྷི་བྷི་གསར་ཁང་གི་བཅར་འདྲི་ཞིག་ལ་ལན་སྤྲོད་སྐབས། གདོང་འབག་བཀོལ་སྤྱོད་བཀག་སྡོམ་གྱི་ཁྲིམས་སྒྲིག་དེ་ནི་འོས་འཚམ་དགོས་ངེས་ཤིག་ཡིན་སྐོར་དང་། རྒྱ་ནག་ངོས་ནས་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་དེར་བརྩི་བཀུར་ཞུ་ཡི་ཡོད་ཀྱང་། གལ་ཏེ་ཧོང་ཀོང་གཞུང་གིས་གནས་སྟངས་ལ་སྟངས་འཛིན་དོ་དམ་བྱེད་མ་ཐུབ་ཚེ། རྒྱ་ནག་གཞུང་ནས་དེར་ཐེ་བྱུས་བྱ་ངེས་ཡིན་སྐོར་སོགས་བརྗོད་ཡོད་འདུག

ད་ཐེངས་ཀྱི་གདོང་འབག་བཀོལ་སྤྱོད་བཀག་སྡོམ་གྱི་ཁྲིམས་སྒྲིག་དེ་ནི། ཧོང་ཀོང་གི་སྤྱི་ཁྱབ་པས་ཁྲིམས་བཟོ་ལྷན་ཚོགས་ཀྱི་མོས་མཐུན་སོགས་གང་ཡང་མེད་པར་ཛ་དྲག་ཁྲིམས་སྒྲིག་དབང་ཚད་ (Emergency Regulation Ordinance) ཅེས་པའི་དམིགས་བསལ་དབང་ཚད་ཀྱི་འོག་ནས་གཏན་འབེབ་བྱས་པ་ཞིག་ཡིན་པ་དང་། ཁྲིམས་སྒྲིག་གསར་པ་དེ་གཞིར་བཟུང་ལས་འགུལ་བ་རྣམས་ཀྱིས་ཁྲིམས་མཐུན་དང་ཁྲིམས་མཐུན་མ་ཡིན་པའི་ལས་འགུལ་དང་འདུ་འཛོམས་ཅི་རིགས་སུ་གདོང་འབག་གྱོན་པའམ། གདོང་ལ་ཚོན་བྱུས་པ་སོགས་བྱེད་མི་ཆོག་པ་དང་། གལ་ཏེ་དེ་ལྟར་བྱས་ཚེ་ལོ་གཅིག་རིང་བཙོན་འཇུག་དང་ཧོང་ཀོང་གི་ཌོ་ལར་ ༢༥༠༠༠ གི་དངུལ་ཆད་སྤྲོད་དགོས་ཀྱི་ཡོད་པ་དང་། དེ་བཞིན། ཉེན་རྟོག་པས་གདོང་འབག་གྱོན་མི་ཆོག་པའི་བཀའ་ལ་རྩིས་མེད་གཏོང་མཁན་བྱུང་ན། ཟླ་ ༦ བཙོན་འཇུག་དང་ཧོང་ཀོང་གི་ཌོ་ལར་ ༡༠༠༠༠ ཡི་དངུལ་ཆད་ཕོག་གི་ཡོད་འདུག ཡིན་ན་ཡང་། ཁྲིམས་སྒྲིག་གསར་པ་དེའི་ནང་ལས་གཉེར་གྱི་གནད་དོན་ཐོག་ལ་ལས་འགུལ་སྤེལ་སྐབས་དང་། ཆོས་ལུགས་དང་འཕྲོད་བསྟེན་གྱི་རྐྱེན་པས་གདོང་འབག་གྱོན་མཁན་ཚོར་དམིགས་བསལ་ཡོད་འདུག་ལ། ཛ་དྲག་སྒྲིག་ཁྲིམས་དབང་ཚད་ཅེས་པ་དེ་ཕྱི་ལོ་ ༡༩༢༢ ལོར་གཏན་འབེབ་བྱས་པ་ཞིག་དང་། ཕྱི་ལོ་ ༡༩༦༧ ལོ་ནས་བཟུང་ད་བར་བེད་སྤྱོད་བྱས་མེད་པ་རེད་འདུགཧོང་ཀོང་ནང་གི་དམངས་གཙོ་དོན་གཉེར་བ་མང་པོ་ཞིག་གིས། ད་ལན་གྱི་གདོང་འབག་བཀོལ་སྤྱོད་བཀག་སྡོམ་གྱི་ཁྲིམས་སྒྲིག་དེ་ནི་ཧོང་ཀོང་གཞུང་གིས་སྨྲ་བརྗོད་རང་དབང་ལ་ཚད་བཀག་བཟོ་ཐབས་ཤིག་ཡིན་སྐོར་དང་། ཁྲིམས་སྒྲིག་དེའི་རྐྱེན་པས་ལས་འགུལ་མཚམས་འཇོག་བྱ་ཐུབ་ཐབས་མེད་སྐོར་གྱི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་མ་ཟད། ཁ་སང་ཁྲིམས་སྒྲིག་དེ་གསལ་བསྒྲགས་བྱས་པའི་རྐྱེན་གྱིས་ཧོང་ཀོང་གི་ལྟེ་བར་ལས་འགུལ་བ་དང་ཉེན་རྟོག་པའི་བར་གདོང་ཐུག་ཤུགས་ཆེན་པོ་བྱུང་ཡོད་པ་མ་ཟད། བརྒྱུད་ལམ་ཁག་ཏུ་ཐོན་པའི་པར་རིས་དང་བརྙན་ཐུང་ནང་། ལས་འགུལ་བ་རྣམས་ཀྱིས་གཞུང་གི་ལས་ཁུངས་དང་། མེ་འཁོར་འབབ་ཚུགས། རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚོང་པའི་ཚོང་ཁང་སོགས་ལ་མེ་བརྒྱབས་པའི་གནས་ཚུལ་ཐོན་གྱི་ཡོད་པ་དང་། དབྱེ་ཞིབ་པ་མང་པོས་ད་ལན་གྱི་ཁྲིམས་སྒྲིག་དེ་ནི་ཧོང་ཀོང་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱ་རྒྱུའི་རིམ་པ་དང་པོ་དེ་ཡིན་སྲིད་སྐོར་དང་། ཡང་དམིགས་བསལ་དབང་ཚད་དེའི་མིང་ཐོག་ནས་གདུག་རྩུབ་ཅན་གྱི་བཀག་སྡོམ་རང་བཞིན་གྱི་ཁྲིམས་སྒྲིག་གཞན་ཡང་གཏན་འབེབ་བྱ་སྲིད་པ་ཞིག་ཡིན་སྐོར་བརྗོད་ཡོད་འདུགཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། དེ་རིང་ཞོགས་པར་ཧོང་ཀོང་གྲོང་ཁྱེར་གྱི་གཞུང་ལམ་ཐོག་འགྲུལ་སྐྱོད་བྱེད་མཁན་མཐོང་རྒྱུ་མེད་པ་མ་ཟད། གྲོང་ཁྱེར་གྱི་ཁྲོམ་ར་དང་དངུལ་ཁང་ཆེ་ཁག་ཕལ་ཆེ་བ་སྒོ་བརྒྱབས་ཡོད་པ་མ་ཟད། དམངས་སྤྱོད་མེ་འཁོར་ཡང་མུ་མཐུད་སྒོ་བརྒྱབས་ནས་ཡོད་འདུག་ལ། དེ་རིང་ཞོགས་པར་ཧོང་ཀོང་གི་བདེ་འཇགས་དྲུང་ཆེ་ཇོན་ལི་ (John Lee) ཟེར་བ་དེས་རླུང་འཕྲིན་གྱི་ལས་རིམ་ཞིག་གི་ནང་། ད་ལྟའི་ཆར་ཉེན་རྟོག་ཕྱོགས་ནས་ཁྲིམས་སྒྲིག་གསར་པ་གཞིར་བཟུང་མི་སྣ་གཅིག་ཀྱང་འཛིན་བཟུང་བྱས་མེད་སྐོར་དང་། ཁ་སང་གི་ངོ་རྒོལ་ལ་སྐྱོན་བརྗོད་དང་སྦྲགས། ཁྲིམས་སྒྲིག་གསར་པ་དེ་གདོང་འབག་གྱོན་ནས་སྒྲིག་འགལ་བྱེད་མཁན་ཚོ་སྟངས་འཛིན་བྱེད་ཆེད་ཡིན་པ་དང་། ད་ལྟའི་ཧོང་ཀོང་གི་གནས་སྟངས་དེ་ཁྲིམས་སྒྲིག་གཅིག་ཁོ་ནས་སེལ་ཐབས་མེད་སྐོར་སོགས་བརྗོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༠/༠༥

Leave a Reply