ནོ་སྦེལ་རྫས་འགྱུར་དང་རྩོམ་རིག་གི་གཟེངས་རྟགས་ཐོབ་མཁན་གསལ་བསྒྲགས་གནང་།

གློག་ནུས་ལའེ་ཐེམ(lithium)རྫས་གྱི་ནུས་ཤུགས་ཡར་རྒྱས་གཏོང་མཁན་ཚན་རིག་པ་གསུམ་ལ་ཕྱི་ལོ་ ༢༠༡༩ ལོའི་ནོ་སྦེལ་རྫས་འགྱུར་གཟེངས་རྟགས་དང་། པོ་ལའེ་ཤིའི་བུད་མེད་རྩོམ་པ་པོ་ཞིག་དང་ཨོ་སི་ཊི་རི་ཡའི་རྩོམ་པ་པོ་ཞིག་ལ་ནོ་སྦེལ་རྩོམ་རིག་གཟེངས་རྟགས་ཐོབ་འདུགཟླ་འདིའི་ཕྱི་ཚེས་ ༩ ཉིན། སི་ཝེ་ཌན་གྱི་རྒྱལ་ས་སི་ཊོག་ཧོམ་དུ་ཕྱི་ལོ་ ༢༠༡༩ ལོའི་ནོ་སྦེལ་རྫས་འགྱུར་གཟེངས་རྟགས་གྱི་གསལ་བསྒྲགས་སྤེལ་བ་ལྟར་ན། འདི་ལོའི་ནོ་སྦེལ་རྫས་འགྱུར་གཟེངས་རྟགས་དེ་གློག་ནུས་ལའེ་ཐེམ(lithium)རྫས་གྱི་ནུས་ཤུགས་ཡར་རྒྱས་གཏོང་མཁན། ཨ་རིའི་རྫས་འགྱུར་རིག་པ་བ་སྐུ་ཞབས་རྗོན་གྷོ་ཊི་ཨེ་ནཱ་ཧྥོ(John B. Goodenough)ལགས་དང་སྐུ་ཞབས་སི་ཊཱན་ལའེ་ཝེ་ཊན་ཧཱམ(M. Stanley Whittingham)ལགས། ཉི་ཧོང་གི་རྫས་འགྱུར་རིག་པ་བ་དང་ཉམས་ཞིབ་པ་སྐུ་ཞབས་ཨ་ཀེ་རཱ་ཡཱོ་ཤི་ནཱོ(Akira Yoshino)ལགས་བཅས་ལ་སྤྲོད་གཏན་འཁེལ་ཡོད་པ་དང་། པོ་ལའེ་ཤིའི་བུད་མེད་རྩོམ་པ་པོ་ཞིག་ལ་ཕྱི་ལོ་ ༢༠༡༨ ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དང་། ཨོ་སི་ཊི་རི་ཡའི་རྩོམ་པ་པོ་ཞིག་ལ་འདི་ལོའི་རྩོམ་རིག་གཟེངས་རྟགས་ཐོབ་འདུག

ནོ་སྦེལ་རྫས་འགྱུར་གཟེངས་རྟགས་གསལ་བསྒྲགས་སྟེང་སི་ཝེ་ཌན་གཟེངས་རྟགས་ཚོགས་ཆུང་གི་ཚན་རིག་སྡེ་ཚན་གྱི་དྲུང་ཆེ་སྐུ་ཞབས་ཧཱན་སོན་(Göran K. Hansson)ལགས་ཀྱིས། ཕྱི་ལོ་ ༢༠༡༩ ལོའི་ནོ་བྷེལ་རྫས་འགྱུར་གཟེགས་རྟགས་དེ་གློག་ནུས་ལའེ་ཐེམ་རྫས་ཡར་རྒྱས་གཏོང་མཁན་ཁོ་ཚོར་འབུལ་རྒྱུ་ཡིན་པ་དང་། གློག་ནུས་ལའེ་ཐེམ་རྫས་ཡར་རྒྱས་བཏང་ཐུབ་པ་ཡིས་འཛམ་གླིང་ཡོངས་གློག་ནུས་གསོག་ཐུབ་པ་ཞིག་ཏུ་བསྒྱུར་ཐུབ་ཡོད་པ་མ་ཟད། ད་ལྟའི་ཆར་གློག་ནུས་ལའེ་ཐེམ་རྫས་དེ་ཁ་པར་དང་གློག་ཀླད། གློག་གི་འཕྲུལ་འཁོར་གཙོའི་གློག་ཆས་ཚང་མར་བཀོལ་བཞིན་ཡོད་པ་མ་ཟད། གློག་གསོག་ནུས་པ་དེ་ཡིས་ཉི་འོད་དང་རླུང་ལ་བརྟེན་ནས་གློག་གི་ནུས་ཤུགས་ཉར་ཐུབ་པས། སོལ་རླངས་ཀྱི་ནུས་ཤུགས་བེད་སྤྱོད་གཏོང་མི་དགོས་པར་འཛམ་གླིང་གི་ཁོར་ཡུག་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་བརྗོད་འདུག

འདི་ལོའི་ནོ་སྦེལ་དངོས་ཁམས་ཚན་རིག་པའི་གཟེངས་རྟགས་ཐོབ་མཁན་རྣམ་པ་གསུམ་གྱི་ཕྱག་ལས་ཐད་ནོར་ཝེའི་ལཱེན་ནཱའོ(Linnaeus University)གཙུག་ལག་སློབ་གཉེར་ཁང་གི་རྫས་འགྱུར་སློབ་དཔོན་(Olof Ramstrom)ལགས་ཀྱིས། གློག་ནུས་ལའེ་ཐེམ་རྫས་གསར་གཏོད་དང་ཡར་རྒྱས་གཏོང་བ་ནི་ངོ་མཚར་བའི་བྱ་བཞག་ཅིག་ཡིན་པ་དང་། གློག་ནུས་དེ་གསར་གཏོད་བྱས་པ་ནས་ཉི་འོད་དང་རླུང་ཤུགས་ལས་གློག་ནུས་མཁོ་འདོན་དང་གསོག་ཉར་ཐུབ་པ་བྱུང་བ་དང་། གློག་ནུས་ལའེ་ཐེམ་རྫས་ཀྱི་ནུས་པ་དེ་མུ་མཐུད་མིའི་རིགས་ཀྱི་འཚོ་བའི་ཁྲོད་སྤྱོད་སྒོ་དང་ཕན་ནུས་ཇེ་ཆེ་ཡིན་སྐོར་སོགས་བརྗོད་འདུག

ནོ་སྦེལ་རྫས་འགྱུར་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་རྗོན་གྷོ་ཊི་ཨེ་ནཱ་ཧྥོ་ལགས་ནི་ཕྱི་ལོ་ ༡༩༢༢ ལོའི་ཟླ་ ༧ ཚེས་ ༢༥ ཉིན་འཇར་མན་ཏུ་སྐྱེས་ཤིང་། ཆུང་དུས་ནས་སློབ་གྲྭ་རིམ་པར་འགྲིམས་ནས་ཨ་རིའི་ཡཱལ་གཙུག་ལག་སློབ་གྲྭ་དང་ཆི་ཁ་གྷོ་གཙུག་ལག་སློབ་གྲྭ་སོགས་ནས་དངོས་ལུགས་རིག་པ་དང་རྫས་འགྱུར་རིག་པའི་ཐོག་སློབ་མཐར་ཕྱིན་ཡོད་པ་དང་། ད་ལྟའི་ཆར་ཨ་རིའི་ཊེག་སེ་སི་གཙུག་ལག་སློབ་གཉེར་ཁང་གི་རྫས་འགྱུར་བཟོ་སྐྲུན་རིག་པའི་སློབ་དཔོན་ཡིན་འདུག ཕྱི་ལོ་ ༡༩༨༠ ལོ་ནས་གློག་རྫས་ལའེ་ཐེམ་སྐོར་ལ་ཞིབ་འཇུག་དང་ལའེ་ཐེམ་གློག་གསོག་ནུས་པ་ཡར་རྒྱས་གཏོང་བར་ཕྱག་ལས་གནང་ཡོད་པ་དང་། འདི་ལོ་ཁོང་དགུང་ལོ་ ༩༧ དང་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་ཁྲོད་ཀྱི་ལོ་ན་ཆེས་ཆེ་ཤོས་དེ་ཡིན་འདུག

དེ་བཞིན་སྐུ་ཞབས་ལགས་ཕྱི་ལོ་ ༡༩༤༡ ལོར་དབྱིན་ཡུལ་དུ་སྐྱེས་ཤིང་། དབྱིན་ཡུལ་གྱི་ཨོ་ཁི་སི་ཧྥོར་ཊི་གཙུག་ལག་སློབ་གཉེར་ཁང་ནས་རྫས་འགྱུར་རིག་པའི་ཐོག་སློབ་དཔོན་གྱི་བསླབ་གནས་བླངས་ཡོད་པ་དང་། ད་ལྟའི་ཆར་ཨ་རིའི་ནེའུ་ཡོག་བྷན་ཧཱམ་ཊོན་(Binghamton University)གཙུག་ལག་སློབ་གཉེར་ཁང་དུ་རྫས་འགྱུར་རིག་པའི་སློབ་དཔོན་གྱི་ཕྱག་ལས་གཉེར་བཞིན་ཡོད་པ་དང་། ཁོང་ནི་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་གློག་ནུས་ལའེ་ཐེམ་ཡར་རྒྱས་གཏོང་མཁན་གྱི་མི་སྣ་གཙོ་བོ་ཞིག་ཏུ་ངོས་འཛིན་བྱེད་པ་དང་། ད་ལྟའི་ཆར་དགུང་ལོ་ ༧༨ ཡིན་འདུག

སྐུ་ཞབས་ཨ་ཀེ་རཱ་ཡཱོ་ཤི་ནཱོ་ལགས་ནི་ཕྱི་ལོ་ ༡༩༤༨ ལོའི་ཟླ་ ༡ ཚེས་ ༣༠ ཉིན་ཉི་ཧོང་དུ་སྐྱེས་ཤིང་། ཉི་ཧོང་རྒྱལ་ས་ཊོག་ཡོག་གཙུག་ལག་སློབ་གཉེར་ཁང་དང་ཉི་ཧོང་ཨོ་སཱ་ཀཱ་གཙུག་ལག་སློབ་གཉེར་ཁང་སོགས་ནས་ཚན་རིག་དང་གློག་ཆས་ཚན་རིག་སོགས་ཀྱི་སྐོར་ནས་སློབ་དཔོན་གྱི་མཚན་གནས་བླངས་ཡོད་པ་དང་། དེ་སྔོན་ཁོང་ལ་ཉི་ཧོང་གི་ཚན་རིག་དང་འཕྲུལ་ལས་རིག་པའི་གཟེངས་རྟགས་མང་པོ་ཐོབ་མྱོང་ཡོད་པ་མ་ཟད། གློག་ནུས་ལའེ་ཐེམ་སྐོར་ནས་ཉམས་ཞིབ་བྱས་ཏེ་ལའེ་ཐེམ་རྫས་ཀྱི་དྭངས་སྙུག་འབྱེད་པ་སོགས་ལའེ་ཐེམ་རྫས་ཡར་རྒྱས་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་འདུག ཁོང་འདི་ལོ་དགུང་ལོ་ ༧༡ དང་ཁོང་ཉི་ཧོང་གི་ནོ་སྦེལ་གཟེངས་རྟགས་བཞེས་མཁན་ཐེངས་ ༢༨ པ་དེ་ཆགས་ཡོད་འདུག

དེ་བཞིན། དེ་རིང་ཕྱི་དྲོར་ཕྱི་ལོ་ ༢༠༡༨ དང་ ༢༠༡༩ ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་གསལ་བསྒྲགས་གནང་ཡོད་པ་དང་པ་དང་། ཕྱི་ལོ་ ༢༠༡༨ ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་པོ་ལའེ་ཤིའི་(Polish )རྩོམ་པ་པོ་ལྕམ་ཨོལ་གྷ་ཊོ་ཁཱར་ཛོག(Olga Tokarczuk)ལགས་དང་། འདི་ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཨོ་སི་ཊོ་རི་ཡའི(Austrian)རྩོམ་པ་པོ་སྐུ་ཞབས་པེ་ཊིར་ཧཱན་ཌིག(Peter Handke)ལགས་གཉིས་ལ་ཐོབ་ཡོད་འདུག

རྩོམ་པ་པོ་ལྕམ་ཨོལ་གྷ་ཊོ་ཁཱར་ཛོག་ལགས་ནི་ཕྱི་ལོ་ ༡༩༦༢ ལོའི་ཟླ་ ༡ ཚེས་ ༢༩ ཉིན། པོ་ལའེ་ཤིའི་སཱོ་ལེ་ཁཱོ་(Sulechów)གྲོང་སྡེ་རུ་སྐྱེས་ཡོད་པ་དང་། ཁོ་མོ་ནི་རྩོམ་པ་པོ་ཞིག་དང་སྙན་ངག་པ་ཞིག གློག་བརྙན་འཁྲབ་གཞུང་རྩོམ་པ་པོ་དང་སེམས་ཁམས་རིག་པ་ཞིག་ཡིན་པ་དང་། ཁོ་མོས་པོ་ལན་ཊིའི་ཝར་སོ་(The University of Warsaw)གཙུག་ལག་སློབ་གཉེར་ཁང་དུ་སེམས་ཁམས་རིག་པའི་ཐོག་སློབ་འཁྲིད་བྱེད་ཞོར། དཔེ་དེབ་(Flights)དང་(The Books of Jacob)དང་(Primeval and Other Times)སོགས་སྙན་ངག་དང་བརྩམ་སྒྲུང་གི་དེབ་གྲགས་ཅན་ཁག་ཅིག་བརྩམས་ཡོད་པ་དང་། ཁོ་མོར་དེ་སྔོན་རྒྱལ་སྤྱིའི་དཔེ་དེབ་གཟེངས་རྟགས་དང་ནའེ་ཁེ་(Nike Literary Award)རྩོམ་རིག་གཟེངས་རྟགས། ཝེ་ནའེ་ཁྰ་རྒྱལ་སྤྱིའི་རྩོམ་རིག་དུས་སྟོན་(Vilenica International Literary Festival)གཟེངས་རྟགས་སོགས་ཐོབ་ཡོད་པ་དང་། ཁོ་མོ་ནི་དུས་རབས་འདིའི་ཆེས་འཆར་ཡན་རིང་ལུགས་ཀྱི་སྒྱུ་རྩལ་ནུས་པ་ལྡན་པའི་རྩོམ་པ་པོ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་འདུག

རྩོམ་པ་པོ་སྐུ་ཞབས་པེ་ཊིར་ཧཱན་ཌིག་ལགས་ནི་ཕྱི་ལོ་ ༡༩༤༢ ལོའི་ཟླ་ ༡༢ ཚེས་ ༦ ཉིན། ཨོ་སི་ཊི་རི་ཡའི་གྷི་རེ་ཧྥན(Griffen)གྲོང་སྡེ་རུ་སྐྱེས་ཤིང་། ཁོང་ནི་རྩོམ་པ་པོ་དང་འཁྲབ་གཞུང་རྩོམ་པོ་ཞིག་ཡིན་པ་དང་། ཁོང་གིས་ད་བར་དངོས་ཡོད་འཚོ་བ་གཞིར་བཞག་ནས་རྩོམ་བྲིས་ཡོད་པ་དང་། ཁོང་གི་རྩོམ་ཡིག་ཁག་ནས་མིའི་རིགས་ཀྱི་འཚོ་བའི་ཉམས་མྱོང་དང་བྱ་དངོས་སོགས་ཀྱི་དངོས་ཡོད་འཚོལ་ཞིབ་ཀྱི་ཁྱད་ཆོས་ལྡན་པ་དང་། མི་མང་པོ་ཞིག་གིས་ཁོང་གི་བརྩམ་ཆོས་ལ་མི་སེམས་ཀྱི་དངོས་ཡོད་མཚོན་ཐུབ་པའི་གདེངས་འཇོག་ཆེན་པོ་བྱེད་བཞིན་ཡོད་འདུག ཁོང་གིས་ཕྱི་ལོ་ ༡༩༧༢ ལོར་ཁོ་རང་གི་ཨ་མའི་མི་ཚེའི་ལོ་རྒྱུས་གཞིར་བཞག་ནས་རྨི་ལམ་ལས་འདས་པའི་སྡུག་བསྔལ་ཞིག(A Sorrow Beyond Dreams)ཅེས་པའི་དངོས་ཡོད་ལོ་རྒྱུས་བརྩམས་སྒྲུང་ཞིག་བྲིས་ཡོད་འདུག

 

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༡༠/༡༠

Leave a Reply