༧གོང་ས་མཆོག་ལ་རྒྱལ་སྤྱིའི་གྷན་དྷི་ཞི་བདེའི་གཟེངས་རྟགས་འབུལ་དགོས་པའི་འབོད་སྐུལ་གནང་།

རྒྱ་གར་གཞུང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཊི་ར་ཊི་ནཱ་འབུལ་མ་ཐུབ་ནའང་རྒྱལ་སྤྱིའི་གྷན་དྷི་ཞི་བདེའི་གཟེངས་རྟགས་འབུལ་ཐུབ་དགོས་སྐོར་གསུངས་སོང་།དེ་རིང་ཉིན་རྒྱབ་ཆུ་ཚོད་ ༡༢།༣༠ ཐོག་བཞུགས་སྒར་དྷ་སའི་མངའ་སྡེ་གཞུང་གི་མགྲོན་ཁང་ཡ་ཏྲི་ནི་ཝ་སི་(The Yatri Niwas Hotel) མགྲོན་ཁང་དུ། ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཝི་ཇེ་སིང་(Vijay Singh Makotia)མཆོག་གིས་གསར་འགོད་ལྷན་ཚོགས་ཤིག་བསྡུས་པའི་ཐོག ཁོང་ཉིད་ནས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་འདི་ལོར་སེམས་དཔའ་ཆེན་མོ་གྷན་དྷིའི་འཁྲུངས་སྐར་སྐབས་ ༡༥༠ པ་དང་བསྟུན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱལ་སྤྱིའི་གྷན་དྷི་ཞི་བདེའི་གཟེངས་རྟགས་(International Gandhi Peace Prize) འབུལ་དགོས་པའི་རེ་འདུན་ཞུ་ཡིག་ཅིག་ཕུལ་ཡོད་སྐོར་གསུངས་སོང་།

གསར་འགོད་ལྷན་ཚོགས་སྟེང་སྐུ་ཞབས་ཤྲི་ཨ་ཇེ་སིང་མཆོག་གིས། འདས་པའི་ལོ་གཉིས་སྔོན་ནས་ང་ཚོས་དྷ་རམ་ས་ལ་དང་ལྡི་ལིར་རྒྱ་གར་གཞུང་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་བྷ་རཏ་རཱཏ་ནཱ་གཟེངས་རྟགས་འབུལ་དགོས་པའི་རེ་འདུན་བཏོན་པ་དེ་ད་བར་འགྲུབ་མེད་ཀྱང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དུས་རྒྱུན་དུ་རྒྱལ་སྤྱིའི་སྡིངས་ཆ་སོགས་ཀྱི་སྟེང་དུ་སེམས་དཔའ་ཆེན་པོ་གྷན་དྷིའི་འཚེ་མེད་དང་ཞི་བདེ། མཐུན་སྒྲིལ་བཅས་ཀྱི་དགོངས་བཞེས་ཕྱག་བསྟར་མཛད་ཀྱི་ཡོད་སྐོར་གསུང་གི་ཡོད་པ་དང་། དོན་དངོས་ཐོག་ལའང་ད་ལྟའི་དུས་འདིར་གྷན་དྷིའི་དགོངས་བཞེས་སྒྲུབ་མཁན་ཁོང་ལས་ལྷག་པ་ཞིག་འཛམ་གླིང་འདིའི་ནང་མེད་སྟབས། སྲིད་བློན་མུ་དྷི་མཆོག་ནས་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༧ ནས་༨ བར་དྷ་རམ་ས་ལར་འཚོག་འཆར་ཡོད་པའི་གོ་ལའི་མ་འཛུགས་ལྷན་ཚོགས་ (Global Investors Meet) ཀྱི་མཛད་སྒོའི་སྟེང་། འདི་ལོའི་རྒྱལ་སྤྱིའི་གྷན་དྷི་ཞི་བདེ་གཟེངས་རྟགས་དེ་ཉིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འབུལ་རྒྱུར་དགོངས་བཞེས་གནང་རོགས་ཞུ་རྒྱུ་ཡིན། ཞེས་དང་། ད་ལྟའི་ཆར་འཛམ་གླིང་འདིའི་ནང་༧གོང་ས་མཆོག་ལ་རྒྱལ་ཁབ་ཀྱི་ཆེས་མཐོའི་གཟེངས་རྟགས་འབུལ་མྱོང་མེད་པའི་དམངས་གཙོའི་རྒྱལ་ཁབ་ཅིག་མེད་ཀྱང་། རྒྱ་གར་དེའི་ཐད་རྗེས་ལུས་ཐེབས་ཡོད་སྟབས། སྲིད་བློན་མུ་དྷི་མཆོག་ནས་འཇིགས་ཞུམ་མེད་པའི་ཐོག་ནས་ཁོང་ལ་འདི་ལོའི་གྷན་དྷི་ཞི་བདེའི་གཟེངས་རྟགས་འབུལ་དགོས་སྐོར་སོགས་གསུངས་སོང་།

སྐུ་ཞབས་ཤྲི་ཨ་ཇེ་སིང་མཆོག་གིས་སྲིད་བློན་མུ་དྷི་མཆོག་ལ་སྤྲིངས་པའི་ཞུ་ཡིག་ནང་དུའང་། ངས་ཆེས་བློ་ཕམ་བྱ་ཡུལ་ཞིག་ནི། ང་ཚོས་རྒྱ་གར་ནང་དུ་བཞུགས་པའི་འཛམ་གླིང་གི་ཞི་བདེའི་ཕོ་ཉ་ཞིག་གི་ཕྱག་ལས་ཁྱད་དུ་འཕགས་པ་དེ་ངོས་འཛིན་བྱ་རྒྱུར་འཛེམ་ཟོན་བྱེད་བཞིན་པ་དེ་ཡིན། ནོ་སྦེལ་གཟེངས་རྟགས་ཐོབ་མཁན་དང་ཆོས་ལུགས་ཀྱི་དབུ་འཁྲིད་ཁོང་ཉིད་ཀྱིས་སྐུ་ཚེ་གང་བོར་རྒྱ་གར་ནང་འགྲོ་བ་མིའི་བདེ་སྡུག་ཐད་ཕྱག་ལས་མཛད་དེ། ང་ཚོ་དང་འཛམ་གླིང་གི་སྐྱེ་བོ་གཞན་རྣམས་སེམས་དཔའ་ཆེན་པོ་གྷན་དྷིའི་འཚེ་མེད་དང་། ཞི་བདེ། མཐུན་སྒྲིལ་བཅས་ཀྱི་དགོངས་བཞེས་དང་ཐག་ཉེར་ཁྲིད་ཐུབ་ཡོད། ཅེས་དང་། སྲིད་བློན་མཆོག་གི་ངོས་ནས་ཞི་བདེའི་ཕོ་ཉ་ཁོང་ལ་བྷ་ར་ཊི་ར་ཊི་ན་(Bharat Ratna)་འབུལ་རྒྱུར་དགོངས་བཞེས་གནང་རོགས་ཞུ། གལ་ཏེ་དེ་ལྟར་གནང་མ་ཐུབ་ཚེ། ཆེས་མ་མཐའ་ཡང་རྒྱལ་ཁབ་གཞན་མང་པོས་ཁོང་ལ་གཟེངས་རྟགས་འདྲ་མིན་ཕུལ་ཟིན་པ་ལྟར། རྒྱ་གར་ངོས་ནས་ཁོང་ལ་རྒྱལ་སྤྱིའི་གྷན་དྷི་ཞི་བདེའི་གཟེངས་རྟགས་འབུལ་ཐུབ་རྒྱུ་རེད། ཅེས་བརྗོད་ཡོད་འདུག

སྤྱིར་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༦ ཉིན་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་གར་གྱི་གཞུང་འཛིན་སྐབས་སྔོན་མའི་དབུས་ནང་སྲིད་བློན་ཆེན་རཱ་རྗི་ནཱ་ཋི་སིང་(Rajnath Singh)མཆོག་ལ། རྒྱ་གར་གཞུང་ངོས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཊི་ར་ཊི་ནཱ་(Bharat Ratna) འབུལ་ལམ་ཞུ་དགོས་པའི་ཞུ་ཡིག་ཅིག་ཕུལ་ཡོད་པ་དང་། ཞུ་ཡིག་དེ་ལ་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ ༢༠༠ ཡིས་རྒྱབ་སྐྱོར་མཚན་རྟགས་བརྒྱབས་ཡོད་པ་རེད།

འོན་ཀྱང་ད་བར་རྒྱ་གར་གཞུང་ངོས་ནས་དེར་ཐག་གཅོད་ཁ་གསལ་གནང་མེད་པ་མ་ཟད། དབྱེ་ཞིབ་པ་མང་པོས་འདས་པའི་ལོ་གཅིག་གཉིས་ནས་རྒྱ་དཀར་ནག་བར་ས་མཚམས་ཀྱི་རྙོག་དྲའི་རྐྱེན་པས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་རྨ་ཁ་བཟོས་ཡོད་པ་དང་། ད་ལྟ་ཕྱོགས་གཉིས་ཀས་འབྲེལ་ལམ་བསྐྱར་གསོ་ཡོང་ཐབས་བྱེད་པའི་སྐབས་འདིར། ༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་འབུལ་རྒྱུ་དེ་ནི་འབྲེལ་ལམ་ཐད་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་སྲིད་པར་བརྟེན། རྒྱ་གར་གཞུང་ནས་གཟེངས་རྟགས་དེ་ཉིད་འབུལ་ཐུབ་ཀྱི་མེད་སྐོར་གསུང་གི་ཡོད་འདུག་ལ། དེ་རིང་གི་གསལ་འགོད་ལྷན་ཚོགས་སྟེང་ལ་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་སྐུ་ཞབས་ཤྲི་ཨ་ཇེ་སིང་མཆོག་གིས། རྒྱ་གར་གཞུང་རྒྱ་ནག་གི་དཔལ་འབྱོར་སོགས་ཀྱི་གནོན་ཤུགས་ལ་ཞེད་སྣང་སྐྱེ་ཡི་ཡོད་སྐོར་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༠/༡༥

Leave a Reply

One thought on “༧གོང་ས་མཆོག་ལ་རྒྱལ་སྤྱིའི་གྷན་དྷི་ཞི་བདེའི་གཟེངས་རྟགས་འབུལ་དགོས་པའི་འབོད་སྐུལ་གནང་།

  1. 😂 😂 😂 རྒྱ་གར་གྱིིས་གཟེངས་རྟགས་ སྡུག་ཡུས་དང་ངོམ་སོ། བཙན་འབྱོལ་ལ་ ལོ་ངོ་ ༦༠ ནི་སོང་། བཙན་འབྱོལ་ནང་རྒྱུག་ཁྱི་ག་རེ་ ༧གོང་ས་མཆོག་ཁོང་སྒེར་གྱི་བཙན་འབྱོལ་ལ་གཟེངས་རྟགས་ཆེད་ཕེབས་མིན་ནམ་བསམ་གྱི་ཡོད་ས་རེད། རྒྱུག་ཁྱི་ཚོ་ རྒྱ་གར་གྱི་རྒྱལ་སྤྱི་ནང་་་ བོད་དེ་སྔ་མོ་ནས་རང་བཙན་རྒྱལ་ཁབ་རེད་ ཁ་བསང་ན་ གཟེངས་རྟགས་ངོ་མ་དེ་རེད། རྒྱུག་ཁྱི་ཚོ་་་ མིའི་རྣམ་སྤྱོད་ཡོད་ན་ཤེས་པར་བགྱིས་ལ།