གཞོན་ནུ་མ་བརྒྱད་ཧི་མ་ལ་ཡའི་མཛངས་མ་འགྲན་སྡུར་ནང་ཞུགས།

སང་ཉིན་སྐབས་བདུན་པའི་ཧི་མ་ལ་ཡའི་མཛངས་མ་བདམ་རྒྱུ་ཡིན་པས་གཞོན་ནུ་མ་བརྒྱད་གཟུགས་བྱད་ཆས་གོས་དང་རིག་རྩལ་འཇོན་ནུས་སོགས་བསྡུར་བར་བསླེབས་འདུགདེ་རིང་ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ ཐོག དྷ་སའི་སྦག་སུ་གསོལ་མགྲོན་ཁང་དུ། སྐབས་བདུན་པའི་ཧི་མ་ལ་ཡའི་མཛངས་མ་འགྲན་སྡུར་མགོ་འཛུགས་ཀྱི་གསར་འགོད་གསལ་བསྒྲགས་བྱས་སོང་བ་དང་། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གྱི་ཕྱི་དྲོར་དྷ་སའི་ཀ་ལབ་གསོལ་མགྲོན་ཁང་ (Club House) དུ་མཐའ་མའི་དཔྱད་འདེམས་ཀྱི་མཛད་སྒོ་འཚོགས་རྒྱུ་ཡིན་འདུག་ལ། འདི་ལོའི་འགྲན་སྡུར་ནང་གཞོན་ནུ་མ་ ༨ ་མཉམ་ཞུགས་བྱས་འདུག

མཛངས་མ་འགྲན་སྡུར་ལ་རིམ་པ་ལྔ་ཡོད་པའི་དང་པོ་ཧི་མ་ལ་ཡ་རི་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་མི་མང་འཆམ་མཐུན་ཡོང་ཐབས་ཀྱི་བརྗོད་གཞིའི་ཐོག་ནས་གཏམ་བཤད་དང་། གཉིས་པ་གླུ་གཞས་སྒྱུ་རྩལ་འཁྲབ་སྟོན། གསུམ་པ་རྟིང་རྩོད་འགྲན་སྡུར་ཉིན་ལྟད་མོ་བ་རྣམས་ལ་འགྲན་ཞུགས་པ་རང་ཉིད་ངོ་སྤྲོད། བཞི་བ་འགྲན་ཞུགས་པ་སོ་སོའི་ཐུན་མིན་གྱི་གྱོན་ཆས་འགྲེམ་སྟོན། ལྔ་པ་གཟུ་དཔང་པའི་དྲི་བར་ལན་འདེབས་བཅས་བྱ་དགོས་པ་དང་། དེ་རིང་ཕྱི་དྲོ་ནས་བཟུང་སང་ཉིན་ཆུ་ཚོད་ ༥ ཙམ་བར་དུ་དྲ་ཐོག་ནས་ཐད་ཀར་འགྲན་ཞུགས་པ་རྣམས་ལ་མི་མང་ངོས་ནས་འོས་བསྡུ་བྱེད་པའི་ལས་རིམ་ཞིག་ཀྱང་འདུག འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་མཁན་ལ་བྱ་དགའ་ཧིན་སྒོར་འབུམ་གཅིག་དང་། ཨང་གཉིས་པར་ཧིན་སྒོར་ཁྲི་ལྔ། ཨང་གསུམ་པར་ཧིན་སྒོར་ ༢༥༠༠༠ བཅས་སྤྲོད་རྒྱུ་ཡིན་འདུག

འདི་ལོའི་འགྲན་བསྡུར་ནང་ཞུགས་པའི་གཞོན་ནུ་མ་བརྒྱད་ནི། བལ་ཡུལ་ནས་ཡོང་བའི་རང་ལོ་ ༢༥ ཅན་གྱི་ (Babita Rai) དང་། ཧི་མ་ཅལ་མངའ་སྡེའི་མན་ཌི་རྫོང་ཁོངས་ནས་ཡིན་པ་རང་ལོ་ ༢༣ ཅན་ (Damini Rawat)དང་། རང་་ལོ་ ༢༣ ཅན་(Karuna Verma)།  དེ་བཞིན་རང་ལོ་ ༢༠ ཡིན་པའི་ (Sapna Devi)། རང་ལོ་ ༢༡ ཡིན་པའི་ (Upasana Kaushal)བཅས་དང་། གཞན། ཇམ་བྷ་རྫོང་ཁོངས་ནས་ཡིན་པའི་རང་ལོ་ ༢༤ ཅན་ (Santosh Kumari) ། ཀང་ར་རྫོང་ཁོངས་ནས་ཡིན་པ་རང་ལོ་ ༢༡ ཅན་ (Shalika Rana)དང་། རང་ ལོ་ ༢༢ ཡིན་པའི་ (Shrutika Sharma) བཅས་རེད་འདུག

འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་གསར་འགོད་པར། ཧི་མ་ལ་ཡའི་མཛངས་མ་འགྲན་སྡུར་གྱི་དགོས་པ་རྒྱུ་མཚན་གཙོ་བོ་གསུམ་ཏེ། ཧི་མ་ལ་ཡ་རི་རྒྱུད་ཀྱི་མི་མང་འཆམ་མཐུན་ཡོང་ཐབས་དང་། བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་ཐབས། དེ་བཞིན་ཧི་མ་ལ་ཡའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཡོང་བཅས་ལ་དམིགས་པ་ཞིག་ཡིན་པ་དང་། ད་ཆར་བལ་ཡུལ་དང་ལ་དྭགས། ཨ་རུ་ན་ཅལ་སོགས་ནང་མི་རིགས་དང་ཆོས་ལུགས་ཕན་ཚུན་བར་ཡོང་བཞིན་པའི་དཀའ་རྙོག་སེལ་ཐབས་ནི། ཁ་ནས་འདྲ་ཆགས་ཆགས་ཤིག་གསུངས་པ་ཙམ་མིན་པར་ཁ་ཡོད་ལག་ཡོད་ཀྱིས་མི་མང་འཆམ་མཐུན་དང་། སྤྱི་ཚོགས་འབྲེལ་ལམ་ཡར་རྒྱས་གཏོང་བར་མཛངས་མ་འགྲན་སྡུར་ལྟ་བུའི་སྤྱི་ཚོགས་བྱེད་སྒོ་ཁག་ལ་བརྟེན་དགོས་སྐོར་བརྗོད་སོང་།

 གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༠/༡༡

Leave a Reply

One thought on “གཞོན་ནུ་མ་བརྒྱད་ཧི་མ་ལ་ཡའི་མཛངས་མ་འགྲན་སྡུར་ནང་ཞུགས།

  1. གཞུང་པ་ཚེ་དབང་བསོད་ནམས

    མཛངས་མ་དང་མཛེས་མ་དོན་གཅིག་མིང་གི་རྣམས་གྲངས་ལ་ངོས་འཛིན་ཞུས་ན་འགྲིག་གི་ཨ་ཡོད།
    མཛངས་མའི་ཡོན་ཏན་དང་མཛེས་མའི་ཡོན་ཏན་གཉིས་མཉམ་དུ་ངོས་འཛིན་ཞུས་ན་འགྲིག་གི་ཨ་ཡོད།