སྟག་འཚེར་ལ་མཇལ་སྐོར་དུ་ཕྱིན་པར་ཉེས་ཆད་བཅད།

མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་མ་ཁག་ཅིག་༧གོང་ས་རྒྱལ་བ་རིན་པོ་ཆེའི་འཁྲུངས་གཞིས་སྟག་འཚེར་དུ་མཇལ་སྐོར་ལ་ཕྱིན་པར་བརྟེན་སློབ་མ་ཚོར་ཉེས་ཆད་ཉེན་བརྡ་བཏང་ཡོད་འདུགའདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར། ཉེ་སྔོན་ཕྱི་ཟླ་ ༩ ཟླ་མཇུག་ཙམ་ལ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་ཁག་ཅིག་སྟག་འཚེར་གྲོང་ཚོའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་གཞིས་སུ་མཇལ་བར་ཕྱིན་པར་བརྟེན། སློབ་གྲྭའི་འཛིན་སྐྱོང་ནས་སློབ་མ་དེ་དག་ལ་ཉེས་ཆད་འདྲ་མིན་བཅད་ཡོད་པ་མ་ཟད། སློབ་མ་དེ་དག་སློབ་ཆེན་ནས་གནས་དབྱུང་གཏོང་རྒྱུ་ཡིན་པ་སོགས་ཀྱི་ཉེན་བརྡ་བཏང་ཡོད་ཀྱང་། ཉེས་ཆད་ག་རེ་བཅད་ཡོད་མེད་སོགས་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མི་འདུག

འདི་གའི་གསར་འགོད་པས་འབྲེལ་ཡོད་ཅིག་ལ་དེའི་སྐོར་སྐད་ཆ་དྲིས་པར་ཁོང་གིས། སློབ་གྲྭའི་འཛིན་སྐྱོང་ནས་སློབ་མ་ཚོར་འདྲི་རྩད་དང་ལྟ་རྟོག་སོགས་བྱས་ཡོད་པ་མ་ཟད། རྗེས་ཕྱོགས་དེ་ལྟར་བྱས་ཚེ་སློབ་གྲྭ་ནས་ཕྱིར་འབུད་གཏོང་རྒྱུ་ཡིན་པའི་ཉེན་བརྡ་སོགས་བཏང་ཡོད་ན་ཡང་། ད་ལྟའི་ཆར་གནས་ཚུལ་ག་རེ་ཆགས་ཡོད་མེད་ཤེས་མ་སོང་། སྤྱིར་བཏང་སྟག་འཚེར་དུ་འགྲོ་བར་ངེས་པར་དུ་ཐོབ་ཐང་དཔང་ཡིག་ཐོ་འགོད་དགོས་པ་སོགས་ཁུལ་དེར་འགྲོ་བར་བཀག་བསྡོམས་ཤུགས་ཆེན་བྱེད་བཞིན་ཡོད་རེད། ཅེས་བརྗོད་བྱུང་།

བོད་མིའི་ཁྲིམས་གླེང་སྐད་འཕྲིན་དྲ་ལམ་དུ་གནས་ཚུལ་དེ་ཁྲིམས་དང་མི་མཐུན་པ་དང་སློབ་མའི་མི་ལུས་རང་དབང་གི་ཐོབ་ཐང་དང་འགལ་ཡོད་ལུགས་ཀྱི་དཔྱད་གླེང་སྤེལ་ཞིག་འདུག་པས། འདི་གའི་གསར་འགོད་པས་ཁྲིམས་གླེང་དྲ་རྒྱའི་བདག་པོར་གནས་ཚུལ་དེའི་སྐོར་དྲིས་པར་ཁོང་གིས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་ཡིག་སྡེ་ཁག་གི་སློབ་མ་ཁག་ཅིག་༧གོང་ས་རྒྱལ་བ་རིན་པོ་ཆེའི་འཁྲུངས་གཞིས་སུ་མཇལ་སྐོར་ལ་སོང་ནས་གནས་ཚུལ་དེ་བྱུང་ཡོད་པ་དང་། གནས་ཚུལ་དངོས་སུ་བྱུང་ཡོད་ན་ཡང་སློབ་མ་སུ་སུ་ཡིན་པ་དང་། ཟླ་ཚེས་ག་དུས་ཤིག་ལ་བྱུང་བ་སོགས་ཞིབ་ཕྲ་ཤེས་མ་སོང་། གནས་ཚུལ་མཁོ་སྤྲོད་པས་སློབ་མ་དེ་དག་གི་ཐོབ་ཐང་ཁྲིམས་ཀྱི་ཐོག་ནས་སྲུང་སྐྱོབ་ག་འདྲ་དགོས་སྐོར་ལས་གཞན་གསལ་བོ་བཤད་མ་སོང་། ང་ལ་སློབ་གྲྭའི་ངོས་ནས་སློབ་མ་ཚོར་ཉེས་ཆད་དང་ཉེན་བརྡ་རིགས་གཏོང་གི་ཡོད་སྐོར་བརྗོད་པ་ལས། ཉེས་ཆད་ག་རེ་བཅད་ཡོད་མེད་སོགས་ཀྱི་ཡིག་ཆ་རིགས་སྐུར་མ་བྱུང་ལ། ངས་ཁོ་ཚོར་ཁྲིམས་ཐོག་ནས་ག་འདྲ་ཁོ་ཚོའི་ཐོབ་ཐང་སྲུང་སྐྱོབ་དགོས་མིན་གྱི་ལམ་སྟོན་ཞིག་ཡིག་ཐོག་ལ་བྲིས་ནས་བསྐུར་ཡོད་པ་ལས་གཞན་གང་ཡང་ཤེས་མ་སོང་། ཞེས་བརྗོད་བྱུང་།

ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ལམ་སྟོན་དེའི་ནང་། གལ་ཏེ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་མགོ་འཁྲིད་ཁག་ཅིག་གིས་སློབ་མ་ཚོ་སྟག་འཚེར་ལ་ཕྱིན་པ་དེ་ཙམ་གྱིས་ཉེན་བརྡ་གཏོང་བ་དང་། ནོར་རྟགས་རྒྱག་པ་དང་སློབ་གྲྭར་བཞག་སྟེ་ལྟ་རྟོག་རིགས་བྱེད་པའམ་སློབ་གྲྭ་ནས་གནས་དབྱུང་བཏང་བ་སོགས་ཀྱི་ཉེས་ཆད་བཅད་པ་ཡིན་ན། ཁྱེད་ཅག་གིས་མཐོ་རིམ་སློབ་ཆེན་ཕལ་བའི་སློབ་མ་དོ་དམ་གྱི་གཏན་འབེབ་ཁྲིམས་ཡིག་དོན་ཚན་ ༥༩ དང་ ༦༥ གཏན་འཁེལ་ལྟར། དུས་ལྟར་འབྲེལ་ཡོད་ལས་ཁུངས་ལ་སྙན་ཞུ་ཕུལ་ནས་ཐག་གཅོད་བྱེད་དུ་འཇུག་དགོས་པ་དང་། སློབ་ཆེན་གྱིས་བཅད་པའི་ཉེས་ཆད་ལ་ཁྲིམས་ལུགས་ཀྱི་གཞི་འཛིན་ས་མེད་པའི་རྒྱུ་མཚན་གྱིས་ཕྱིར་འཐེན་དགོས་པའི་གཏུག་བཤེར་བྱ་ཆོག་སྐོར་བརྗོད་འདུགཡང་ཁོང་གིས་དེ་དང་འབྲེལ་ནས་མི་ལུས་རང་དབང་གི་ཐོབ་ཐང་ཞེས་པའི་ཡེ་གེ་ཞིག་སྤེལ་བའི་ནང། སློབ་ཆེན་གྱིས་སློབ་མ་རྣམས་ལ་ཉེན་ཆད་བཅད་པ་དེ་ཁྲིམས་དང་མི་མཐུན་པ་ནི། སློབ་མ་རྣམས་ཆབ་སྲིད་དང་རིག་གནས་སོགས་འབྲེལ་ཡོད་ཡུལ་གནས་སུ་ལྟ་སྐོར་དུ་འགྲོ་བ་ནི་སློབ་མ་ཚོའི་མི་ལུས་རང་དབང་གི་ཁོངས་སུ་གཏོགས་པའི་རྩ་ཁྲིམས་ཀྱི་ཐོབ་ཐང་དང་སློབ་གསོ་རིག་གནས་ཀྱི་ཐོབ་ཐང་ཡིན་པ་དང་། ཐོབ་ཐང་དེ་དག་ལ་ཁྲིམས་ལུགས་ཀྱི་གཞི་འཛིན་ས་མེད་པར་ཚོད་འཛིན་དང་བཀག་འགོག་བྱས་ཚེ་དེ་ནི་རྩ་ཁྲིམས་མ་ཟད། དམངས་ཁྲིམས་དང་ཉེས་ཁྲིམས་སོགས་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་པ་དང་། རྩ་ཁྲིམས་ཀྱི་དོན་ཚན་ ༣༧ པའི་ནང་སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་གནད་འཚེ་བྱས་མི་ཆོག་པ་དང་ཁྲིམས་འགལ་གྱིས་མི་གཞན་གྱི་མི་ལུས་རང་དབང་ལ་བཀག་འགོག་དང་། ཐབས་ལམ་གཞན་ལ་བརྟེན་ནས་སྤྱི་དམངས་ཀྱི་མི་ལུས་རང་དབང་འཕྲོག་ལེན་གཏན་ནས་བྱ་མི་ཆོག་ཅེས་གཏན་འབེབ་གསལ་བོ་བྱས་ཡོད། ཅེས་བཀོད་འདུག

ཡང་ཁྲིམས་གླེང་གི་ལམ་སྟོན་དེའི་ནང་དུ། དམངས་ཁྲིམས་སྟེང་ནས་བཤད་ན། སློབ་ཆེན་སློབ་མ་ནི་རང་རྐྱ་ཐུབ་པའི་མི་ཡིན་པས་སློབ་ཆེན་ལ་སློབ་མར་ལྟ་སྐྱོང་གི་ཐོབ་ཐང་མེད་པས། སློབ་ཆེན་སློབ་མ་མཇལ་སྐོར་དུ་འགྲོ་བའི་མི་ལུས་རང་དབང་ལ་ཚོད་འཛིན་བྱས་ན་སློབ་མའི་མི་ལུས་ཐོབ་ཐང་ལ་གནོད་པའི་བྱ་སྤྱོད་ཡིན་པ་དང་། གཞན་ཕྱི་ལོ་ ༢༠༡༣ ལོར་རྒྱལ་ཁབ་ཀྱིས་མ་དངུལ་རྒྱ་སྒོར་ས་ཡ་གཉིས་དང་ཕྱེད་ཀ་བཏང་སྟེ་སྟག་འཚེར་གྱི་༧གོང་ས་རྒྱལ་བ་རིན་པོ་ཆེའི་འཁུངས་གཞིས་ལ་ཞིག་གསོ་བྱས་ཏེ། ཡུལ་ཕྱོགས་ཀུན་གྱི་མཇལ་སྐོར་བ་ཚོ་གནས་མཆོག་དེར་མཇལ་དུ་འགྲོ་བར་བཀག་འགོག་བྱས་མེད་པས། མི་གཞན་མཇལ་སྐོར་ལ་འགྲོ་མི་ཆོག་པའི་གནས་ཤིག་ལ་རྒྱལ་ཁབ་ཀྱིས་དངུལ་འབོར་ཆེན་བཏང་ནས་ཞིག་གསོ་བྱེད་མི་སྲིད་པ་དང་། ཡང་གུང་ཁྲན་ཏང་ཡོན་ཁྲི་འབུམ་དམར་གསོད་བྱེད་སའི་གོ་མིན་ཏང་གི་དམག་སྤྱི་ཅང་ཅེ་ཧྲི་ཡི་སྐྱེས་གཞིས་ལ་སྤྱི་དམངས་རིས་སུ་མ་ཆད་པ་ལྟ་སྐོར་ལ་འགྲོ་བར་བཀག་འགོག་མེད་པ་དང་། དམར་དམག་དང་རྒྱ་བོད་སོག་གསུམ་གྲངས་ལས་འདས་པ་བསད་པའི་ཟི་ལིང་གི་མཱ་ཇག་གི་ཁང་གཞིས་ལ་ལྟ་སྐོར་བྱེད་པར་སྲིད་གཞུང་གིས་མི་འགོག་ན། སློབ་ཆེན་སློབ་མ་རྣམས་སྟག་འཚེར་དུ་མཇལ་སྐོར་ལ་འགྲོ་བར་འགོག་པའི་དབང་ཆ་སུ་ཞིག་ལའང་མེད་སྐོར་སོགས་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༡༠/༡༤

Leave a Reply

One thought on “སྟག་འཚེར་ལ་མཇལ་སྐོར་དུ་ཕྱིན་པར་ཉེས་ཆད་བཅད།

  1. ཆབ་ཚང་འཇམ་དཔལ།

    བོད་ཀྱི་དུས་བབ་གསར་ཤོག་ཐོག་ཡིག་སྐྱོན་ཧ་ཅང་མང་པོ་སླེབས་བཞིན་འདུག་སྟབས། དེའི་ཐད་གཟབ་གཟབ་གནང་དགོས་པ་ཧ་ཅང་གལ་ཆེན་པོ་མཐོང་སྟབས་འདིར་ཞུས་པ་ཡིན། གསར་འགྱུར་འདིར་ ༼ལྟག་མཚེར་༽ ལ་༼སྟག་འཚེར་༽ དང་༼སྟག་འཚེ་༽ སོགས་འདྲ་མིན་གང་བྱུང་གིས་བྲིས་འདུག་པ་ལྟ་བུ་རེད།