དཔེ་ཟུར་དབང་འདུས་ཚེ་རིང་ལགས་ནས་ལས་འཁུར་དམ་བཅའ་ཕུལ།

དེ་རིང་སྔ་དྲོར་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་ཀྱི་ལས་འཁུར་དམ་བཅའ་ཕུལ་ཏེ་ཕྱག་ལས་དབུ་འཛུགས་གནང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་ཐོག་གངས་སྐྱིད་བོད་ཁང་ཆེན་མོའི་ཚོགས་ཁང་དུ། ཉེ་སྔོན་འདེམས་ཐོན་བྱུང་བའི་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་ཀྱི་ལས་འཁུར་དམ་བཅའ་འབུལ་བའི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་འགྲུབ་མཆོག་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གི་དབུས་པའི་བཀའ་བློན་རྣམ་པ་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་བཅས་ཕེབས་འདུག

མཛད་སྒོའི་ཐོག་མར་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་གསར་རྙིང་གཉིས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ལས་འཁུར་དམ་བཅའ་ཕུལ་སོང་།

མཛད་སྒོ་གྲུབ་མཚམས་གསར་འགོད་པས་འོས་བསྡུ་ལས་ཁང་གི་འགན་འཛིན་ལགས་ནས་བསླེབ་ལ་ཉེ་བའི་ཕྱི་ལོ་ ༢༠༢༡ ལོའི་འོས་བསྡུ་དེ་ཚགས་ཚུད་ཡོང་ཐབས་ཐད་དགོངས་བཞེས་གསར་པ་འདྲ་གནང་འཆར་ཡོད་མེད་དྲིས་པར་ཁོང་གིས། འོས་བསྡུའི་ལས་དོན་དེ་ཧ་ཅང་གལ་ཆེན་ཡིན་པ་མ་ཟད། ལས་བྱེད་འདེམས་ལྷན་དེ་ཡང་བོད་མིའི་སྒྲིག་འཛུགས་ཧྲ་ཐག་ཐག་ཡོང་མིན་ལ་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་སྟབས། གཙོ་བོ་བཅའ་ཁྲིམས་རིན་པོ་ཆེ་གཞིར་བཞག་པའི་སྒང་ལ་འོས་བསྡུ་ལས་ཁང་དང་ལས་བྱེད་འདེམས་ལྷན་གྱི་སྒྲིག་གཞིའི་ཐོག་ཤར་སྐྱོད་གནང་རྒྱུ་ཡིན་སྐོར་དང་། ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུའི་སྐབས་དཀའ་ངལ་ཕྲན་བུ་བྱུང་ཡོད་ཀྱང་ཁྱོན་ཡོངས་ནས་ཡག་པོ་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ལོའི་འོས་བསྡུ་དེ་ཡང་མིའི་རྣམ་རྟོག་གི་རྐྱེན་པས་འདྲ་མིན་གསུང་གི་ཡོད་པ་ལས། རང་ཉིད་ཀྱིས་བལྟས་ན་སྔར་བས་ལེགས་པོར་ཡོང་རྒྱུའི་རེ་བ་གནང་གི་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༠/༠༧

Leave a Reply